[Video: https://mp.weixin.qq.com/s/y87_kATWKr_yLHKPQt-K3g]
འོད་ཀྱི་གཏམ་རྒྱུད།
—གྲོགས་པད་མ་ཚེ་བརྟན་ལ་ཕུལ།
ཞི་བདེ་ཉི་མ།
https://mp.weixin.qq.com/s/sHTkL94FHzgDz0Bt9QmokQ
ཁྱོད་འཛུམ་དམུལ་དམུལ།
“ཅི་རེད། ཡང་སེམས་སུ་སྐོར་ལོག་ཅིག་དྲན་ནམ”
དེ་ནི་ནམ་རྒྱུན་འུ་གཉིས་འཕྲད་དུས་ཀྱི་ཀུ་རེ་ཡིན།
“ཨ་རོགས། ད་ནི་མཛེས་མ་ཞིག་བཙལ།
སྐྱིད་པོ་ཞིག་བྱེད།
ཁྱོད་འདི་འདྲའི་གསར་ཡག་ཅིག
རང་བཞིན་དུ་རྒས་སོང་ན་འགྱོད་པ་མིན་ནམ”
ངས་དེ་ལྟར་ལབ།
ཁྱོད་འཛུམ་དམུལ་དམུལ།
“ད་སྐྱུར་ཞོག ཁྱོད་འུ་གཉིས་ལ
མཛེས་མ་མཛའ་ནི་མ་རེད”
འདི་ཡང་འུ་གཉིས་འཕྲད་དུས་ཀྱི་ཀུ་རེ་ཞིག་ཡིན།
ཐར་ལོའི་འགྲུབ་སྟོན་སྟེང་།
ངེད་གཉིས་ཕན་ཚུན་ལ་འཐམས།
“ཐེངས་འདིར་ཁྱོད་དང་མཉམ་འབྲེལ་བྱས་པ་དེ།
སྤྲོ་སྣང་ཞིག་རེད”ཟེར།
“སླད་ཕྱིན་ད་དུང་མཉམ་འབྲེལ་གྱི
སྐལ་བ་ལྡན་པར་ཤོག”
ངེད་གཉིས་ཀྱི་མིག་མཐའ་རུ་མཆི་མ་འཁོར།
2017 ལོའི་དབྱར་ཀ
ངེད་གཉིས་ཀོང་ཀྲིག་གྲོང་ཁྱེར་དུ་འཕྲད།
ལྷིང་འཇགས་ཀྱི་ཀྲུའུ་ཅང་གཙང་ངོགས་སུ།
ཁྱོད་ཇི་འདྲའི་ལྷིང་འཇགས་ཤིག
ངེད་གཉིས་ནས་ཁའོ་ཧྥེའི་ལ་རོལ།
“ཐར་ལོ་ནི་ངའི་བརྩམས་ཆོས་ནང་།
ཅུང་ལེགས་འགྲུབ་བྱུང་བ་ཞིག་རེད།
ད་དུང་ཁག་རྗེས་མ་ཞིག་ཡོང་ན་ག་འདྲ་རེད”ཟེར།
ངས“ཡག་ཐོག་ཡག་བརྩེགས་ལོས་ཡིན།
ཚོང་ལས་གློག་བརྙན་གྱི་ཐབས་ལམ་སྤྱད་ན་ལེགས”ཞེས་སྨྲས
ཁྱོད་འཛུམ་དམུལ་དམུལ།
ལོ་བཞིའི་གོང་རོལ་གྱི་མཚན་གུང་།
ཁ་པར་ཞིག་གིས་ང་གཉིད་ལས་དཀྲོག
“ང་མཚོ་སྔོན་པོའི་འགྲམ་དུ་ཐོན་ཡོད་།
ངས་གློག་བརྙན་ཞིག་ཕབ་རྩིས་ཡིན།
ཁྱོད་ཀྱིས་ངེས་པར་དུ་རོགས་ཤིག་བྱེད་དགོས”
“རོགས་ཅི་ཞིག་བྱེད་དགོས་སམ”
“མི་སྣ་སྐྱིད་པོ་སྐྱིད་པོ་ཞིག་ཡིན།
སྦྲུམ་འགོག་སྤྱིན་ཤུབས་ལ་དབུགས་རྒྱག་དགོས
ཧ་ཧ་ཧ་་”
“ཧ་ཧ་ཧ། དེ་འདྲ་ཡིན་ཚེ།
