གཅན་མེ་སྟག་གི་གསར་བྲིས་སྙན་ངག་ཆེད་བཀོད།

མཚན་མོའི་སྒྲ་དབྱངས།

མི་འདི་དག་སུ་སུ་རེད་དམ
ནམ་གུང་གཟུར་ནའང
མི་འདི་དག་མཚན་མོའི་ཁྲོམ་སྲང་ན
འགྲོ་བཞིནབཤད་བཞིནདགོད་བཞིན
ད་དུང་ཁྱིམ་དུ་མི་ལོག་པ་ཅི་ཡིན་ནམ
མི་འདི་དག་ཅི་ཞིག་རེད་དམ
མཚན་མོར་གྲོང་མཐའ་རུ་ཉུལ་བའི
གཅན་གཟན་སྐོར་ཞིག་དང་འདྲ་བར
མི་འདི་དག་གི་གོམ་སྒྲ
ཚུལ་ལྡན་གྱི་མི་རྣམས་ཀྱི་རྨི་ལམ་གྱི་མཐའ་རུ་
ཁྲོག་ཁྲོག་ཏུ་འགྲོ
རླངས་འཁོར་བསྐོར་ཏེ་མཚན་མོའི་ཟབ་ས་རུ་འགྲོ་བའི
མི་འདི་དག་སུ་སུ་ཡིན་ནམ
ཁོ་ཚོ་བྲེལ་བྲེལ་འཚུབ་འཚུབ་ཀྱིས
གང་དུ་འགྲོ་བ་ཡིན་ནམ
གློག་འོད་ཀྱིས་མུན་ནག་བརྟོལ་ཏེ
དུང་སྒྲ་འཛེར་འཛེར་གྱི་སྒྲ་དེས
མལ་ཁྲིའི་སྟེང་གི་མི་རྣམས
འདུག་བཟོད་མེད་པར་བྱེད
རྣ་བ་ཀེར་ཏེ་བསྡད་ནའང
མཚན་མོའི་བག་ལྷོད་ཀྱི་ལྷིང་འཇགས་ཐོས་ཐབས་བྲལ
རླུང་བུ་བསིལ་བསིལ་གྱི་སྒྲ་དབྱངས་ཐོས་ཐབས་བྲལ
ཆུ་ཐིགས་ཆལ་ཆིལ་གྱི་འབབ་སྒྲ་ཐོས་ཐབས་བྲལ
ཨ་བ་ཨ་མ་ད

