མང་ར་བ་གདུགས་དཀར་འབུམ། མདོ་སྨད་ལོ་ཙྭ་མཐུན་ཚོགས།

རྩོམ་པ་པོ་ངོ་སྤྲོད།

མང་ར་བ་གདུགས་དཀར་འབུམ་ནི་བོད་ཀྱི་ཨ་མདོ་མང་རའི་ཡུལ་དུ་ཐོགས་མངགས་ཚང་གི་ཁྱིམ་རྒྱུད་དུ་ཕ་ལྷ་འབྲུག་དང་མ་ལྷུན་འགྲུབ་སྐྱིད་གཉིས་ཀྱི་བུ་རུ་ཕྱི་ལོ་༡༩༦༥ལོར་སྐྱེས།

རང་ལོ་གསུམ་བཞི་ཙམ་ནས་ཕ་མ་གཉིས་དང་ཁུ་བོ་ངག་དབང་ཟླ་གྲགས་བཅས་ཀྱི་མདུན་དུ་བོད་ཡིག་སྦྱངས་འགོ་བཙུགས། ཕྱི་ལོ་༡༩༧༢་ལོར་སྡེ་བའི་སློབ་ཆུང་བརྒྱུད་ཕྱི་ལོ་༡༩༨༦་ལོར་མཚོ་ལྷོ་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་ནས་མཐར་ཕྱིན། ཕྱི་ལོ་༡༩༨༧་ལོ་ནས་༡༩༩༠་ལོའི་བར་ལས་ཞོར་དུ་མཚོ་སྔོན་སློབ་གསོ་སློབ་གྲྭ་ཆེན་མོའི་བོད་ཀྱི་གནའ་རབས་ཤེས་རིག་འཛིན་གྲྭ་ནས་སློབ་མཐར་ཕྱིན།

ཕྱི་ལོ་༡༩༩༢་ལོའི་ཕྱི་ཟླ་དགུ་བའི་ནང་རྒྱ་ནག་དབུས་ཡིག་བསྒྱུར་ཅུའུ་ཡིས་ཡིག་བསྒྱུར་ཟབ་སྦྱོང་འཛིན་གྲྭ་བསྡུས་སྐབས་ཟབ་སྦྱོང་དུ་འགྲོ་བའི་ལམ་བར་སྟེ་བོད་ཀྱི་ཟི་ལིང་གྲོང་ཁྱེར་ནས་རྒྱ་ནག་པེ་ཅིན་ལ་ཟབ་སྦྱོང་དུ་མ་སོང་བར་རྒྱ་གར་རྡ་རམ་ས་ལར་བཙོན་བྱོལ་དུ་ཕྱིན། ཕྱི་ལོ་༡༩༩༤་ལོའི་ལོ་འགོར་ཕྱིར་བོད་དུ་ལོག་པར་རྒྱ་གཞུང་སྡེ་སྲུང་ཚན་པས་ལོ་གཉིས་རིང་ལ་བཀག་གཉེར་འདྲི་རྟོག་དང་། ལུས་པོ་བོད་དུ་གནས་ཀྱང་སེམས་པ་རྡ་རམ་ས་ལར་ཕྱོགས་པའི་ཉེས་མིང་འོག་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཆད་བཅད་ཅིང་། ཕྱི་ལོ་༡༩༩༩་ལོའི་ལོ་མཇུག་ནས་རྒྱ་གཞུང་གིས་ལྟ་རྟོག་དམ་དུ་བཏང་ཞིང་ཉིས་སྟོང་ལོའི་ཕྱི་ཟླ་ལྔ་པའི་ནང་ཟུར་བཀག་འདྲི་རྩད་ཀྱི་དུས་ཆད་བཟོས་ཡོད་པའི་སྔ་རོལ་དུ་ཡང་བསྐྱར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས།

སྔ་རྗེས་སུ་བོད་ཕྱི་ནང་གཉིས་སུ་བོད་ཀྱི་རིག་གཞུང་དང་གནས་བབ་ཀྱི་སྐོར་ལ་བོད་ཡིག་དང་རྒྱ་ཡིག་གཉིས་ཀྱི་ཐོག་ནས་དཔྱད་རྩོམ་རབས་དང་རིམ་པ་སྤེལ་དང་སྤེལ་མུས་སུ་ཡོད། ད་ལྟ་ཨ་རིར་གནས་སྡོད་བྱེད་བཞིན་ཡོད།

མང་ར་བ་གདུགས་དཀར་འབུམ་གྱི་སྙན་རྩོམ་ ༼ ཉི་མ་དང་སྤྲིན་པ་ཞེས་པ་དང་། ༽ ༼ མ་ཡུལ་ལགས་གངས་ལྗོངས་ ༽ ཞེས་པའི་རང་མོས་སྙན་ངག་འདི་གཉིས་ནི་སྔ་རྗེས་སུ་ཕྱི་ལོ་༡༩༨༩་ལོའི་ཕྱི་ཟླ་ལྔ་པ་དང་ཕྱི་ཟླ་དགུ་པ་གཉིས་སོ་སོར་བྲིས་པ་ཡིན་ལ། རྩོམ་ཡིག་འདི་གཉིས་ལས་ཁོང་གིས་ནམ་རྒྱུན་དུ་སྐབས་དེའི་བོད་ཀྱི་གནས་སྟངས་ཀྱི་ཐད་ལ་ཉིན་ཞག་ཕྲུགས་གཅིག་གི་འཁྱེར་སོ་མཚོན་པར་བྱས་ཡོད་པ་མ་ཟད། ཁོང་གི་བསམ་ཚུལ་ལ་རྩོམ་ཡིག་འདི་གཉིས་ཀྱིས་དུས་ཕྱིས་སུ་སྤྱི་ལོ་༡༩༩༢་ལོར་ཁོང་གིས་པེ་ཅིན་མ་འདེམས་པར་རྒྱ་གར་རྡ་རམ་སཱ་ལར་བཙན་བྱོལ་དུ་ཡོང་དགོས་པའི་བསམ་བློའི་རྒྱབ་ལྗོངས་ཀྱང་ཟུར་ཙམ་མཚོན་པར་བྱེད་ཐུབ་པ་དང་། ཁྱད་པར་དུ་ ༼ མ་ཡུལ་ལགས་གངས་ལྗོངས་ ༽ ཞེས་པ་དེའི་ནང་རྒྱང་རིང་ན་ཡོད་པའི་ང་ལ་དམིགས་ཞེས་པ་དེས་སྐབས་དེའི་ཁོང་གི་སེམས་ཀྱི་མ་འོངས་པའི་ཁ་ཕྱོགས་དེ་གསལ་སྟོན་བྱས་ཡོད་ཅེས་འགྲེལ་བཤད་དང་བཅས་གསུངས།

ཉི་མ་དང་སྤྲིན་པ།
ཕྱི་ལོ་༡༩༨༩་ལོའི་ཕྱི་ཟླ་༥་པར་ཟི་ལིང་དུ་བྲིས།

ཞོགས་པར་ཤར་ཕྱོགས་ཀྱི་མཁའ་དབྱིངས་ན་དམར་མདང་གི་མཚམས་སྤྲིན་མཆིས་ཟེར།
ཉིན་གུང་མཐོངས་ཡངས་པའི་བར་སྣང་ན་སྤྲིན་དཀར་ལང་ལིང་ལྡིང་ཟེར།
ས་སྲོད་ནུབ་ཕྱོགས་ཀྱི་མཁའ་མཐའ་ན་དམར་སེར་གྱི་འོད་དཔུང་འགྱེད་ཟེར།
ཉི་མ་རེས་མོས་དང་རེས་མོས།
སྤྲིན་པ་ཟེར་སྲོལ་དང་མི་འདྲ།
ཁ་རྩང་ཤར་མཐའ་ན་མཚམས་སྤྲིན་མི་འདུག
ད་ནངས་སྤྲིན་ནག་གིས་ཤར་ཕྱོགས་བསྒྲིབས་འདུག
ཞོགས་པའི་ཉི་གཞོན་ལ་འོད་ཟེར་ལྡན་ནམ།
ས་སྲོད་ཀྱི་དུས་དེ་ཇེ་ཉེ་དང་ཇེ་ཉེ།
ཉི་མའི་རེས་མོས་ལ་ཆད་ལྷག་ཨེ་ཡོད།

མཆན། རྒྱ་བོད་གཉིས་ཀྱི་ཉི་མར་ལྟ་སྟངས་མི་འདྲ་སྟེ། རྒྱ་ནག་གིས་ཉི་མ་དམར་པོ་ཞེས་དང་། བོད་ཀྱིས་ཉི་མ་སེར་པོ་ཞེས་ཟེར། ཉི་མ་ནི་འགོ་བ་དང་། སྤྲིན་པ་ནི་སྤྱི་ཚོགས་ཏེ་མང་ཚོགས། དེ་བས་འགོ་བ་དང་མང་ཚོགས་གཉིས་ཆ་ཡོད་པའི་དོན་ལ་སྦྱར། ཞོགས་པ་དང་། ཉིན་གུང་དང་། ས་སྲོད་བཅས་བོད་ཀྱི་སྔོན་དུས་ཀྱི་སྤྱི་ཚོགས་དང་སྦྱར། ཉི་མ་རེས་མོས་ནི་སྐུ་ཕྲེང་རིམ་བྱོན། ཁ་རྩང་ནི་ང་རང་སྐྱེས་དུས་ཏེ། རིག་གནས་གསར་བརྗེ་ཆེན་པོའི་སྐབས་ལ་ཉི་མ་དམར་པོ་མ་གཏོགས་སྤྱི་ཚོགས་མེད། མང་ཚོགས་ལ་རེ་བ་བཅའ་ས་མེད་པའི་སྐབས་དེར་ཞོགས་པའི་ཉི་གཞོན་ཏེ་པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་གཙོས་བོད་ཀྱི་འབྱུང་འགྱུར་གྱི་གཞོན་རབས་པ་ལ་སྦྱར་རོ།

མ་ཡུམ་ལགས་གངས་ལྗོངས།
དོན་དངོས་ལ་དམིགས་པའི་བསམ་གཞིགས།

དཀར་ཉིད་ཉིད་ཀྱི་སྐྲ་ལོ་སེང་པོར་གྱུར།
འདས་ཟིན་པའི་ལོ་ཟླ་ཐོད་ལ་བཀོད།
གཟུགས་འཛིན་གྱི་ནུས་པ་ཉམས་པའི་མིག་གོང་ཟུང་།
བསུམ་པ་མེད་པར་རྒྱང་རིང་གི་ང་ལ་དམིགས།
ཟོར་ཡངས་པའི་ལག་པའི་མཉེན་འགུག་ཉམས།
བདེ་འཁྱུག་པའི་འགྲོས་ཀྱི་སྟངས་སྟབས་ཤོར།
འགྲོ་འདུག་ཉལ་གསུམ་གྱི་སྤྱོད་ལམ་ཁྲོད་ན།
མྱི་རྗེས་དང་ཁྱི་རྗེས།
བཅུད་རྒྱས་པའི་ཤ་སྐྱི་མོར་གྱུར།
རྐང་འགྲིག་པའི་རུས་པའི་ལྷུ་ཚིགས་ཡོ།
ཐོར་ལ་ཉེ་བའི་རུས་པ།
སྐྱི་མོའི་དཀྱིལ་ན་གཡས་འབུར་དང་གཡོན་འབུར།
དབང་པོ་སྒོ་ལྔ་ཡི་ཤེས་པ་ནང་དུ་འཁུམས།
སྔོན་གྲུབ་འཇལ་བྱེད་ཀྱི་རིག་པ་བག་ལ་ཞ།
རྣམ་རིག་གི་ཤེས་པས་མ་བཏང་བའི་ས་ན།
ཐམ་ཐིམ་དང་ལྡབ་ལྡིབ།
རྒན་ཤིང་ཁོག་པ་ཡི་རྒས་པའི་ཁྲོད་ན།
ངའི་ཨ་མ།

མཆན། པཎ་ཆེན་རིན་པོ་ཆེ་བཞུགས་ཡོད་དུས་བོད་མི་ནང་ཁུལ་དུ་མཐུན་སྒྲིལ་ཡོད་པ་དང་། རིན་པོ་ཆེ་གཤེགས་རྗེས་ནང་ཁུལ་གྱི་ལས་བྱེད་སྐོར་ཞིག་བོད་དོན་ལས་འགུལ་ལ་མ་ཞུགས་པར་ནང་རུལ་བ་བྱུང་བའི་གནས་སྟངས་འོག་བྲིས་པ་སྟེ། རྒྱང་རིང་གི་ང་ཞེས་པ་ནི་རྒྱལ་བ་རིན་པོ་ཆེ་ལ་སྦྱར། པཎ་ཆེནརིན་པོ་ཆེ་བཞུགས་དུས་སུ་ཡར་ཞུ་ས་དང་འཁེན་ས་ལྟ་བུ་ཡོད་པས་ལག་པས་མཉེན་འགུག་དང་གོམ་པའི་སྟངས་སྟབས་ཏེ་ནུས་ཤུགས་ལ་སྦྱར། མི་རྗེས་དང་ཁྱི་རྗེས་ནི་ལྟོ་རྗེས་ལ་རྒྱུགས་མཁན་གྱི་ནང་རུལ་བ། བཅུད་རྒྱས་པའི་ཤ་ནི་རིན་པོ་ཆེ་བཞུགས་དུས་ཚང་མ་སྡེབས་གཅིག་ཡིན་པར་སྦྱར། བོད་ནི་ཐོར་ལ་ཉེ་བའི་རུས་པ། དབང་པོ་སྒོ་ལྔའི་ཤེས་པ་རིག་གནས་ལྔ་ལ་སྦྱར། མི་རིགས་ཀྱི་མདུན་ལམ་ལ་མགོ་ཐོམ་པས་མུན་ནག་སྟེ་ལྡབ་ལྡིབ་བཅས་སྦྱར་རོ།

