སྡེ་དགེ་དབོན་སྟོད་དགོན་ནས་མིང་རྒྱལ་རབས་སྐབས་ཀྱི་ལྡེབས་རིས་རྩ་ཆེན་གསར་རྙེད་བྱུང་བ།

གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན། (གསར་འགོད་པ།  དཀོན་མཆོག་རྡོ་རྗེ།  ཚུལ་ཁྲིམས་བཟང་པོ།  སྒྲོལ་མ་ཚེ་བརྟན།)ཉེ་ཆར།  གསར་འགོད་པས་སྡེ་དགེ་རུ་བཅར་འདྲི་བྱེད་སྐབས།  རྫོང་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་བསམ་གཏན་གྱིས་དབོན་པོ་སྟོད་ཤང་གི་དབོན་སྟོད་དགོན་དུ་ལྡེབས་རིས་རྩ་ཆེན་ལྷག་ལུས་བྱུང་ཡོད་པའི་གནས་ཚུལ་གསུངས་པས།  གསར་འགོད་པས་དོན་དེ་ཐོས་རྗེས་ཆེད་དུ་དབོན་སྟོད་དགོན་དུ་ཕྱིན་ནས་པར་ལེན་དང་བཅར་འདྲི་བྱས།

སྟོན་པ་གཙོ་འཁོར་གསུམ།

དབོན་སྟོད་དགོན་ནི་སྡེ་དགེ་རྫོང་དབོན་པོ་སྟོད་ཤང་ཕྱུག་ཐང་སྒང་གྲོང་པ་རུ་ཆགས་ཡོད་ལ།  རྫོང་དང་བར་ཐག་སྤྱི་ལེ་73ཡོད་པའི་འབྲི་ཆུའི་འགྲམ་ངོགས་སུ་ཆགས་ཡོད།  དགོན་པ་དེ་ནི་ས་སྐྱའི་ཆོས་ལུགས་གྲུབ་མཐའ་རུ་གཏོགས་ཤིང་།  སྤྱི་ལོ་1983ལོར་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་ནས་ཆོས་སྒོ་ཕྱེས།

འབྲི་ཆུའི་འགྲམ་ངོགས་སུ་ཆགས་པའི་དབོན་སྟོད་དགོན་པའི་ཟུར་ཞིག
བྱང་ཆུབ་སེམས་དཔའ།

དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་བསྒྲིགས་པའི་《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་གྱི་དགོན་པའི་ལོ་རྒྱུས།》སུ་བཀོད་པ་ལྟར་ན།  སྔ་རབས་དབོན་སྟོད་དགོན་པ་ནི་བོན་པོའི་དགོན་པ་ཞིག་ཡིན་ལ།  རྗེས་སུ་རྙིང་མའི་གྲུབ་མཐའ་རུ་བསྒྱུར་ནས་མཚན་ལ་“ལྷ་ཁང་མདའ་བསྣུན་མ་”ཞེས་གསོལ།  སྤྱི་ལོ་1276ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱ་ནག་ནས་ཕྱིར་ས་སྐྱ་དགོན་དུ་ཕེབས་སྐབས་ས་སྐྱའི་གྲུབ་མཐར་བསྒྱུར་བ་མ་ཟད།  སྡེ་དགེ་རྒྱལ་པོ་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱི་རྒྱབ་སྐྱོར་འོག་ཏུ་དགོན་པའི་འདུ་ཁང་སོགས་རྟེན་དང་བརྟེན་པ་བཅས་བཞེངས་བསྐྲུན་གནང་ཤིང་།  “རིག་གསར་”སྐབས་ཕལ་ཆེར་ཉམ་ཆག་མ་ཐེབས་པར་ལྷག་ལུས་བྱུང་ངོ་། །