ཁྱིམ་མེད་ཀྱི་ལྡོམ་པོ་དེ་དག་སུ་སུ་ཡིན་ནམ

ངས་བྲིས་པའི་སྙན་ངག་འདི་དག

ངས་བྲིས་པའི་སྙན་ངག་འདི་དག

རིང་རིང་མི་ཉན

ཐུང་ཐུང་མི་ཉན

ལྕི་ལྕི་ན་མི་མཛའ

ཡང་ཡང་ན་མི་མཛའ

གསལ་གསལ་ན་མི་ཡག

གབ་གབ་ན་མི་ཡག

སྙན་ངག་འདི་དག་ངའི་ལུས་ཕུང་གི་རིང་ཐུང་དང་མཉམ

སྙན་ངག་འདི་དག་ངའི་རྣམ་ཤེས་ཀྱི་དྲོ་གྲང་དང་མཉམ

དྲང་མོར་བཤད་ན

འདི་དག་ནི་ངའི་སེམས་ཀྱི་མཛེས་སྡུག་ཡིན

ལུས་ཀྱི་རྩ་བ་ཡིན

བརྩེ་བ་དང་ན་ཟུག་ཡིན

ངའི་མེ་ལྕེ་དང་རྨེག་མེད་ཡིན

ངའི་ཞེ་སྡང་གི་རྡོ་བ་དང་ཉམས་རྒུད་ཀྱི་ཐལ་བ་ཡིན

ངའི་འཕུར་བསྐྱོད་ཀྱི་སྒྲོ་གཤོག་ཡིན

ལྕེ་ཡིན

ངའི་ཕོ་མཚན་ལས་བཞུར་བའི་ཁུ་བ་ཡིན

རྔུལ་ཆུ་ཡིན

ང་གཏན་ནས་དགའ་མ་མྱོང་བའི་མིག་ནང་དུ་འཛུལ་བའི་བྱེ་ཟེགས་ཡིན

འཐེབ་གཞོང་སྟེང་བར་མེད་འགུལ་བའི་མཛུབ་གུ་ཡིན

དམར་ཞིང་འཕྱུར་བའི་ཁྲག་ཡིན

ཁ་ཞིང་དྭངས་བའི་མིག་ཆུ་ཡིན

གདུག་རྩུབ་དང་གཉའ་གནོན

འཕྲོག་བཅོམ་དང་གཡོ་རྫུན་གྱིས་ཁེངས་བའི

འཇིག་རྟེན་འདི་ལ་བལྟས་ཏེ

ཡོམ་ཡོམ་དུ་འདར་བའི་སེམས་པ་ཡིན

འདི་དག་ནི་སྙན་ངག་འགའ་ཞིག་ཡིན

ཡ་མཚན་དགོས་པ་ཅི་ཡང་མེད

ཡིན་ནའང འདི་དག་ནི་ངའི་ཚེ་སྲོག་ཡིན

ངའི་རེ་བ་ཡིན་ན

སྙན་ངག་འདི་དག་ཁྱོད་ཚོ་བརྒྱུད་ནས

མྱང་འདས་ཐོབ་པར་སྨོན་ལམ་འདེབས་བཞིན་ཡོད

སྙན་ངག་ཟེར་བ་དེ་རྩེད་ཆས་སྐྱིད་པོ་ཞིག་རེད།

ཁྱོད་ཀྱིས་ནམ་ལངས་རག་བར

མིག་གིས་རྩིག་ལྡེབས་ལ་ཅེར་ཏེ

ལག་པས་མགོ་བོ་སྐྱོར་ཏེ

སྐབས་རེར་མ་ཁར་སོས་བཏབས་ཏེ

མགོ་ཐོག་གི་སྐྲ་ལོ་ཡང་འབལ་ལད་ཁད་ཀྱི

སྡུག་བསྲན་དེས

ཐ་སྙད་ཀྱི་སོ་ཕག་འགའ་ཞིག

སྙན་ངག་གི་མཁར་དུ་བརྩིགས་པ་དེ

ངས་འགྲོ་ཞོར་འདུག་ཞོར་ལ

སེ་གོལ་གཏོགས་པ་གཅིག་གིས་གཏོར་བཏང་ན

ཁྱོད་ལ་མཚོན་ན

སྙན་ངག་ཟེར་བ་འདི་རྩེད་ཆས་སྐྱིད་པོ་ཞིག་ཡིན་རྒྱུ་མ་རེད

ཡིན་ནའང་ངས་གུང་ཇ་འཐུང་རག་བར་ལ

རླངས་འཁོར་བསྐོར་ཞོར་ལ

ཁྲོམ་བར་གྱི་བུ་མོ་ཚོར་ཁ་ཤུ་འདེབས་ཞོར་ལ

ལན་རེར་ཁ་པར་ལས་འདོད་གཏམ་བཤད་ཞོར་ལའང

རླངས་འཁོར་གྱི་ཨོང་ཏོའི་དུ་སྨུག་ལྟ་བུའི

ཐ་སྙད་ཀྱི་ལྡེའུ་ཟེགས་མང་པོས

སྙན་ངག་གི་རྩྭ་ཐང་འདི་གཡོགས་པར་ནུས་ན

ང་ལ་མཚོན་ན

སྙན་ངག་ཟེར་བ་འདི་རྩེད་ཆས་སྐྱིད་པོ་ཞིག་རེད

དེ་ལྟ་ནའང. ཁྱོད་ཡིད་སེམས་སྐྱོ་དོན་མེད

སང་ཉིན་ནས་བཟུང

ཁྱོད་ཀྱིས་རྒྱ་བོད་ཀྱི་བསྟན་བཅོས་དག་གི