Submitted by the Amdo Translation Collective // མདོ་སྨད་ལོ་ཙྭ་མཐུན་ཚོགས།

མདོ་སྨད་ལོ་ཙྭ་མཐུན་ཚོགས།

མདོ་སྨད་ལོ་ཙྭ་མཐུན་ཚོགས་ནི་འཛམ་གླིང་ཡུལ་གྲུ་སོ་སོར་གནས་པའི་བོད་རིག་པའི་ཤེས་ཡོན་ཅན་འགའ་མཉམ་འབྲེལ་གྱིས་ལོ་རབས་བརྒྱད་བཅུ་པའི་རྗེས་སུ་བྱུང་བའི་མདོ་སྨད་གཙོས་བོད་ཀྱི་གནས་བབ་དང་འབྲེལ་བའི་ཡིག་ཆ་དང་སྒྲ་ཐག ངག་རྒྱུན་སོགས་བསྡུ་རུབ་ཀྱིས་སྐབས་བབས་ཀྱི་གནད་དོན་རྣམས་བོད་སྐད་ནས་དབྱིན་ཡིག་ཏུ་བསྒྱུར་ཏེ་རྒྱ་ཆེའི་མང་ཚོགས་ལ་འགྲེམས་སྤེལ་དང་བེད་སྤྱོད་གང་བདེར་ཡོང་ཆེད་དུ་བཙུགས་པའི་ཚོགས་པ་ཞིག་ཡིན། ལོ་ཙྭ་མཐུན་ཚོགས་འདིའི་དམིགས་ཡུལ་དང་ཁ་ཕྱོགས་ནི་བོད་ཀྱི་སྐད་ཡིག་ཐོག་ཡོད་པའི་ཡིག་རིགས་དེ་དག་གི་བརྗོད་བྱ་དང་། དགོས་པ། རྣམ་པ་བཅས་གང་ཐུབ་ཀྱིས་རང་སོར་བཞག་སྟེ་ཉར་ཚགས་དང་། ཡིག་རིགས་དེ་དག་དབྱིན་ཡིག་ཏུ་བསྒྱུར་ཏེ་བརྗོད་བྱེད་ཀྱི་ཚིག་རྣམས་གོ་བདེ་ཞིང་འོས་འཚམས་ཡོང་ཆེད་ང་ཚོས་ཚིག་རྣམས་གོ་བདེ་ཞིང་འོས་ཤིང་འཚམས་པར་གང་ནུས་ཅི་ལྕོགས་ཀྱིས་བོད་སྐད་མི་ཤེས་པའི་རྒྱ་ཆེའི་ཀློག་པ་པོ་གང་མང་ཞིག་ལ་སྤྱན་འབུལ་ཞུ་རྒྱུ་དེ་ཡིན། ཉེ་བའི་ཆར། མཐུན་ཚོགས་འདིས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་ ༼. ༡༩༣༨. ནས་༡༩༨༩ ༽. མཆོག་གི་སྐུ་ཚེའི་བྱུང་རིམ་དང་ཁོང་གིས་བཞག་པའི་མཛད་པ་འཕྲིན་ལས་ཀྱི་ཕྱག་རྗེས་ལ་དམིགས་ནས་འབྲེལ་ཡོད་ཀྱི་ཡིག་ཆ་རྣམས་སྐད་དང་ཡི་གེ་གཉིས་ཀྱི་ཐོག་ནས་བསྡུ་རུབ་དང་། ཡིག་སྒྱུར་གྱི་ལས་ལ་བརྩོན་བཞིན་ཡོད།

This post is also available in: English (དབྱིན་ཇིའི་སྐད ) བོད་ཡིག

Leave a Comment

Your email address will not be published.

*