ང་ལམ་སང་སླེབས་ཡོང”
དེ་ནི་ཁྱོའི་རྩོད་གཞི་ཅན་གྱི་གློག་བརྙན“དབུགས་ལྒང”རེད།
དེ་ནི་འུ་གཉིས་ཀྱི་མཐའ་མཇུག་གི་མཉམ་འབྲེལ་ཡིན།
ཡང་གནམ་ལོ་གསར་ཚེས་ཤིག་ལ།
འུ་གཉིས་གནའ་མཁར་ཟི་ལིང་དུ་འཕྲད།
ཁྱོད་ཀྱིས་ང་ལ་འཇར་མན་གྱི་རྒུན་ཆང་ཞིག་གནངས།
“གཡང་ཕྱུག་འཚོ་དང་ཁྱོད་གཉིས་ཀྱིས།
ཐར་ལོའི་ཁག་རྗེས་མ་འཁྲབ་སོང་ཟེར་ག
ཧ་ཧ་ཧ”
“ཧ་ཧ་ཧ དེ་གར་ཆུང་ཞིག་རེད”
“ངས་བླ་བྲང་ནས་ཐོས་སོང་།
བརྙན་ཡང་མཐོང་སོང་།
ངོ་མ་ཡག་པོ་འཁྲབ་སོང”
“ཁག་རྗེས་མ་གར་ཆུང་ཞིག་གིས་ག་ལ་ཆོག”
ཁྱོད་སྔར་བཞིན་འཛུམ་དམུལ་དམུལ།
དེ་ནི་འུ་གཉིས་ཀྱི་མཐའ་མཇུག་གི་ཀུ་རེ་ཡིན།
དེ་ནི་ཁྱོད་ཀྱིས་ང་ལ་བསྟན་པའི།
མཐའ་མཇུག་གི་འཛུམ་མུལ་ཡིན།
སྐྱོ་བའི་ཞོགས་པ་འདིས་ང་ལ་བཞག་པའི།
མཐའ་མཇུག་གི་དྲན་སློང་ཡིན།
གྲོགས་པོ་ལགས། དེ་རིང་།
ངས་ཁྱོད་ཀྱི་རྗེས་མ་ཆོད་ཟེར་ནས་ངུ་སྐད་མི་འདོན།
འུ་ཅག་གི་ཡོད་ཚད་ཚར་སོང་ཟེར་ནས་བྲང་རྡུང་མི་བྱེད།
ད་དུང་ཁྱོད་ལ་གནམ་འདེགས་ཀྱི་ཀ་ཆེན་མི་ཟེར།
གངས་རི་ཡི་མཐོ་ཚད་མི་ཟེར།
འབྲོང་རྒོད་ཀྱི་འགྱིང་སྟབས་མི་ཟེར།
ཁྱོད་ནི་ངའི་སྙིང་ཉེ་བའི་གྲོགས་པོ་ཞིག་ཡིན།
ཁྱོད་ནི་དྲིན་ཅན་ཕ་མའི་གཅེས་ཕྲུག་ཅིག་ཡིན།
ཁྱོད་ནི། བོད་ལྗོངས་ཀྱི་ཆར་ཆུའི་ཁྲོད་བཏེགས་པའི།
འོད་ཀྱི་གཏམ་རྒྱུད་ཅིག་ཡིན།
2023/5/9 ཟི་ལིང་ནས།
པད་ཚེའི་འཁུན་སྒྲ་ལ་གྱེས་ཕྱག་འབུལ་བ།
ཅོ་ནེ་ཡུམ་ཚེ་རིང་།
https://mp.weixin.qq.com/s/fNKmd5aB_gis5xcZGPJ_4w
གྲོགས་པད་མ་ཚེ་བརྟན་ཁོང་གློ་བུར་སྐུ་གཤེགས་པའི་གཏམ་ངན་ཐོས་མ་ཐག་ང་ཉིན་ཧྲིལ་བོར་སེམས་སྡུག་ནས་ཅི་བྱ་གཏོལ་མེད་དུ་གྱུར། ཐ་ན་མིག་ཆུ་ཡང་རང་དབང་མེད་པར་བཞུར་བྱུང་། ང་རང་རྩོམ་རིག་གསར་རྩོམ་གྱི་ལམ་དུ་ཞུགས་པ་ནི་ཁོང་གི་ཤན་ཞུགས་པ་རེད་ཅེས་བཤད་མི་ཕོད་ཀྱང་། ངེད་གཉིས་ནི་རྒྱ་བོད་སྐད་གཉིས་ཀྱི་གསར་རྩོམ་པ་ཞིག་ཡིན་པའི་ཆ་ནས་ཕན་ཚུན་ཁ་བརྡ་མང་པོ་ཡོད་པས་ཉིས་སྟོང་མས་ཡས་ནས་རང་བཞིན་གྱིས་གྲོགས་པོར་ཆགས་ཟིན། དེ་མིན་ངས་ཁོང་གི་རྒྱ་བོད་སྐད་གཉིས་ཀྱི་བརྩམས་ཆོས་མང་པོ་བཀླགས་མྱོང་ཞིང་། ཁྱད་པར་དུ་ཁོང་གི་གློག་བརྙན་ཚང་མ་ལ་བལྟས་མྱོང་། དེའི་ཁྲོད་ཀྱི་འཁྲབ་གཞུང་རེ་འགའ་གློག་བརྙན་དུ་མ་བཟོས་གོང་ང་ལ་བསྐུར་བྱུང་བས་ཕན་ཚུན་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་ཁ་བརྡ་མང་པོ་གློད་མྱོང་། ༢༠༠༧ལོར་ཁོང་གི༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ༽ཟེར་བའི་གློག་བརྙན་དེ་པེ་ཅིན་གྱི་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་ཐོག་མར་གཏོང་དུས། ཁོས་བོང་བ་གསེར་གཟིགས་ཀྱི་ཚུལ་དུ་ང་རང་སྐུ་མགྲོན་དུ་གདན་དྲངས་པས་ངས་ཀྱང་མི་ཚོགས་ཀྱི་མདུན་ནས་གློག་བརྙན་ལ་བལྟས་པའི་མྱོང་ཚོར་ཅུང་ཟད་གླེང་མྱོང་།
ཁོང་ནམ་རྒྱུན་ཁྲིན་ཏུའུ་ལ་ཕེབས་དུས་ང་ལ་ནམ་ཞིག་ཡོང་བ་དང་རྒྱུ་མཚན་ཅི་ཞིག་གི་ཆེད་དུ་ཡོང་བ་སོགས་མི་ལབ་པར་ཐད་ཀར་མགྲོན་ཁང་གི་ཨང་རྟགས་སམ་ཟ་ཁང་ག་གེ་མོའི་ས་གནས་བསྐུར་ཡོང་བས། དེ་ནི་སྐྱེས་པ་ཕོ་གཉིས་ཀྱི་གསང་བའི་མཇལ་འཛོམས་ཤིག་དང་མཚུངས་པས། ང་རང་ཅི་ལྟར་མི་ཁོམ་ཡང་ཁོ་བཙལ་ནས་ངེད་གཉིས་ཁོའི་མགྲོན་ཁང་ནང་ནས་ཞག་འདུག་བྱེད་བཞིན་ཡོད། ཞག་འདུག་བྱས་ཐེངས་རེར་རྩོམ་རིག་དང་གློག་བརྙན་གྱི་ཕྱོགས་ནས་ཁ་བརྡ་མང་པོ་བྱས་པས་ཕལ་ཆེར་ནམ་ལངས་བཞིན་ཡོད། ནམ་རྒྱུན་ང་རང་ཆེས་སེར་སྣ་ཆེས་ཤོས་ནི་དུས་ཚོད་ཆུད་ཟོས་སུ་འགྲོ་བ་དེ་ཡིན་པས། ངས་དགོས་མེད་ཀྱི་མི་ཆེན་དཔོན་ཆེན་སོགས་ཀྱི་ཆེད་དུ་དུས་ཚོད་སྐར་མ་གང་ཡང་བརླགས་ན་མི་འདོད་ཀྱང་། པད་མའི་ཆེད་དུ་ཉིན་རེ་འགའ་ལ་ནམ་ལངས་ཐུབ། སྐབས་རེ་ངའི་བུ་ལ་ལྟ་མཁན་མེད་དུས་བུ་དང་ངེད་གཉིས་ཁོའི་མགྲོན་ཁང་དུ་ཞག་འདུག་བྱེད་བཞིན་ཡོད། ངའི་བུ་པྲ་ཚགས་ཆེ་བས་མགྲོན་ཁང་ནང་ནས་ས་ལྡིང་གནམ་ལྡིང་བྱས་པས་ཁོས་ཐེངས་འགའ་ལ་ཁྱོད་ཀྱི་བུ་རྩོམ་པ་པོ་ཞིག་ཉན་རྒྱུ་མ་རེད་ཟེར། ཐེངས་ཤིག་ཁོའི་ཆུང་མས་ཁོ་ལ་ཁྱོད་ཀྱི་བུ་འཁྲབ་ཁྲིད་པ་ཉན་ཐུབ་ན་སྡེ་ཡི་བུ་རྩོམ་པ་པོ་ཅིའི་ཕྱིར་ཉན་མི་ཐུབ་ཟེར་བས་ང་ཚོ་ཚང་མ་གད་མོ་ཤོར་སོང་། ཡིན་ནའང་ཁོས་རྩོམ་པ་པོ་དང་འཁྲབ་ཁྲིད་པ་གཉིས་ཁྱོན་ནས་མི་འདྲ་ཟེར། ཁོང་གིས་བཤད་པ་ཅི་མ་བདེན། དྲང་མོ་བཤད་ན་ངས་རྩོམ་རིག་གསར་རྩོམ་བྱེད་བཞིན་ཡོད་ཀྱང་ང་ལ་ཡང་སྔོན་ཆད་འཁྲབ་ཁྲིད་པའི་ཕུགས་བསམ་ཡོད་མྱོང་མོད། འོན་ཀྱང་ལོ་ཞིག་ཁོང་གིས་༼གཡང་མདའ༽ཟེར་བའི་གློག་བརྙན་དེ་རེབ་གོང་ན་ཕབ་བསྐྲུན་བྱེད་བཞིན་པའི་སྐབས་ང་ཆེད་དུ་ཁོང་ལ་ལྟ་རུ་སོང་། ཉིན་འགའི་རིང་ལ་ཁོས་དཀའ་ལས་མང་པོ་བརྒྱབ་སྟེ་མི་འདྲ་མིན་སྣ་ཚོགས་ལ་འབྲེལ་འདྲིས་བྱས་ཤིང་དགོང་མོར་ཕྱིར་ཡོང་དུས་ཐང་ཆད་ནས་ལུས་པོ་དུབ་ཡོད་ཀྱང་གཉིད་མི་ཡོང་བ་རིག་པས།ངས་ང་རང་གི་གཤིས་ཀ་དེ་ནི་འཁྲབ་ཁྲིད་པ་ཞིག་ལ་མི་འཛའ་བ་ཧ་གོ་བས། དེ་ནས་བཟུང་འཁྲབ་ཁྲིད་པ་ཞིག་བྱེད་པའི་ཕུགས་བསམ་དེ་ཡོངས་སུ་དོར་ཟིན།
པད་མ་ངེད་གཉིས་ཁ་བརྡ་མང་པོ་བྱེད་པའི་བརྒྱུད་རིམ་ཁྲོད་ནས་ངས་ཁོང་གི་རུས་པའི་གཏིང་ན་རང་ཉིད་འཁྲབ་ཁྲིད་པ་ཞིག་ལས་རྩོམ་པ་པོ་ཞིག་བྱེད་འདོད་ཀྱི་འདུན་པ་དྲག་པོ་ཡོད་པ་ངང་ངམ་ཤུགས་ཀྱིས་ཚོར་ཐུབ་པས། ངས་ཁོ་ལ་དེ་ལྟར་ཡིན་ན་ཡིན་གཅིག་མིན་གཉིས་ལ་སྒྲུང་རིང་ཞིག་འབྲི་རོགས་ཞེས་སྐུལ་མ་བྱས་པས།ཁོས་༼ང་རང་ནི་ཁྲོམ་ཞིག་ཡིན༽ཟེར་བའི་སྒྲུང་རིང་ཡིག་འབྲུ་ཁྲི་བཅུ་ཕྲག་གི་བདག་ཉིད་ཅན་ཞིག་འབྲི་བཞིན་ཡོད་ཟེར་རུང་། གཞུག་ནས་གློག་བརྙན་གསར་བ་ཕབ་བསྐྲུན་བྱེད་དགོས་པས་སྒྲུང་འབྲིང