ལ་དང་ལུང་ཟུར་ཉུལ་ཏེ

མེ་ཏོག་དང་ཁ་བཏགས་ཀྱིས་བརྒྱན་པའི

མར་མེ་དང་མངོན་བརྗོད་ཀྱིས་སྤྲས་པའི

ནེ་ཙོའི་སྒྲོ་ཐུལ་དང་ལྷན་དུ་འཛུམ་པའི

ཐ་སྙད་དང་ཡིག་འབྲི་དེ་དག་སྒུམ་འོང་ན

ངའི་རྒྱུན་ཆགས་ཀྱི་ལུང་སྐད་ལྟ་བུའི

སྨྱོ་ནད་ཀྱི་ཆགས་གཏམ་ལྟ་བུའི

སེམས་ཁྲལ་དང་ཞེ་སྡང་གིས་ཡང་ཡང་སྦགས་པའི

སྙན་ངག་གཅེར་བུ་དེ་དག

གོས་འདབས་ཀྱི་རྡུལ་བཞིན་སྤྲུགས་ཆོག་པར་མ་ཟད

ད་དུང་

གདོང་བཞིའི་གདོང་གི་པད་ཚལ་དུ།།

ངང་བའི་བུ་མོ་ཐམས་ཅད་དཀར།།

ཞེས་སྙན་ངག་གི་མཆོད་བརྗོད་ཀྱང་བརྩམས་ཆོག་ན

དེ་དུས་སུ

ཁྱོད་ལ་མཚོན་ན

སྙན་ངག་ཟེར་བ་འདི་རྩེད་ཆས་ཤིག་མིན་ན་ཅི་ཡིན

ངའི་ཨ་མ་དགུང་ལོ་བདུན་ཅུ་རེད།

ངའི་ཨ་མ་དགུང་ལོ་བདུན་ཅུ་རེད

ཨ་མའི་དབུ་སྐྲ་དགུང་ལོ་བདུན་ཅུ་རེད

ཨ་མའི་སྙན་ཤལ་དགུང་ལོ་བདུན་ཅུ་རེད

ཨ་མའི་སྤྱན་རས་དགུང་ལོ་བདུན་ཅུ་རེད

ཨ་མའི་མགྲིན་པ་དགུང་ལོ་བདུན་ཅུ་རེད

ཨ་མའི་ཚེམས་ཕྲེང་དགུང་ལོ་བདུན་ཅུ་རེད

ཨ་མའི་རྐེད་སྐབས་དགུང་ལོ་བདུན་ཅུ་རེད

ཨ་མའི་ཕྱག་དང་ཞབས

ཨ་མའི་ཁེར་རྐྱང་དང་སེམས་ཁྲལ་ཀྱང

དགུང་ལོ་བདུན་ཅུ་ཏག་ཏག་རེད

ཕྱིར་མིག་རེ་བལྟས་ན

ཕ་ཡུལ་ཧ་ཅང་ཆུང་མོད

དགུང་ལོ་བདུན་ཅུར་སྨིན་པའི་ཨ་མར་མཚོན་ན

ཕ་ཡུལ་ཧ་ཅང་ཆེ་སྟེ

དེ་ནི་འཇལ་བྱེད་ཀྱིས་འཇལ་ཐབས་བྲལ་བའི

བུ་བུ་མོའི་ཚེ་གང་གི་བཞུད་ལམ་ཡིན

ད་ལྟའང་ད་དུང

ཨ་མའི་དགུང་ལོ་བདུན་ཅུའི་ཕྲག་ཟུང་གིས

འདར་ཡོམ་ཡོམ་ངང

ང་ཡི་རྒྱང་རིང་གི་རྨི་ལམ་བཏེགས་ཡོད་ཨང

ལག་ནང་གི་བྱ་བ་ཙག་ཙིག་འདི་དག་སྒྲུབ་རྗེས

ང་ཡང་མྱུར་དུ་ཨ་མར་ཐེངས་གཅིག་མཇལ་དགོས

ང་ཡི་ཨ་མསད་དུང་དགུང་ལོ་བདུན་ཅུའི་ཕྱག་ཟུང་གིས

ཕྱུགས་འཚོ་རྩྭ་འབྲེག་དང་གོས་བཀྲུ་ཟས་གཡོ་བྱེད་བཞིན་ཡོད

ད་དུང་ཡངདགུང་ལོ་བདུན་ཅུའི་ལུས་སྟོབས་ཀྱིས

རྐེད་སྐབས་ན་བ་དངཆམ་ལུ་རྒྱག་པ

མགོ་ཡོམ་ལངས་བ་སོགས་ལ་བཟོད་བསྲན་བྱེད་བཞིན་ཡོད

ལག་སྣེ་ཡི་བྱ་བ་ཙག་ཙིག་འདི་དག་སྒྲུབ་རྗེས

ང་རང་མྱུར་དུ་ཕ་ཡུལ་ལ་ཐེངས་གཅིག་འགྲོ་དགོས

ངས་དངོས་སུ་མཐོང་མྱོང་སྟེ

ཨ་མ་མང་བོ་ཞིག་འདི་ལྟར

བུ་ཕྲུག་རྒྱང་དུ་ཕྱིན་རྗེས་ཀྱི་ས་ཁང་དོག་པོ་དེ་ན

གོམ་པ་གང་རེ་གང་རེས

དབུ་སྐྲ་ནག་པོ་ནས་དཀར་པོར་བསྒྱུར་ཞིང

སྤྱན་རས་དྭངས་གསལ་ནས་མོག་པོར་བསྒྱུར་ལ

རྐེད་སྐབས་དྲང་པོ་ནས་གུག་པོར་བསྒྱུར་ཏེ

མི་ལོ་བཅུ་ཕྲག་ལ་འཁུར་བའི་ཕ་ཡུལ་ཏེ

ས་རྡོའི་ཕུང་བོ་ཞིག་ཏུ་གཏིམས་ནས

འཇག་སྐྱའི་ཕོན་པོ་ཞིག་ཏུ་བསྣུབས་ཀྱིན་ཡོད

ཨེ་མ།དཀོན་མཆོག་ཀྱེ

ལག་སྣེ་ཡི་བྱ་བ་ཙག་ཙིག་འདི་དག་སྒྲུབ་རྗེས

ང་རང་མྱུར་དུ་ཨ་མར་ཐེངས་གཅིག་མཇལ་ཆོག་པར་ཞུ

ཨ་མའི་དགུང་ལོ་བདུན་ཅུའི་སྤྱན་ཟུང་གིས

ང་རང་ཕྱིར་ཕ་ཡུལ་དུ་ལོག་པ་མཐོང་ཚེ

དགའ་སྣང་གིས་ཁེངས་བའི་འཛུམ་དེས

ཨ་མའི་དགུང་ལོ་བདུན་ཅུའི་དཔྲལ་གཉེར་དེ་དག་ཀྱང་།

བཀྲག་མདངས་ཀྱིས་འཛུམ་པའི་མེ་ཏོག་ཅིག་ཏུ་འཚེར་ངེས

མི་རྟག་པ།

མདང་དགོང་བབས་པའི་ཁ་བ

ད་ནིངས་མི་འདུག

ད་ནིངས་འཐིབས་པའི་སྨུག་པ

ཉིན་གུང་མི་འདུག

ཉིན་གུང་འཚེར་བའི་ཉི་འོད

དགོང་མོ་མི་འདུག

ལོ་བཅུའི་སྔོན་གྱི་ཆུང་མ

ད་ལྟ་གང་ན

ཤི་སྟངས།

ཝེཁྱོད་ཟེར་བ་ཡིན

འོ་ལོས. གཡས་གྲལ་གྱི་འདུག་སྟེགས་གསུམ་པར་སྡོད་མཁན

ཁྱོད་ཡར་ལོངས་དང

ཨོདེ་རིང་སྐེ་རགས་དམ་པོར་བཅིངས་འདུག

ཧྲ་གི

དེ་རིང་ཁྱོད་ཡང་བསྐྱར་ཐེངས་གཅིག་ཤི་དགོས།

འོ་ལོས ད་ལྟས་འདི་ནས

མི་འདི་ཚོའི་མིག་ལམ་ནས་ཐེངས་གཅིག་ཤི་སྟེ

མི་དང་ཁྱི་གཉིས་ཀྱི་ཤི་སྟངས་མི་འདྲ་བའི་གནས་ལུགས

འཁྲབ་སྟོན་ཐེངས་གཅིག་བྱེད་དགོས

ཅི་ཟེར

དེ་ལ་ཁྱོད་ཀྱིས་བསམ་བློ་གཏོང་མི་དགོས

ཁྱོད་ཡང་བསྐྱར་ཐེངས་གཅིག་ཤི་སྟེ

མི་འདི་ཚོར་ཤི་བའི་སྒྱུ་རྩལ་ལ

མྱོང་རོལ་ཐེངས་གཅིག་བྱེད་དུ་འཇུག་དགོས

ཚང་མས་མཉམ་པར་ཞོགས

ཁོའི་རྐང་བ་གཉིས་ཀྱི་སྐུམ་སྟངས་དང་

ལག་པའི་ཐལ་མོ་སྦྱོར་ཚུལ་ལ་ལྟོས

ཤི་སྟངས་འདི་ནི་དད་ལྡན་ཞིག་དག་ཞིང་དུ་འགྲོ་བའི

ཐོག་མའི་ཆ་རྐྱེན་དང་རེ་སྨོན་རེད

དེ་ནས་ཁོའི་ངོ་གདོང་ལ་ལྟོས

བཙུམས་མི་ཐུབ་པའི་མིག་གཉིས་དང

གདངས་མི་གསལ་བའི་ཁ་ཆེམས་དག་ལ་ཉོན

ཤི་སྟངས་འདི་ནི་ན་ཟུག་ནས་ན་ཟུག་ཏུ་འགྲོ་བའི

མཇུག་མཐའི་ལན་ཆགས་དང་སྡུག་བསྔལ་རེད

ཝེ འུར་མ་རྒྱག

མིང་རྟགས་འགོད་འདོད་མཁན་དང

མཉམ་པར་སྐྱོན་འདོད་མཁན

གོ་རིམ་ཞིབ་ཕྲ་བྲིས་ཏེ་ཚགས་པར་དུ་འགོད་འདོད་མཁན་གྱིས

སྔོན་ལ་མིང་ཐོ་འགོད་དགོས

དེ་བས་ཀྱང་ཤི་བོ་དངོས་ལ་བཅར་འདྲི་བྱེད་འདོད་པ་དག་གིས

སྔོན་ལ་རེ་ཞུ་འབུལ་དགོས

ང་ཚོས་གཟབ་ནན་གྱིས་བསམ་བློ་གཏོང་ངེས

ཡ ད་ཆོག་གིསྐུ་ཞབས་ལགས

ཁྱོད་ཡར་བཞེངས་ཏེ་ཕྱིར་འདུག་སྟེགས་སྟེང་སྡོད་ཅིག

དེ་ནས་ཁཱ་ཧྥེ་རེ་བཞེས་དང

ཤི་བོ་ཡིན་རུང་སྐོམ་རྒྱུ་ཡོད་པ་རེད

དེ་ནས་བཟུང་ཁྱོད་ཀྱི་སེམས་བདེ་མོ་བྱོས

