གཙོད། བུད་མེད་དང་བཙུན་མ་དག་གི་བར་ཐག་གླེང་བ།

མི་ལ་ལ་ཞིག་ཕོ་མཆོག་མོ་དམན་གྱི་ལྟ་བ་ཧ་ཅང་ཤུགས་ཆེ་བས་བུ་ཞིག་སྐྱེས་ན་དགའ་སྟོན་རོལ་བ་དང་བུ་མོ་ཞིག་སྐྱེས་ན་ལུགས་སྲོལ་དེ་འདྲ་མེད་པར་མ་ཟད་བུ་མོ་དེ་ཁྱིམ་ལས་ཙམ་བྱེད་མཁན་ལ་ངོས་འཛིན་གྱིན་ཡོད། དཔེར་ན་ཁྱིམ་ཚང་ཞིག་གི་ནང་ནས་བྱིས་པ་གཅིག་སློབ་གྲྭར་འགྲོ་ཆོག་ན་བུ་དེ་མ་གཏོགས་བུ་མོ་དེ་ལ་ཕལ་ཆེར་བསམ་བློ་འཁོར་གྱིན་མེད་པ་རེད། བུད་མེད་ནི་བྱིས་པ་གཉོར་སྐྱོང་དང་ཁྱིམ་ལས་ག་གེ་མོ་ལས་མཁན་ཙམ་ལ་ངོས་བཟུང་ན་མི་ལེགས་ཏེ།  བོད་ཀྱི་རྒྱལ་རབས་རིམ་བྱོན་གྱི་ནང་དུའང་བུད་མེད་འཁོད་ཡོད་ལ།  སྤྱིར་མིའི་རིགས་འདི་མངལ་ལས་ཐོན་མ་ཐག་ནས་སུ་ཡིན་ཡང་རུང་བུད་མེད་ཀྱི་འོ་འཛིན་ལ་བརྟེན་ནས་ནར་སོན་དགོས་ལ། བོས་པའི་སྐད་ཆ་ཐོག་མའང་བུད་མེད་ཀྱི་ཁ་ལས་བསླབས་པ་ཡིན། ང་ཚོའི་ཆེས་ཐོག་མའི་མིག་ཆུ་དེ་བུད་མེད་ཀྱིས་བསྲན་དུ་བཅུག་ཅིང་། ཆེས་མཐའ་མཇུག་གི་ཁ་དབུགས་ཁ་གང་དེའང་ཕལ་ཆེར་བུབ་མེད་ཀྱི་གམ་ནས་ཕྱི་རུ་འབྱིན་ངེས།

གལ་ཏེ་བུད་མེད་ཅེས་པ་མེད་ན་ང་ཚོའི་ཚེ་སྲོག་གི་འགོ་རྩོམ་ས་ཉིད་ནས་སྐྱོར་འདེགས་ཀྱི་ནུས་ཤུགས་ཤོར་འགྲོ་ཞིང་དར་མའི་ཚེ་ནས་སྤྲོ་སྐྱིད་བྲལ་ཞིང་། རྒ་བའི་དུས་སུ་སེམས་གསོ་མེད་པརའང་འགྱུར་འགྲོ། དེའི་ཕྱིར་བུད་མེད་ལ་མཐོང་ཆུང་བྱེད་མི་འོས་ལ་བུད་མེད་ནི་རིན་ཐང་བྲལ་བ་ཞིག་ཡིན་པར་ངོས་འཛིན་དགོས། ད་ལྟ་ཇོ་མོ་ཕལ་ཆེར་རང་ཉིད་སུ་ཞིག་གི་རྗེས་སུ་འཇུག་ཡོད་མིན་མི་ཤེས་ལ་རང་ཉིད་ཅིའི་ཕྱིར་དུ་ཇོ་མོ་བྱས་པའང་ཤེས་ཀྱིན་མེད། ཇོ་མོ་ནི་དུས་རབས་འདིའི་གད་སྙིགས་དང་མིའི་རིགས་ཀྱི་ཐ་ཤལ་ཞིག་དུ་ངོས་འཛིན་དོན་ནི་ང་ཚོས་ཁྱེད་ཚོ་ལ་ཐོབ་ཐང་མ་སྤྲད་པ་མ་རེད་ལ་ཁྱེད་ཚོས་གོན་པའི་ལྭ་བ་དམར་པོ་དེས་ཀྱང་ལན་མེད།  རྒྱུ་མཚན་ནི་ད་ལྟ་བཙུན་མ་ཚོའི་ནང་ན་བཀུར་འོས་པའི་ཇོ་མོ་ཞིག་མེད་ལ།  འདས་ཟིན་པའི་བཙུན་མ་ཚོས་བཞག་པའི་ལེགས་བཤད་ཚད་ལྡན་ཞིག་དང་གསུང་འབུམ་ཚད་ལྡན་པོད་གཅིག་ཀྱང་མེད་པ་དེས་རེད།