་ཞིག་མ་གཏོགས་མ་འཁྱོངས་ཟེར་བ་དང་། མི་ཞིག་གིས་ལས་ཀ་མང་པོ་ཞིག་སྒྲུབ་ཁོམ་མི་འདུག། དེང་ཕྱིན་ངས་སྒྲུང་རིང་བྲི་མི་ཐུབ་པ་ཁ་ཚོན་གཅོད་ཐུབ་པས། དེ་བས་ཁྱོད་ཀྱིས་སྒྲུང་རིང་འགའ་ཞིག་འབྲི་རོགས་ཞེས་ཁ་ཞེ་གཉིས་མེད་ཀྱིས་སྐུལ་མ་གནང་བྱུང་པས། ངས་ཀྱང་ས་ཆའི་ཚོད་ཀྱི་རི་དྭགས་ཤིག་ཨེ་ཡོད་བལྟ་ཞེས་ཁས་ལེན་བྱས་ཡོད།
དེ་ལྟར་འདས་པའི་ལོ་བཅུ་ཕྲག་རིང་པད་མ་ཁྲིན་ཏུའུ་རུ་ཐེངས་མང་པོ་ཡོང་ལ་ཡོང་ཐེངས་རེ་རེ་ལ་ངེད་གཉིས་ལྷན་དུ་འཛོམས་བཞིན་ཡོད་མོད། འོན་ཀྱང་ཉིས་སྟོང་བཅུ་དགུ་ལོ་ནས་ཁོ་ཁྲིན་ཏུའུ་ལ་ཡོང་དུས་གཅིན་པ་མངར་འགྱུར་གྱི་སྨན་འཐུང་བའི་ཁ་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད། ཁོ་རང་ཁྲིན་ཏུའུ་རུ་ཡོང་དུས་བསུ་མ་བྱེད་མཁན་གྱི་སྐུ་མགྲོན་སྣ་ཚོགས་ཡོད། དེ་དག་གི་ཁྲོད་དུ་བླ་ཆེན་དཔོན་ཆེན་དང་། ཁོའི་སློབ་ཆེན་སྐབས་ཀྱི་སློབ་གྲོགས། ཚོང་བ། ཐ་ན་དེ་འདྲ་གལ་མི་ཆེ་བའི་མི་རྒྱུས་མེད་ཀྱང་ཡོད། ཐེངས་རེར་མི་བཅུ་ཕྲག་ཡོད་པའི་ཆང་ཁ་ནས་ཚང་མས་གཏམ་གྱི་སྒོ་མོ་ཕྱེས་ཏེ་སྨྲ་ལྕེ་ཡི་གློག་ཞགས་འཁྱུག་དུས། ཁོས་རང་གི་འདུག་སྟེགས་སུ་གདོང་ལ་འཛུམ་ཞིག་ལངས་ནས་འདུག་པ་ལས་སྐད་ཆ་མ་གཞི་ཉུང་བའི་ཁར་ཇེ་ཉུང་དུ་ཕྱིན་ཡོད་ལ།ཁ་རོག་གེར་ཕྱི་རུ་སྨན་འཐུང་གི་འགྲོ་བཞིན་ཡོད། དེ་ལྟར་དུས་ཡུན་ཅུང་ཟད་འགོར་བ་ན་བར་རེ་ཆང་ཁང་ནས་མི་གཞན་ལ་མི་བྱོལ་བར་སྨན་འདྲ་མིན་སྣ་ཚོགས་སྤར་མོའི་མཐིལ་དུ་བཞག་ནས་ཆུ་ཁོལ་གྱིས་འཐུང་བཞིན་ཡོད་པས། སྐུ་མགྲོན་ཚང་མས་མ་གྲོས་གཅིག་མཐུན་གྱིས་ཁོ་ལ་བདེ་ཐང་ལ་གཟབ་དགོས་རབས་ཤོད་བཞིན་ཡོད་ཀྱང་། པད་མའི་གདོང་ལ་ཡིན་ཅོག་ཅོག་ལྟ་བུའི་འཛུམ་ཞིག་ལངས་ནས་སྐྱོན་མེད་ཟེར་བས་ཚང་མའི་གདོང་གི་སྐྱོ་ཉམས་ཡུན་གྱིས་ཡལ་འགྲོ་ལ།གཏམ་གྱི་སྒོ་མོ་ཇེ་ཆེ་རུ་ཕྱིན་