ང་ཚོས་ཁྱོད་ལ་ཤི་བོའེ་བདེན་དཔང་བྲིས་ཏེ

དེའི་སྟེང་ན་གཤིན་པོའི་ཐམ་ཀའང་བརྒྱབ་ཟིན

ཐེངས་རྗེས་མར་ཤི་དུས

ཁྱོད་ཆུ་ལ་ལྕེབས་པའམ

མེ་རུ་བསྲེགས་པ་གང་ཡིན་རུང་ཁྱོད་ལ་རང་དབང་ཡོད

སྐྱེས་སྐར།

རྒུན་ཆང་དམར་པོ་པི་ཙེ་ནང་བླུགས་ཏེ

རོ་བཅུད་ཕུན་སུམ་ཚོགས་པའི་སྤྲི་གོར་སྟེང

པྲ་སྒྲོན་རྐང་བཞི་སྦར་ནའང

དེ་རིང ཁྱོད་ལ་སྐྱེས་སྐར་བདེ་ལེགས་ཤོག་ཅེས

ཐལ་མོ་རྡེབ་བཞིན་གླུ་དབྱངས་ལེན་མཁན་གྱི་མགྲོན་པོ་མེད

ད་ཅི་ཞིག་བྱེད

མེ་ལོང་ནང་གི་ཁྱོད སྔར་གྱི་དེ་རེད

གདོང་འབག་འོག་གི་ཁྱོད སྔར་གྱི་དེ་རེད

མི་འདྲ་ས་གཅིག་ནི

ཁྱོད་ཀྱི་ཟླ་ངོ་གཉིས་ལ་མ་བཀྲུས་པའི་སྐྲ་ལོ་དང

ཐོད་པའི་སྟེང་གི་གཉེར་མ་ཇེ་མང་དུ་སོང་བ་དེ་རེད

ད་ཅི་ཞིག་བྱ

ཁང་མིག་འདིར ཁྱོད་ཡུན་རིང་ལ་བསྡད་རྗེས

ཡར་ལངས་ཏེ

ཡུན་རིང་སྒུགས་པའི་མགྲོན་པོ་ཞིག་བསུ་བ་ཇི་བཞིན

འོང་མཁན་མེད་པའི་སྒོ་དེ་ག་ལེར་ཕྱེས་དུས

ལོ་དུ་མའི་ཡར་སྔོན་གྱི་བསེར་བུ་ཞིག

འཁྱག་བསིལ་བསིལ་ངང་ནང་དུ་འཛུལ་ཡོང

ད་ཅི་ཞིག་བྱེད

ཉི་འོད་སྒེའུ་ཁུང་ལས་འཚེར་ཙམ་བྱས

ཁྱོད་ཀྱི་མཆུ་འགྲམ་དུ་བཙུགས་པའི་ཐ་མག་གི་མེ་དང་འདྲ་བར

ཉི་འོད་སླར་ཡང་སྒེའུ་ཁུང་ལས་འཚེར་ཙམ་བྱས

ཁྱོད་ཀྱི་མིག་མཐའ་རུ་འཁྱིལ་བའི་མཆུ་མ་དྭངས་མོ་དེ་དང་འདྲ་བར

ཁྱོད་རང་ཁེར་རྐྱང་གིས་བསྡད་དེ

པྲ་སྒྲོན་གྱི་མེ་དག་ཕུ་འདེབས་ཐེངས་གཅིག་གིས་བསད་རྗེས

ཁེར་རྐྱང་གིས་རྒས་པ་ཇི་བཞིན

ཁོར་ཡུག་གི་དབེན་སིམ་ཉིད་ལ་རོལ་མགོ་བརྩམས

ད་ཅི་བྱེད

གཉིད་ལས་སད་དུས།

གཉིད་ལས་སད་དུས

ཉི་མ་རི་རྩེ་ནས་ཤར་ཏེ

ངའི་མལ་ཁང་གི་རྩིག་ལྡེབས་ངོས་སུ

ཉི་དགའ་མེ་ཏོག་ཅིག་བྲིས་འདུག

ཡར་ལངས་ནས་བལྟ་དུས

འདབ་མ་གཅིག་ཀྱང་མི་འདུག

ཨ་ཆེན་གངས་ཐང་གི་ཁྱིམ་གཞིས།

གལ་ཏེ་ངས་ངེས་པར་དུ

སྐྱེ་བ་འདི་ལ་ཁྱིམ་གཞིས་ཤིག་བསྐྲུན་དགོས་ན

དེ་ན་ངས་ཁྱིམ་གཞིས་དེ་ཨ་ཆེན་གངས་ཐང་དུ་བསྐྲུན་རྒྱུ

ཁང་བའི་མདུན་ཕྱོགས་སུ་ཁ་བའི་ཐང་ཆེན་ཡོད་ཅིང

ཁང་བའི་རྒྱབ་ཕྱོགས་སུ་རྡོ་ཡི་རི་བོ་ཡོད་པ་ཞིག་བསྐྲུན་རྒྱུ

ཁང་བ་བཟོས་རྗེས

ངས་ཞོགས་པའི་ཉི་འོད་ཀྱིས་སྒོ་ར་ཆེན་པོ་ཞིག་བསྐྲུན་སྟེ

དེའི་ནང་དུ་ཟླ་འོད་ཀྱི་གློག་སྒྲོན་གསལ་བོ་ཞིག་འགེལ་རྒྱུ

དེའི་རྗེས་སུ

ང་གངས་ཐང་གི་ཕྱོགས་གཞི་ཉུལ་ཏེ

ངས་སྐྱེ་བ་སྔོན་མར་བོར་ཟིན་པའི་གཙོད་མ་དེ་འཚོལ་རྒྱུ