ད་ལྟ་ཁྱེད་ཚོས་བསྒྲུབ་དགོས་པ་ནི་གྲྭ་པ་ཚོའི་ལག་ནས་ཐོབ་ཐང་ལེན་པ་དེ་མིན་ལ་རང་ཉིན་མི་ནུས་མེད་ཅིག་དུ་ངོས་བཟུང་ནས་ཁ་མི་གྲག་པར་འདུག་པ་དེ་བས་ཀྱང་མིན། རང་ཉིད་ཀྱི་ཐོབ་ཐང་རང་གིས་བླངས་ནས་ཁྱོད་རང་མི་ཚད་ལྡན་ཞིག་ཡིན་པ་ཀུན་ལ་ཤེས་སུ་བཅུག་དགོས་ན་རང་ཉིད་ཀྱི་རྐང་པ་གཉིས་ལ་བརྟེན་ནས་མི་གྲལ་དུ་འགྲོ་དགོས་ལ་ཁྱོད་ཀྱི་འཇོན་ནུས་དེ་སྤྱི་ཚོགས་འདིའི་ཐོག་ཏུ་མངོན་ཐུབ་ན་ད་གཟོད་མི་རྣམས་ཀྱིས་དོ་སྣང་བྱེད་ཡུལ་དུ་འགྱུར་འགྲོ། བཙུན་མའི་ཐོབ་ཐང་དང་བཙུན་མའི་ལས་དབང་ནི་གཞན་སུ་ཞིག་གིས་སྤྲད་མི་ནུས་ལ་བཙུན་མ་རང་ཉིད་ཀྱིཤེས་ཡོན་དང་འཇོན་ནུས་ལ་རག་ལས་ཡོད།  དེ་ཡང་བཙུན་མ་མང་ཆེ་ཤོས་ཆོས་འཇིག་རྟེན་གང་གི་ཡང་གོ་རྟོགས་མེད་པ་དང་ཤེས་ཡོན་དབེན་པ་དེའི་དབང་གིས་མི་རྣམས་ཀྱིས་གྲྭ་ཇོའི་བར་བལྟ་ཚུལ་མི་འདྲ་བ་བཟུང་བ་རེད།

ཇོ་མོ་མང་པོ་ཞིག་དགོན་པའི་ནང་ན་མེད་ལ་སློབ་གྲྭའི་ནང་ལའང་མེད།  ཁོ་ཚོས་བསྒྲུབ་དགོས་པའི་བྱ་བ་ངོས་མ་ཟིན་ནས་ཁྱིམ་ལས་ཙམ་ལ་མགོ་འཁོར་ནས་ཐ་ན་རང་ཉིད་ཀྱི་མིང་ཡང་འབྲི་མི་ཤེས་མཁན་མང་པོ་ཡོད། ཡང་ལ་ལ་དགོན་པའི་ནང་ན་ཡོད་ཀྱང་ཐོས་པ་མི་བྱེད་པར་བསྙེན་པ་རེ་བསགས་ནས་མི་ཚེ་གང་པོ་དེར་ཤོར་འགྲོ་མཁན་ཡང་མང་པོ་ཡོད། ད་ལྟ་ཁྱེད་ཚོས་བསྒྲུབ་དགོས་པ་ནི་རང་ཉིད་ཀྱི་རྐང་པ་གཉིས་ལ་བརྟེན་ནས་ཡིད་ཆེས་དང་སྙིང་སྟོབས་བསྐྱེད་དེ་བསྒྲུབ་དགོས་པའི་བྱ་བ་ལ་ཤི་རུས་བྱེད་རན་འདུག ངས་ཁྱོད་ཚོ་ལ་བསྒྲུབ་དགོས་པའི་བྱ་བ་ལ་ཤི་རུས་བྱོས་ཟེར་བ་ནི་ཁྱོད་ཀྱིས་ལྭ་བ་དམར་པོ་ཞིག་རྒྱབ་ཏུ་གཡུག་ནས་བླ་མས་གནང་བའི་སྡོམ་པ་ཞིག་བག་ཏུ་ཉལ་ཏེ་འཇིག་རྟེན་པའི་ལས་ལ་ཞུགས་ནས་ཁྱིམ་ལས་ལ་མགོ་འཁོར་བ་དང་འབུ་བསྐོ་ས་དང་གྲོ་མ་བསྐོ་ས་ལ་སོང་ཟེར་བ་མིན་ལ་ཁང་སྟོང་ནང་དུ་མཛུལ་ནས་བསྙེན་པ་རེ་ལ་མགོ་འཁོར་ནས་སྡོད་ཟེར་བ་དེ་བས་ཀྱང་མིན། ངས་ཁྱེད་རྣམས་ལ་ཞུ་འདོད་པ་ནི་ང་ཚོ་འདྲ་མཉམ་གྱི་སྒོ་ནས་སློབ་སྦྱོང་ལ་སྤྲོ་བ་ཡོད་པ་དང་མེས་པོ་ཚོས་བཞག་པའི་ཕ་ཆོས་ཟབ་མོ་རྣམས་ལ་སློབ་སྦྱོང་བྱེད་དགོས་ཞེས་པ་དེ་ཡིན།   ཟ་མ་མོའམ་དགེ་མ་སུ་ཡིན་རུང་ཁྱེད་ཚོས་ནམ་ཡང་ཤེས་དགོས་པ་ཞིག་ནི་ཁྱོད་ཅག་གི་ཐོབ་ཐང་ཕོ་ཡི་ལག་ཏུ་མེད་པར་རང་གི་འཇོན་ནུས་ཀྱིས་འཚོལ་དགོས་པ་ཞིག་ཡིན་སྙམ་མོ། །

གསལ་བཤད། བུད་མེད་དང་བཙུན་མའི་བར་ཐག་རྩོམ་འདི་ཡི་བག་ཏུ་ཉལ་ཡོད།

https://mp.weixin.qq.com/s/ZfrTTtMkgvHkxZV39rO_PQ

Leave a Comment

Your email address will not be published. Required fields are marked *

*