ཏེ་ཆང་ཁ་འུར་ཟིང་གིས་ཁེངས་འགྲོ། པད་མའི་གདོང་ལ་ངལ་དུབ་ཀྱི་སྣང་བ་ཞིག་ཡོད་པས་ངས་ཁོ་ལ་མིག་བརྡ་ཞིག་བསྟན་ནས་ངལ་གསོ་བར་དྲན་སྐུལ་བྱས་ཀྱང་ཁོས་མི་སྐྱོན་ཟེར་ནས་སྐུ་མགྲོན་རྣམས་ཀྱི་ཁ་བརྡ་ལ་ཉན་ཡོད། ང་རང་གིས་ཆང་ཁ་ཡི་གཏམ་ལ་བསྲན་མི་ཐུབ་པས་འགྲོ་འདོད་དུས་ཤར་རེ་འགྲོ་ངེས་ཀྱང་པད་མ་ཡིས་དེ་ལ་བཟོད་སྒོམ་བྱེད་ཐུབ་པས་ངང་རྒྱུད་དེ་ནི་ཁོ་རང་སྐྱེས་བུ་ཁྱད་པར་ཅན་ཞིག་ཡིན་པའི་རྟགས་མཚན་ཡིན་ཡང་སྲིད། གང་ལྟར་ཁོ་རང་ཁྲིན་ཏུའུ་རུ་ཡོང་དུས་ཇ་ཁ་ཆང་ཁ་ནས་སྨན་འཐུང་རྒྱུ་དེ་ནི་ཆོ་ག་ག་གེ་མོ་ཞིག་སྤེལ་བ་དང་མཚུངས་པར་རྒྱུན་ལྡན་ལྟ་བུ་གྱུར་པས་ཡུན་ཀྱིས་མགྲོན་པོ་རྣམས་ཀྱིས་ཀྱང་ཡ་མཚན་ཞིག་ཏུ་འདོད་མེད་ལ་ཁོས་ཀྱང་འདོད་མེད་པ་འདྲ།གཞེས་ནིང་ལོར་ངས་ཁོ་ལ་རོགས་བྱས་ཏེ་ཧྭ་ཞི་སྨན་ཁང་དུ་ཐེངས་ཤིག་སོང་མྱོང་བས། དེ་དུས་སྙུན་གཞི་ཇེ་སྡུག་ལ་སོང་མེད་པར་ཅུང་ཟད་ཇེ་དགའ་རེད་སྙམ་པ་ཞིག་བྱུང་བས། ངས་དགའ་བ་ལ་ཟེར་བ་ན་ཁོས་ནམ་རྒྱུན་གོམ་པ་བརྒྱབ་ནས་རྐང་ཐང་ལ་འགྲོ་བཞིན་པས་དེའི་རྐྱེན་ཡིན་རྒྱུ་རེད་ཟེར། དེ་ནས་བཟུང་ཁོའི་མགོ་ཡི་སྐྲ་ལོ་ཇེ་དཀར་ཡིན་ཡང་ངོ་མདངས་ཡག་པོ་ཡོད་པས་ངས་ཕལ་ཆེར་ནད་གདོན་ལས་ཐར་བ་ཨེ་ཡིན་འདོད་ཡོད། དེའི་ཕྱིར་དེ་རིང་སྔ་དྲོ་གཏམ་ངན་འདི་གོ་མ་ཐག་ངས་གཅིན་པ་མངར་འགྱུར་གྱི་ནད་ཡིན་ན་དེ་འདྲ་གློ་བུར་བ་ཞིག་ག་ལ་ཡིན་འདོད་དེ་དེ་བས་ཀྱང་དང་ལེན་བྱ་དཀའ། ཉིན་གུང་ལ་ཐོན་དུས་ལྷ་སའི་ཉེ་འགྲམ་ནས་གློག་བརྙན་ཕབ་སྐྲུན་བྱེད་པའི་སྐབས་སུ་སྙིང་རྩ་འགག་པའི་སྙུན་གཞི་ཡིས་གྲོངས་སོང་ཟེར་བ་གོ་བས་ད་གཟོད་ཁོ་རང་གི་མིང་དུ་གྲགས་པའི་འཁུན་སྒྲ་དེ་དྲན་བྱུང་། ཁོང་གི་མིང་དུ་གྲགས་པའི་འཁུན་སྒྲ་ཟེར་བ་ནི་གསར་འགོད་པ་མང་པོ་ཞིག་གིས་ཁོ་ལ་བཅར་འདྲི་བྱེད་དུས་ཁོང་གིས་བར་རེར་འཁུན་སྒྲ་ཞིག་འབྱིན་པས།གསར་འགོད་པས་ཁོའི་འཁུན་སྒྲ་དེ་རྩོམ་གྱི་ནང་དུ་བྲིས་ཡོད་ལ། རྩོམ་ཞིག་གི་ཁ་བྱང་ལ་པད་མ་ཚེ་བརྟན་གྱི་འཁུན་སྒྲ་ཞེས་བཀོད་ཡོད། ཡིན་པ་ནི་ཁོ་རང་ཡུན་རིང་གནར་གཅོད་བྱེད་པའི་གཅིན་པ་མངར་འགྱུར་གྱི་ནད་ཀྱིས་གྲོངས་པ་མ་ཡིན་པར་འཁུན་སྒྲ་རིང་མོ་ཞིག་གིས་ཁོ་རང་ཕྱི་མའི་ཡུལ་དུ་འཁྲིད་པ་རེད། དེ་ན་འཁུན་སྒྲ་དེ་ནི་ཅི་རེད། དེ་ནི་ཐེགས་པར་དཀའ་བའི་ཡང་མོ་ཞིག་སྟེ་ང་ཚོ་ཚང་མའི་ཕྲག་ཏུ་ཡོད་ཀྱང་། ཁོང་གིས་འཁུར་བ་ལྕི་དྲག་པས་ད་གཟོད་ང་ཚོ་དང་གཏན་ནས་གཏན་དུ་བྲལ་སོང་། ལོ་འདི་ཤས་རིང་ང་ཚོའི་སྒང་བ་བོད་པ་ལ་མཚོན་ན་གནམ་གྱི་ཀ་བ་ལྟ་བུའི་སྐྱེས་བུ་དམ་པ་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་གཤེགས་ཟིན་པས།དྲ་ལམ་ནས་རྗེས་དྲན་གྱི་པར་དང་རྩོམ་ཡིག་སོགས་ཐང་མར་བརྡལ་ཡོད་ཀྱང་སྐུ་གཞུགས་དུས་བླ་བཙག་རྒྱུ་འདེད་བྱེད་པ་མང་མེད་ན་ཉུང་མེད་ཨང་འདོད་དེ་སྙིང་ནས་གཟེར་ལངས་པས་དེང་ཕྱིན་རྗེས་དྲན་གྱི་རྩོམ་མི་འབྲི་བསམ་ཡོད་ཀྱང་། དགོངས་དག། པད་མ་ནི་བོད་མི་རིགས་ལ་མཚོན་ན་གློག་བརྙན་གྱི་ཤིང་རྟའི་སྲོལ་འབྱེད་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་ཡང་། ང་ལ་མཚོན་ན་ཉལ་ཁྲི་གཅིག་གི་སྟེང་ནས་ཉལ་མྱོང་ཞིང་ཇ་དེམ་གཅིག་གི་ནང་ནས་ཇ་འཐུང་མྱོང་བའི་གྲོགས་དཀྱུས་མ་ཞིག་མ་ཡིན་པས། ངས་ཁོ་ལ་རྗེས་དྲན་གྱི་ཚིག་གི་སྦྱོར་བ་འགའ་ཞིག་སྡེབ་པ་ཙམ་ལས་གཞན་པའི་ནུས་པ་ཅི་ཡང་མེད་པས་ཆ་མ་ཆོའི་སྐད་ཆ་འདི་དག་ཁ་པར་གྱི་ནང་ནས་ཆུ་རྙོག་བཞིན་བཞུར།