རྒྱལ་བ་རིན་ཆེན་འབྱུང་ལྡན།

དབོན་སྟོད་དགོན་དུ་འདུ་ཁང་དང་ལྷ་ཁང་།  སྲུང་མ་ཁང་སོགས་ལྷ་ཁང་རྙིང་པ་འགའ་ཡོད་ཅིང་།  དགོན་པའི་ནང་དུ་རིན་ཐང་བྲལ་བའི་ལྡེབས་རིས་རྙིང་པ་གང་མང་བཞུགས།  དབོན་སྟོད་དགོན་པའི་མཁན་པོ་མཁྱེན་རབ་དབང་ཕྱུག་གིས་གསར་འགོད་པ་ཆེས་རྙིང་པའི་གནའ་རབས་ཀྱི་དཔལ་ལྡན་ལྷ་མོའི་ལྷ་ཁང་དུ་ཁྲིད་ཅིང་།  ལྷ་ཁང་དུ་སངས་རྒྱས་ཤཱཀྱ་ཐུབ་པ་དང་མགོན་པོ་འོད་དཔག་མེད།  རྒྱལ་བ་རིགས་ལྔ་དང་རྡོ་རྗེ་འཆང་།  སྒྲོལ་ལྗང་། གནས་བརྟན་བཅུ་དྲུག  ཀུན་རིག་རྩ་ལྷ་སོགས་ལྡེབས་རིས་ཁག་བཅུ་ཙམ་བཞུགས་ལ།  ལྡེབས་རིས་ཀྱི་ནང་དོན་རྒྱ་ཆེ་བ་དང་།  སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་མཚར་སྡུག་གི་འོད་ཟེར་འཕྲོ་བཞིན་མཆིས།

Green Tara
སྒྲོལ་ལྗང་།

སི་ཁྲོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ།  མིང་དུ་གྲགས་པའི་ཐང་གའི་སྒྱུ་རྩལ་པ་དཀོན་མཆོག་བསྟན་འཛིན་དང་།  དམངས་ཁྲོད་ཐང་ག་བསྡུ་ཉར་པ་ནོར་བུ།  དེ་མིན་རི་མོ་བ་གྲགས་ཅན་ལྟག་ཨོ་རྒྱན་ཆོས་འཕེལ་དང་ཡོན་ཏན་ཚེ་རིང་། དབང་ཆེན་སོགས་ཆེད་མཁས་པ་རྣམས་ཀྱིས་དབོན་སྟོད་དགོན་པའི་ལྡེབས་རིས་ལ་གདེང་འཇོག་ཚད་མཐོན་པོ་གནང་བ་མ་ཟད།  རིག་དངོས་དང་ཆོས་ལུགས་ཀྱི་འབྲེལ་ཡོད་སྡེ་ཁག་ལ་སྲུང་སྐྱོབ་བྱེད་ཐབས་དང་།  མུ་མཐུད་ནས་ལྡེབས་རིས་ཀྱི་ལོ་རྒྱུས་དང་སྒྱུ་རྩལ་རིན་ཐང་ལ་ཞིབ་འཇུག་བྱ་དགོས་པའི་འབོད་སྐུལ་གནང་བ་རེད།

མི་སྐྱོད་པ།

དགེ་རྒན་ཆེན་མོ་དཀོན་མཆོག་བསྟན་འཛིན་གྱིས་ལྷ་སྐུའི་ཆ་ཚད་དང་ཚོན་མདངས་ཀྱི་སྤུས་ཀ རི་མོའི་འབྲི་ཐབས་སོགས་ལས། ལྡེབས་རིས་འདི་ཕལ་ཆེར་དུས་རབས14ནས་15བར་ལ་བཞེངས་པ་འདྲ་འདུག་གསུངས།  ཆེད་མཁས་པ་མང་ཤོས་ཁོང་གི་གསུང་ལ་འཐད་པ་བྱུང་།  རི་མོ་བ་ཡོན་ཏན་ཚེ་རིང་དང་དབང་ཆེན་གྱིས་ཡུལ་དངོས་སུ་ཞིབ་དཔྱད་གནང་བར་བརྒྱུད་ནས།  ལྡེབས་རིས་དེ་ནི་ད་ལྟའི་བར་ས་གནས་དེ་གར་ནས་རྙེད་པའི་ཆེས་རིན་ཐང་ཆེ་བའི་བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་ཤིག་ཡིན་པ་དང་།   དེ་ནི་མིང་རྒྱལ་རབས་སྐབས་ཀྱི་ཁམས་ཕྱོགས་སྒྱུ་རྩལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་གི་ཚབ་མཚོན་རང་བཞིན་དང་། བོད་རིགས་ཀྱི་རི་མོ་སྒྱུ་རྩལ་ལ་ཞིབ་འཇུག་བྱེད་པའི་ཐད་ལ་དཔྱད་གཞིའི་རིན་ཐང་གལ་ཆེན་ལྡན་འདུག་ཅེས་གསུངས། །

རྣམ་པར་སྣང་མཛད།
ཚོགས་བདག    
སྤྱན་རས་གཟིགས།
རྡོ་རྗེ་འཆང་།  

Original Article: https://ti.zangdiyg.com/Article/detail/id/11231.html

Leave a Comment

Your email address will not be published. Required fields are marked *

*