བོད་ཀྱི་དེང་རབས་རྩོམ་རིག་གི་གནས་བབ་དེ་ག་འདྲ་ཞིག་ཡིན་ནམ།
འགའ་ཞིག་གིས་བོད་ཀྱི་དེང་རབས་རྩོམ་རིག་དེ་འཛམ་གླིང་རྩོམ་རིག་དང་ཧ་ལམ་ཆ་མཉམ་པར་བཤད་ལ། ལ་ཤས་ཀྱིས་བོད་ཀྱི་དེང་རབས་རྩོམ་རིག་དེ་ད་དུང་ཆུ་ཚད་ཧ་ཅང་དམའ་བར་བརྗོད། དྲང་མོར་བཤད་ན། དེ་ལྟར་ཡིན་མིན་ཅི་རིགས་རྗོད་མཁན་རྣམས་ནི་བརྩམས་ཆོས་མེད་པའི“རྩོམ་པ་པོ”འབའ་ཞིག་ཡིན་པ་ལས་ངེས་པ་དོན་གྱི་རྩོམ་རིག་ལས་དོན་ལ་ཤ་ཐང་རུས་ཐང་དུ་འབད་མཁན་རྣམས་ནི་མ་ཡིན་ནོ། ། དེ་ལྟ་བུའི་གནས་ཚུལ་ལ་དམིགས་ཏེ། དོན་དམ་དུ་བོད་ཀྱི་དེང་རབས་རྩོམ་རིག་གི་གནས་བབ་དེ་ག་འདྲ་ཞིག་ཡིན་ནམ་ཞེས་པའི་གླེང་གཞི་འདི་ལྟ་བུ་ཞིག་བཟོས་ཏེ་རང་རེའི་རྩོམ་སྟེགས་སྟེང་གསར་རྩོམ་གྱི་ལས་ལ་ཧུར་ཐག་འབད་ཐག་གིས་གཞོལ་བའི་ན་གཞོན་རྩོམ་པ་པོ་སྐོར་ཞིག་ལ་བཅར་འདྲི་བྱས་པ་ཡིན་ལ། འདི་ལས་བོད་ཀྱི་དེང་རབས་རྩོམ་རིག་གི་གནས་བབ་ནི་ཇི་ལྟ་བུ་ཞིག་ཡིན་པར་ངོས་ཟིན་ཅུང་ཟད་སྐྱེས་ཏེ། མ་འོངས་པ་ན་རྩོམ་པ་པོ་རྣམས་ཀྱིས་རྩོམ་རིག་གསར་རྩོམ་ལ་སྔར་བས་ཤུགས་རྒྱག་པ་དང་། ཁོང་རྣམ་པའི་སྨྱུག་རྩེ་རུ་བརྩམས་ཆོས་རླབས་པོ་ཆེ་མང་པོ་འཁྲུངས་པའི་སྨོན་འདུན་ཞུ།
https://mp.weixin.qq.com/s/ibolDwM2C-v_7wX2Rlt8Vw
སྤྱིར་བོད་ཀྱི་དེང་རབས་རྩོམ་རིག་ནི་སྙན་ངག་དང་ལྷུག་རྩོམ།འབོལ་རྩོམ། སྒྲུང་གཏམ་སོགས་རྩོམ་ལུས་མང་པོས་གྲུབ་ཡོད་ཀྱང་སོ་སོར་བཤད་ན་རྙོག་དྲ་ཆེ་བས།ངས་འདི་ནས་ང་ལ་ཆ་རྒྱུས་ཏོག་ཙམ་ཡོད་པའི་སྒྲུང་གཏམ་དམིགས་སུ་བཀར་ནས་འཆད་པ་བྱ། ཐོག་མར་བོད་ཕྱི་ནང་གཉིས་ཀྱི་འདུད་སྡོད་ཀྱི་ཆ་ནས་བལྟས་ན།བོད་རྒྱ་དབྱིན་གསུམ་གྱི་སྐད་རིགས་ཆེན་པོ་གསུམ་སྤྱོད་བཞིན་པས་ན། སྒྲུང་གཏམ་འབྲི་མཁན་གྱི་དཔུང་ཁག་གི་ངོས་ནས་བཤད་ན་སྐད་རིགས་གསུམ་དུ་དགར་དགོས་ཀྱང་། ཕྱི་རུ་དབྱིན་ཡིག་གི་ལམ་ནས་རིག་གཞུང་ཞིབ་འཇུག་བྱེད་མཁན་མང་པོ་ཡོད་ཀྱང་། སྒྲུང་གཏམ་འབྲི་མཁན་ཉུང་ཤས་རེ་ཡོད་ཀྱང་སྐད་ཡིག་དེའི་ཁྱབ་ཁོངས་ནས་དཔུང་ཁག་ཅིག་གྲུབ་མེད། དེའི་ཕྱིར་ལྟོས་བཅས་ཀྱིས་བཤད་ན་བོད་སྐད་ཡིག་གི་ལམ་ནས་འབྲི་མཁན་གྱི་དཔུང་ཁག་ཅིག་དང་རྒྱ་ཡིག་གི་ལམ་ནས་འབྲི་མཁན་གྱི་དཔུང་ཁག་གཉིས་གྲུབ་ཡོད། བོད་ཡིག་ལམ་ནས་སྒྲུང་གཏམ་འབྲི་བའི་རྩོམ་པ་པོ་ནི་ལོ་རབས་བརྒྱད་ཅུ་པ་ནས་བརྩིས་ན་མི་ཉུང་བ་ཞིག་ཡོད་ཀྱང་། མང་པོ་ཞིག་གི་བློ་ཁ་འགྱུར་ནས་ལས་རིགས་གཞན་གཉེར་ལ། ཡང་ལ་ཤས་ཤིག་སྒྲུང་གཏམ་དང་རྒྱང་ཐག་རིང་དུ་བཀྱེད་སོང་། རྒྱ་ཡིག་ལ་སོགས་སྐད་རིགས་གཞན་པའི་ལམ་ནས་རྩོམ་རིག་གསར་རྩོམ་བྱེད་ན་དེ་ནི་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་ཡང་། གནད་ཀྱི་དོན་པོ་ཕ་སྐད་མ་ཡིག་གི་ལམ་ནས་གསར་རྩོམ་གནང་བའི་རྩོམ་པ་པོ་རྣམས་ལ་རག་ལས་ཡོད། སྤྱིར་ལོ་འདི་འགའི་རིང་གྲངས་འབོར་གྱི་ཆ་ནས་སྒེར་གཞུང་གཉིས་ནས་སྒྲུང་གཏམ་གྱི་དཔེ་ཆ་དང་དཔེ་ཚོགས་མང་པོ་པར་སྐྲུན་འགྲེམ་སྤེལ་བྱེད་བཞིན་ཡོད་ལ། རྒྱུ་སྤུས་ཀྱི་ཆ་ནས་བཤད་ན་རྒན་བདུད་ལྷ་རྒྱལ་གྱིས་གསུངས་པ་ལྟར་རྩོམ་པ་པོ་ཕྱི་མ་ཕྱི་མ་དག་གི་བརྩམས་ཆོས་སྔ་མ་སྔ་མ་ལས་ཀྱང་ཐོད་རྒལ་བྱེད་བཞིན་ཡོད་ཀྱང་། རང་རེའི་རྩོམ་པ་པོ་དག་ལ་ཡང་སྐྱོན་མེད་པ་མ་ཡིན།
གཙོ་བོ་ཕྱོགས་གསུམ་གྱི་ཐད་ནས་བཤད་ན། དང་པོ། སྒྲུང་གཏམ་འབྲི་མཁན་མང་ཆེ་བ་ལས་ཞོར་དུ་འཇུག་པ་ཡིན་པས། ཐོག་མ་ཉིད་ནས་རྩོམ་རིག་ནི་རང་གི་དགའ་ཕྱོགས་ཙམ་ལས་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་གཅིག་པུར་འཛིན་ཐུབ་མེད་ལ། དེའི་ཆེད་དུ་རང་གི་ཆུ་ཚོད་དང་འཇོན་ནུས། ཐོབ་དང་གོ་ས། རྒྱུ་འབྱོར་སྙན་གྲགས། འཇིག་རྟེན་སྣང་བ་དང་སྒེར་གྱི་སྐྱིད་སྡུག་སོགས་ཡོངས་སུ་བློས་གཏོང་ཐུབ་ཀྱིན་མེད། རྒྱལ་ཁབ་ཕྱི་ནང་གི་རླབས་ཆེ་བའི་རྩོམ་པ་པོ་སུ་ཡིན་ཡང་རྩོམ་རིག་གི་ཆེད་མགོ་འབུལ་ལུས་འབུལ་བྱེད་པའི་སྙིང་སྟོབས་ཡོད་ལ། རྩོམ་རིག་གི་ཆེད་དུ་ཡོད་ཚད་བློས་གཏོང་བའི་ཕུགས་བསམ་ཡོད་པས། རང་རེའི་རྩོམ་པོ་པོ་རྣམས་ལ་ཆེས་དབུལ་ཞིང་ཕོངས་པ་ནི་རྩོམ་རིག་གི་ཆེད་དུ་ཡོད་ཚད་བློས་གཏོང་བའི་མིག་རྒྱང་དང་ཕུགས་བསམ་མེད་པ་དེའོ། །གཉིས་པ། རིག་པའི་ཀློང་བརྡོལ་བའི་རྩོམ་པ་པོ་ཞིག་ཡིན་ཡང་ཤེས་རབ་ཀྱི་འབྱུང་ཁུངས་སུ་གྱུར་པའི་དཔེ་ཀློག་ནི་མེད་མི་སྲིད་པས། རྩོམ་པ་པོ་ཞིག་ཡིན་ན་གསར་རྩོམ་ལ་འཇུག་པ་དང་དཔེ་ཆ་པར་དུ་བསྐྲུན་པ་ནི་ཁོའི་སྐབས་བསྟུན་གྱི་དམིགས་འབེན་ཡིན་ཡང་། པར་སྐྲུན་ལྟག་རྒྱབ་ཀྱི་རྩོམ་པ་པོ་དང་དཔེ་ཀློག་གི་འབྲེལ་བ་དེ་གང་འདྲ་རེད་དམ། དཔེ་ཆ་མང་པོ་བྲིས་པའམ་འགྲེམ་སྤེལ་བྱས་པས་དཔེ་ཆ་མང་པོ་བཀླགས་ཡོད་པ་མཚོན་ནམ་ཟེར་ན་གཏན་ནས་མ་ཁྱབ། རང་རེའི་རྩོམ་པ་པོ་མང་པོས་ནམ་རྒྱུན་དཔེ་ཆ་མང་པོ་མི་ཀློག་པར་སྟོང་བ་ཉིད་སྒོམ་པ་ལྟར་དྲན་ཤེས་སུ་སྒྱུ་མའི་ཕོ་བྲང་བཞེང་བཞིན་ཡོད་པས། སྙན་ངག་ལ་དེ་འདྲ་བའི་འཆར་ཡན་གྱི་མྱོང་ཐོབ་ཡོད་སྲིད་ཀྱང་། སྒྲུང་གཏམ་ནི་ཤེས་བྱ་སྣ་མང་དང་ཡུལ་སྲོལ་གོམས་གཤིས་ལ་མཁས་ཤིང་། ཕྲ་ཞིབ་ཀྱི་ཚོར་བ་རྣོན་པོས་སྣ་མང་རྙོག་འཛིང་གི་འཚོ་བ་མཚོན་ཐུབ་དགོས་པས་དཔེ་ཀློག་གི་གོམས་གཤིས་མེད་པ་ནི་ལག་རྡུམ་རི་གཟར་གྱི་བྲག་ལ་འཇུས་པ་དང་གཉིས་སུ་མེད། དཔེ་ཀློག་གི་མཐར་ཐུག་གི་དམིགས་ཡུལ་ནི་ཤེས་བྱ་མ་ལག་ཅན་དུ་བཏང་ནས་རྒྱུད་ལ་རང་རྐྱ་ཐུབ་པའི་མཛེས་དཔྱོད་ཀྱི་རིན་ཐང་དང་མཚན་ཉིད་ཀྱི་ལྟ་གྲུབ་ཆགས་དགོས་པ་ཡིན་མོད། དོན་དངོས་སུ་དེ་མཚུངས་ཀྱི་དོན་གཉེར་བ་དུ་ཡོད། བར་སྐབས་ཤིག་ལ་ང་རང་གིས་དཔེ་ཀློག་དང་བསམ་གཞིག་ཉུང་དུ་བཏང་ནས་དགོས་མེད་ཀྱི་ཡིག་ཚོགས་མང་པོ་སྤུངས་བས་ད་ནི་ཅུང་ཟད་འགྱོད་སྣང་སྐྱེས་ཡོང་། གསུམ་པ། སྤྱིར་འདུས་བྱས་ཀྱི་མི་ཞིག་ཡིན་ན་འཇིག་རྟེན་ཆོས་བརྒྱད་ཀྱི་བདག་ཉིད་ཅན་ཞིག་ཡིན་པས། བསྟོད་ན་དགའ་ཞིང་སྨད་ན་མི་དགའ་བ་ཆོས་ཉིད་