གཙོད་མ་དེ་དཔྱིད་ཀ་ལས་ལོ་གཉིས་ཀྱིས་ཆུང་ཞིང

དགུན་ཁ་ལས་ཟླ་གསུམ་གྱིས་ཆེ་ནའང

སྐྱེ་བ་འདི་ལ་མཚོན་ན

གཙོད་མ་དེ་ནི་ང་ཡི་ཆུང་མ་ཡིན་དགོས

དེའི་རྗེས་སུ

ང་ཨ་ཆེན་གངས་ཐང་གི་རྐྱང་ཁྲ་ཞིག་ལ་བཅིབས་ཤིང

གཙོད་མ་དེ་རྒྱབ་ཏུ་ཁྲིད་དེ

མདོ་དབུས་ལྕགས་ལམ་གྱི་འགྲམ་དུ་སོང་སྟེ

ལོ་མའི་མདོག་གི་མེ་འཁོར་དེ་ལ་སྒུགས་ངེས

དེའི་རྗེས་སུ

ང་དང་གཙོད་མ་གཉིས་མེ་འཁོར་ལ་བསྡད་དེ

དུས་ཚོད་དང་འཕྲུལ་སྣང་ཡོད་ཚད་རྒྱབ་ཏུ་འཁུར་ཏེ

ཀི་སྒྲ་དང་བཅས

ཕྱིར་སྐྱེ་བ་འདི་ལ་ཡོང་རྒྱུ

རྡོ།

ངས་ཁ་བ་གནོད་སྦྱིན་གངས་བཟང་གི་རི་སྐེད་ཅིག་ནས

ཁྱོད་ཀྱི་ཨུ་ཚུགས་རྙེད་དེ

མགོ་ལོག་ཏུ་ཁྱེར་འོང་བ་ཡིན

ལོ་འདི་འདྲའི་མང་པོ་ཞིག་འགོར་རུང

ང་ལ་འགྱུར་ལྡོག་གང་ཡང་མེད་ནའང

ཨ་ཧ་བོ

ཁྱོད་ད་དུང་རྙིང་ཞེན་ཆེ

མཁྲེགས་འཛིན་མང

རྗེས་སུ་ལུས

འཁྱག་གྲང་ལྡན

དེ་ལྟར་བལྟས་འོང་ན

ངས་ཁྱོད་ཁྱེར་ནས་འོང་བ་མ་ཡིན་པར

ཁྱོད་དེ རྡོ་ནག་ཁྱོད་ཀྱིས

ཁ་བ་གནོད་སྦྱིན་གངས་བཟང་གི་མིང་ཐོག་ནས

ང་མགོ་ལོག་ཏུ་ཁྱེར་འོང་བ་ཡིན་རྒྱུ་རེད

ཁུག་མའི་ནང་གི་སྙན་ངག

སྙན་ངག་གཅིག་ངའི་ཁུག་མའི་ནང་དུ་ཡོད

གལ་ཏེ་ལྡེ་མིག་དང་ལྷན་དུ་ཡོད་ན

དེ་གཉིས་ཕན་ཚུན་འཕྲད་པའི་སིང་སྒྲ་གྲགས་ངེས

གལ་ཏེ་གཙང་ཤོག་དང་ལྷན་དུ་ཡོད་ན

དེ་གཉིས་ཕན་ཚུན་ལྟེབ་ཆགས་ཤོར་ཏེ

ཕྱེད་ཀ་ཞིག་རུལ་ཡོད་ཀྱང་སྲིད

གལ་ཏེ་སྙན་ངག་གཞན་ཞིག་དང་ལྷན་དུ་ཡོད་ན

དེ་གཉིས་ག་འདྲ་ཞིག་ཏུ་འགྱུར་སྲིད་པ

ཚོད་དཔག་བྱེད་དཀའ་བ་ཞིག་རེད

སྙན་ངག་གཅིག་ཁུག་མའི་ནང་དུ་བཅུག་པ་ནི

དོང་ཙེ་ཞིག་ཁུག་མར་བསྡུས་པ་དང་འདྲ་བར

བརྗེད་སླ་ཞིང་བོར་སྲིད་པ་ཞིག་ཡིན་ནའང

སྦྲུམ་འགོག་འགྱིག་ཤུགས་འདྲ་ཡོད་ཚེ

སྙན་ངག་དེ་འགྱིག་ཤུགས་དང་འགྲོགས་ནས

ཧ་ཅང་སྤྲོ་བའི་མཚན་མོ་ཞིག་སྐྱེལ་ངེས་པ་རེད

མགོ་ལོག

རྨ་རྒྱལ་སྦོམ་རས་མགོ་བོ་དགྱེ་སྟེ

རྟ་ཕོ་རྐྱང་དམར་ཞིག་དེད་དེ་འོང

ལྷ་དང་མི་དང་བདུད་ཀྱི་གླུ་རྟ

སྔོན་གྱི་ཨ་ལ་ཐ་ལ་མ་རེད

ཡིན་ནའངརྨ་སྟོད་རྨ་སྨད་ཀྱི་རི་བོ་དེ་དག

སྔར་བཞིན་མཐོན་པོ་དག་དག་རེད

སྙན་ངག་ཕྱེད་ཀ་ཞིག

ཁོམ་དང་མི་ཁོམ་པའི་བར་གསེང་གང་རུང་ལ

ངས་སྙན་ངག་ཕྱེད་ཀ་རེ་བྲིས་ཏེ

རང་གི་ཁུག་མའི་ནང་བཅུག་ཡོད

སྙན་ངག་གཅིག་གིས་ང་དག་ཞིང་དུ་ཁྲིད་མི་ཐུབ་ལ

སྙན་ངག་གཅིག་གིས་ང་དམྱལ་བ་རུའང་འཕེན་མི་ནུས

སྙན་ངག་གཅིག་བྲིས་ཚར་ན

ངོ་ཤེས་དང་མི་ཤེས་པའི་མི་དེ་དག་གིས་ཁྱེར་འགྲོ

དགའ་དང་མི་དགའ་བའི་མི་དེ་དག་གིས་བསླངས་འགྲོ

བྲིས་མ་ཚར་བའི་སྙན་ངག་ཕྱེད་ཀ་དེ

ད་གཟོད་ཨ་ཕོ་རང་གི་ནོམ་རེད

ལྷིང་འཇགས།

ཆུ་ཐིགས་པའི་སྒྲ་མི་འདུག

ཁང་རྩེག་གི་བར་ཁྱམས་ཡོད་ཚད་དུ

གློ་ལུའི་སྒྲའམ

སྐད་ཆའི་སྒྲའམ

སྨེ་སྔགས་ཀྱི་སྒྲ་མི་འདུག

རྡོ་སྐས་སྟེང་ཡར་འགྲོ་མར་འགྲོའི་གོམ་སྒྲ་མི་འདུག

བྱིས་པའི་དགོད་སྒྲ་དང་ངུ་སྐད་མི་འདུག

ཕྱི་རོལ་དུ་རླངས་འཁོར་གྱི་དུང་སྒྲའམ

སྒྲ་སྡུད་འཕྲུལ་ཆས་ཀྱི་རོལ་དབྱངས་མི་འདུག

རླུང་གི་སྒྲའམ

ཡལ་ག་གཡོ་བའི་སྒྲའམ

ལོ་མ་འཐོར་བའི་སྒྲ་མི་འདུག

རྣ་བ་ཇི་ལྟར་ཀེར་ནའང

སེམས་ཅན་ཞིག་གི

སྙིང་ལྡིང་བའི་སྒྲའང་མི་འདུག

ཉིན་མོ་ཁ་དཀར་ངོ་དཀར་ཞིག་ལ

གཞིས་ཁུལ་ཆེན་པོ་འདི་འདྲ་ཞིག་ནས

དོན་དག་གང་ཞིག་བྱུང་བ་ཡིན་ནམ་སྙམ་བཞིན

ངའི་སྙིང་མིད་ཐག་ཁར་འཚངས་ཏེ

ཡུན་རིང་ཞིག་ལ་མར་བབ་མ་བྱུང

མགོ་ལོག

ཐ་སྙད་རེ་གཉིས་ཤིག་གནམ་མགོ་ལོག་ཏུ་གྱུར་ཡོད

ཐ་སྙད་རེ་གཉིས་ཤིག་ས་མགོ་ལོག་ཏུ་གྱུར་ཡོད

བྱེའུ་གཅིག་གམ་གཉིས་སམ་བཞི་ལྔ་ཞིག་གིས

ང་ཚོ་གླིང་གེ་སར་གྱི་དུས་རབས་དེར་ཁྲིད་ཆོག

ཁེར་རྐྱང་གི་སེམས་གཅིག་གམ་གཉིས་སམ་བཞི་ལྔ་ཞིག་གིས

ང་ཚོས་དེ་ལ་ཕྱིར་དྲན་གྱི་སྙན་ངག་གཅིག་འགྲུབ་ཆོག

ང་ཚོ་རྨི་ལམ་ལས་ངུ་ཆོགརྨི་ལམ་གྱིས

ལྷ་སྒྲུང་གི་གསང་བ་ཡོད་ཚད་ཁྱེར་ནས

གནའ་དེང་མའི་ཕ་ཡུལ་དུ་ལོག་ཆོག

ཡ་མཚན་གྱི་འཇིག་རྟེན།

ས་འདི་ན འདི་འདྲའི་ཡ་མཚན་གྱི་འཇིག་རྟེན་ཞིག་ཡོད

འཇིག་རྟེན་དེ་རུ

མི་ཡོད་ཚད་ཀྱིས་གདོངས་འབག་གྱོན་ཏེ་འཚོ་བཞིན་ཡོད

གདོང་འབག་གཅིག་ནི་དཀར་པོ་དང

གདོང་འབག་གཞན་དེ་ནག་པོ་ཡིན

གདོང་འབག་ནག་པོ་གྱོན་མཁན་ཚོ

ནམ་ཡང་པུས་མོ་ས་རུ་འཛུགས་མཁན་ཚོ་ཡིན་ལ

གདོང་འབག་དཀར་པོ་གྱོན་མཁན་ཚོ

ནམ་ཡང་མཐོན་པོའི་ཁྲི་ལ་འདུག་མཁན་ཚོ་ཡིན

གདོང་འབག་དཀར་པོ་གྱོན་མཁན་ཚོ་ཐོན་དུས

གདོང་འབག་ནག་པོ་གྱོན་མཁན་ཚོས་ངེས་པར་དུ

ལག་པས་ཐལ་མོ་སྦྱོར་དགོས་ཤིང

གདོང་འབག་དཀར་པོ་གྱོན་མཁན་ཚོས

མ་རངས་བའི་མིག་གིས་བལྟས་པ་ཙམ་ལ

གདོང་འབག་ནག་པོ་གྱོན་མཁན་ཚོ་དངངས་ཏེ

ཕྱག་དགུ་ཕྲུགས་སུ་འཚལ་བར་བྱེད

གཟུགས་མེད་ཀྱི་གོམས་སྲོལ་དེའི་དབང་གིས

མི་ལ་ལས་གདོང་འབག་གཉིས་ཀྱང་གྲ་སྒྲིག་བྱས་ཡོད་དེ