མཇུག་མཐར་ངས་བཤད་ན་འདོད་པ་ནི་པད་མའི་རིན་ཐང་ནི་རྗེས་དྲན་གྱི་རྩོམ་ཐུང་དང་ལ་རྒྱའི་ཁ་སྟབས་ཙམ་གྱིས་སྡོམ་ཚིག་འགོད་ག་ལ་ཐུབ། དེ་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་ཅི་ལྟར་བཞུར་བ་ཙམ་གྱིས་དེ་ལྟར་བཞུར་ངེས་ལ་ཆུ་རྒྱུན་གྱི་རབ་ཁ་ཅི་ཙམ་གཏིང་ཟབ་ན་དེ་ཙམ་གྱིས་ཆུ་ཁར་གཡེང་བའི་སོག་མའི་ཕུང་བོ་མ་ཡིན་པར་ཆུ་གཏིང་གི་ནོར་བུ་དགོས་འདོད་དཔུང་འཇོམས་དེ་ཡིན་ངེས། རྐྱེན་ངན་འདི་ནི་ང་ཚོར་མཚོན་ན་མུ་གེའི་སྟེང་ལ་ཟླ་ལྷག་ཡིན་པས་ཡིད་ཀྱི་གདུང་བ་ཞི་ཐབས་མེད་ཀྱང་། སྐྱིད་ཀི་མགོ་བོ་དམའ་དགོས་ལ་སྡུག་གི་མགོ་འཕང་མཐོ་དགོས་ཟེར་བ་ལྟར་ང་ཚོས་ད་ལྟ་སྒྲུབ་པ་བྱ་བའི་ལེགས་བྱས་ཀྱི་མཛད་པ་གསུམ་ཡོད་པ་ནི། དང་པོ། ཉེ་བའི་ལོ་ཤས་རིང་དུས་མ་ཡིན་པར་སྐུ་གཤེགས་པའི་རང་རེའི་སྐྱེས་བུ་དམ་པ་མང་པོ་ཞིག་སྙུན་གཞི་སྣ་ཚོགས་ཀྱི་དབང་གིས་ང་ཚོ་དང་གཏན་ནས་གཏན་དུ་བྲལ་སོང་བས། དེང་ཕྱིན་ཆད་ཚང་མས་ལུས་སེམས་གཉིས་ལ་བདག་པོ་བརྒྱབ་སྟེ་བདེ་ཐང་ལ་ཤིན་ཏུ་ནས་གཟབ་དགོས་འདུག གཉིས་པ། པད་མའི་རྩོམ་རིག་དང་གློག་བརྙན་གྱི་བརྩམས་ཆས་ཚང་མ་སྡུད་རུབ་བྱས་ཏེ། རབ་ཡིན་ན་རྗེས་དྲན་གྱི་མཛོད་ཁང་ཞིག་བཞེངས་པ་དང་། དེ་ནས་ལོ་རེ་རེ་བཞིན་སྐུ་གཤེགས་པའི་དུས་ཚོད་དེ་ཟླ་༥བའི་ཚེ་༨ནི་བོད་ཀྱི་གློག་བརྙན་དུས་ཆེན་དུ་གཏན་ལ་ཕབ་སྟེ་རྗེས་དྲན་གྱི་བྱ་འགུལ་སྤེལ་ནས་ན་གཞོན་རྣམས་ཀྱི་སེམས་ལ་ཁོང་གི་མཛད་རྗེས་དེ་ཕུར་བ་རྡེབ་རྡེབ་བྱེད་དགོས། གསུམ་པ། ལས་རིགས་སོ་སོ་དང་ཁྱད་པར་རྩོམ་རིག་དང་གློག་བརྙན་ལ་འཇུག་མཁན་རྣམས་ཀྱིས་པད་མའི་སྙིང་རུས་ལ་སློབ་སྦྱོང་བྱས་ཏེ་རང་རང་གི་ས་ནས་གྲུབ་འབྲས་ཅུང་ཟད་ལོན་ན་དེ་ནི་ཁོ་རང་ལ་རྗེས་དྲན་བྱེད་པའི་མ་ནོར་ལམ་བཟང་དེ་ཡིན་ངེས། མ་མཐའ་གྲོགས་པོ་ང་རང་གི་ཆ་ནས་ཀྱང་དགོས་མེད་ཀྱི་འདུ་འཛོམས་དང་བྱ་བ་ཐམས་ཅད་ཉུང་དུ་བཏང་ནས་ལྗིད་ཏིག་ཏིག་གི་བརྩམས་ཆོས་རེ་བྲིས་ཏེ་གྲོགས་པོ་ཁོང་ལ་རྗེས་དྲན་བྱེད་ངེས།༢༠༢༣ལོའི་
ཟླ༥པའི་ཚེས༨ཉིན་སྤོས་ལྡན་གྲོང་ནས་ཤར་མར་བྲིས་སོ།
Follow Us!