ཡིན་ཡང་། དེང་སྐབས་དྲ་རྩོམ་ཤིན་ཏུ་དར་བས་རྩོམ་པ་པོ་མང་པོས་དྲ་ལམ་ན་རྣ་ཀྲོག་ཀྲོག་དང་མིག་རིག་རིག་བྱས་ཏེ། གྲགས་སྐམ་གྱི་བགྱི་བ་དོན་དུ་གཉེར་བཞིན་ཡོད། སྒྲུང་གཏམ་འབྲི་མཁན་རྣམས་ལྟོས་བཅས་ཀྱིས་ཅུང་ཟད་གཟབ་ནན་དང་སྒམ་བརླིང་ཡིན་ཡང་། ད་དུང་རྣམ་རིག་རྩེ་གཅིག་དང་ལྷོད་དུ་འབབ་ཐུབ་ཀྱིན་མེད་པས་ཐོག་མར་གཞན་རིགས་ཀྱི་སྔོན་ཐོན་མཚོན་ཐབས་བླངས་པ་འདང་མེད། རང་མི་རིགས་ཀྱི་སྲོལ་རྒྱུན་རྒྱུད་འཛིན་བྱས་པ་ཉུང་དྲགས་ཤིང་རང་གི་བརྩམས་ཆོས་ལ་དེ་མཚུངས་ཀྱི་ཁྱད་ཆོས་མེད་ལ། རང་ལ་གཏོགས་པའི་རྩོམ་རིག་གི་རྒྱལ་ཁམས་ནི་དེ་བས་བསྐྲུན་ཐུབ་མེད། དེའི་ཕྱིར་ལ་ཤས་ཀྱིས་སྒྱུ་རྩལ་མཚོན་ཐབས་གཙིགས་སུ་བཟུང་བས་དངོས་ཡོད་འཚོ་བ་དང་ཁ་བྲལ་བ་དང་། ལ་ཤས་ཀྱིས་བྱུང་རིམ་གཙིགས་སུ་བཟུང་བས་སྒྱུ་རྩལ་གྱི་འཚོལ་རྟོག་རིང་དུ་དོར་བ་སོགས་མང་པོ་ཡོད་ཀྱང་། དེ་དག་རྩོམ་རིག་གི་གཞུང་ལུགས་ཀྱི་ཁོངས་སུ་གཏོགས་པས་སྐད་ཆ་ཉུང་ཉུང་ཞིག་གིས་དབྱེ་ཞིབ་དང་ཕྱོགས་བསྡོམས་འདྲ་བོ་བྱེད་ཐུབ་པ་ཞིག་མ་རེད།
མདོར་དྲིལ་ན། རང་རེའི་སྒྲུང་གཏམ་གྱི་གནད་དོན་ཆེ་བ་ནི་བྱུང་རིམ་གྱི་ཆ་ནས་ཞིབ་འབྲི་མེད་པར་རགས་བརྗོད་ཆེ་བས་སྒྱུ་རྩལ་གྱི་འགུགས་ཤུགས་མེད་ཅིང་། མཚོན་ཐབས་ཀྱི་ཆ་ནས་གླུ་བརྒྱ་གདངས་གཅིག་ཡིན་པས་གསར་གཏོད་ཀྱི་ཁྱད་ཆོས་མེད། ནང་དོན་གྱི་ཆ་ནས་རང་སྣང་གང་ཤར་ཡིན་པས་སྣ་མང་རྙོག་འཛིང་གི་སྤྱི་ཚོགས་དང་མི་གཤིས་ཀྱི་ཟབ་སར་འཛུལ་ཐུབ་མེད་པ་བཅས་སོ། །
བོད་ཀྱི་དེང་རབས་རྩོམ་རིག་གི་གནས་བབ་དེ། གཅིག་ན《སྦྲང་ཆར》གྱི་ངོས་ནས་བལྟས་པ་དང་། གཉིས་ན་ང་རང་ཉིད་ཀྱི་བསམ་ཚོད་ལྟར་ན་ཉམས་དགའ་བ་ཞིག་རེད། སེམས་སྐྱིད་པ་ཞིག་རེད། བྱེ་བྲག་གི་རྩོམ་ལུས་སོ་སོའི་ཐད་ནས་དོ་མི་མཉམ་པའི་གནས་ཚུལ་རེ་ཟུང་མཆིས་ནའང་། སྤྱིའི་ཆ་ནས་བལྟས་ན་དེ་འདྲ་ཞིག་རེད་ཅེས་ཟེར་རུང་འགལ་བ་མེད་སྙམ། ཅིའི་ཕྱིར་ཞེ་