གདོང་འབག་ནག་པོ་གྱོན་དུས་གུས་གུས་ཞུམ་ཞུམ་དུ་འགྲོ་ལ

གདོང་འབག་དཀར་པོ་གྱོན་དུས་རྟ་ལྕག་ཐང་དུ་དྲུད་ནས་འགྲོ

ང་འཇིག་རྟེན་དེ་རུ་ཐོན་དུས

ང་ནི་གདོང་འབག་མེད་མཁན་དེ་ཡིན

ངས་རང་གི་ཤ་ཁྲག་གི་གྲུབ་པའི་ངོ་གདོང་གིས

འཇིག་རྟེན་དེའི་མི་ལ་འབྲེལ་འདྲིས་བྱེད་དུས

ཐོག་མར་ཁོང་ཁྲོ་སྐྱེས་མཁན་ནི

གདོང་འབག་དཀར་པོ་ཅན་དག་རེད

ཁོ་ཚོས་མདའ་ཡོད་མཁན་གྱིས་མདའ་དང

གཞུ་ཡོད་མཁན་གྱིས་གཞུ་བཀང་སྟེ

ཕ་ཤ་མ་གྱོད་ཀྱི་དགྲ་བོ་མཐོང་བ་ལྟར

ང་ལ་བརྙས

དེ་རྗེས་དངངས་སྐྲག་སྐྱེས་མཁན་ནི

གདོང་འབག་ནག་པོ་ཅན་དག་རེད

ཁོ་ཚོས་ཐོ་བ་ཡོད་མཁན་གྱིས་ཐོ་བ་དང

རྡོ་ཡོད་མཁན་གྱིས་རྡོ་འཕངས་ཏེ

ལྟ་ལོག་བསྟན་བཤིག་གི་བདུད་པོ་མཐོང་བ་ལྟར

ང་ལ་བརྙས

དེའི་དབང་གིས

གལ་སྲིད་ཁྱོད་རང་འཇིག་རྟེན་དེར་འགྲོ་ན

རང་ཉིད་གང་ལ་གཏོགས་པ་ངེས་པར་ཤེས་དགོས་ཏེ

གཡོ་དང་སྒྱུ་ལ་དགའ་མཁན་ཞིག་ཡིན་ན

གདོང་འབག་དཀར་པོ་ཞིག་ཉོས་ལ་ཤོག

ལེ་དང་ལོ་ལ་དགའ་མཁན་ཞིག་ཡིན་ན

གདོང་འབག་ནག་པོ་ཞིག་བཟོས་ལ་ཤོག

དེ་མིན་ཚེ

ས་འདི་ཕྱོགས་མ་ཡོང་ཉོལ་ལ་སྡོད

ང་མི་གཅིག་གི་གཡོག་པོ་བྱེད་འདོད།

མི་ཚེ་འདིར

ང་མི་གཅིག་གི་གཡོག་པོ་བྱེད་འདོད

ཞོགས་པ་རེ་རེར

ངས་ཁོ་མོ་གཉིད་ལས་བསླངས་ཏེ

ཆུ་དྲོན་མོ་དང་རས་འཇམ་པོ་ལག་ཏུ་སྤྲོད་ངེས

དེ་ནས་ངས་འབྲི་ཞོ་བསྐོལ་ཅིང

མར་རྩམ་བསྐྱལ་རྗེས

ངས་ཁོ་མོའི་པགས་ཚར་དང་ལྷམ་དང

ཚར་ཞྭ་དང་ཕྲེང་བ་དག་མོ་ལ་སྤྲོད་ངེས

ང་མི་གཅིག་གི་གཡོག་པོ་བྱས་རྗེས

ངས་ཁོ་མོའི་ཁང་བ་སྲུང་ཞིངསྒོ་ར་སྲུང་བ་དང

ཁོ་མོས་རི་མགོ་ནས་བཏོགས་འོང་བའི

རྩྭ་དང་མེ་ཏོག་དེ་དག་ཀྱང་སྲུང་ངེས་ལ

ངས་ལྕགས་སླང་གཅིག་དངཐུར་མ་ཆ་གཅིག

ཕོར་བ་གཅིག་སྲུང་སྟེ

ཁོ་མོ་ནམ་ལོག་ལ་སྒུག་ངེས

མུན་རུབ་འོང་དུས

ངས་འཇམ་གཉེན་གྱི་མལ་སྟན་བཏིངས་སྟེ

སྔས་འབོལ་འཇོག་པ་དང་མལ་ཐུལ་བཀབ་སྟེ

ཁོ་མོའི་རྨི་ལམ་སྐྱིད་པོ་འོང་བའི་སྨོན་ལམ་འདེབས་ངེས

མི་ཚེ་འདིར

ང་གང་ལའང་མི་འགྲོ

ང་ཁོ་མོ་གཅིག་པའི་རྗེས་སུ་འགྲོ་རྒྱུ

ཆེས་མཐའ་མཇུག་གི་མིག་བཙུམས་དུས་ཀྱང

ངས་ཁོ་མོའི་སྐ་རགས་ནས་བཟུང་སྟེ

ལྷ་ཀླུ་མི་གསུམ་གྱི་གནས་གང་རུང་དུ་འགྲོ་རྒྱུ

https://ti.tibet3.com/literature/poem/2017-11-16/23984.html

Leave a Comment

Your email address will not be published. Required fields are marked *

*