ན། བོད་ཀྱི་དེང་རབས་རྩོམ་རིག་འདི་དང་པོ་གོམ་པ་ཁྱར་ཁྱོར་སྤོས་པ་ནས་ད་ལྟ“གེགས་མེད་སྐྱོན་བྲལ”ངང་མདུན་དུ་བསྐྱོད་དང་སྐྱོད་བཞིན་པའི་གནས་ཚུལ་འདི་ཁོ་ནས་ཀྱང་། སྐད་དང་ཡི་གེ་ཉག་ཕྲ་བའི་ང་ཚོར་མཚོན་ན་ཉམས་མི་དགའ་རང་དགའ་དང་སེམས་མི་སྐྱིད་རང་སྐྱིད་རེད་མི་འདོད་དམ།
སྤྱིར་བོད་ཀྱི་དེང་རབས་རྩོམ་རིག་ལ་ལོ་ངོ་སུམ་ཅུ་ལྷག་གི་ལོ་རྒྱུས་ལས་མེད་ནའང་། དེའི་ཚོད་ཀྱི་འབྲས་བུ་གཏོས་ཆེ་ཞིང་གྲངས་ཀྱིས་མི་ཟིན་པ་ཞིག་ཡིན་པ་གོར་མ་ཆག་ཅིང་། ལྷག་པར་དུ། དུས་རབས་གསར་པའི་གནས་སྐབས་སུ་སླེབས་མཚམས་ནས། ནང་དོན་དང་རྣམ་པ་གང་ཅིའི་ཐད་ཡར་ངོའི་ཟླ་བར་བསྒྲུན་ནུས་པའི་འཕེལ་རྒྱས་བྱུང་འདུག་པ་མངོན་གསལ་རེད། འདིའི་སྐོར་ནས། ཁོ་བོས《ཟིང་ལོང་རྡེའུ་འགྲེམས》ཞེས་པར་ཅུང་ཟད་སྤྲོས་ཡོད་པས། འདིར་ཆེད་དུ་མ་བཀོད་དོ། །
ངས་རྩོམ་རིག་ལ་རྫུན་འགྲོ་ས་ཡོད་པ་མ་རེད་ཅེ་ན། ཁྱེད་ཅག་གིས་རྩོམ་རིག་ནི་བློ་བཟོ་ལས་བྱུང་བས་རྫུན་ཡིན་པ་ལས་ངོ་མ་ཞིག་ཅི་ལ་ཡིན་ཨང་ཟེར་ངེས། ཟེར་སྒྲོས་དེ་ནི་རྩོམ་རིག་བརྩམས་ཆོས་ནང་གི་གཏམ་རྒྱུད་ཁོ་ནའི་ངོས་ནས་གོ་བ་བླངས་པའི་སྐད་ཆ་ཞིག་ཡིན་པར་བརྟེན། ངས་འདི་ནས་བཤད་པའི་རྫུན་འགྲོ་ས་ཡོད་པ་མ་རེད་ཟེར་བའི་དོན་དང་གཅིག་པ་མ་ཡིན། ངས་བཤད་པ་ནི་མི་རིགས་ཤིག་གི་རྩོམ་རིག་བརྩམས་ཆོས་ཀྱིས་མི་རིགས་དེ་རང་གི་སྤྱི་པའི་སེམས་ཀྱི་རྒྱ་ཆེ་ཆུང་དང་། ཚོར་བའི་རྣོ་རྟུལ། འཆར་ཡན་ཕུན་ཚོགས་མིན། དེ་མིན་སྐད་ཆའི་མཚོན་སྟོབས་ལ་ངར་ལྡུད་ཐུབ་ཡོད་མིན། ངོས་འཛིན་མང་པོ་ཞིག་ལ་རང་གཤིས་ཐོན་ཡོད་མིན་སོགས་དང་། ད་དུང་རིག་གནས་རང་རྐྱ་འཕེར་ཐུབ་ཡོད་མིན། འཚོ་གནས་ཀྱི་རང་མགོ་ཐོན་ཡོད་མིན། སྙིང་ལ་རུས་པ་ཡོད་མིན་སོགས་དངོས་དང་ཤུགས་གང་རུང་གིས་མཚོན་བཞིན་ཡོད་པ་དེ་ལ་ཟེར་བ་ཡིན་ཏེ། འདིའི་ངོས་ཐད་ནས་གོང་གི་དེ་དག་གི་གནས་བབ་ཅི་འདྲ་ཡིན་ན་རྩོམ་རིག་དེ་མི་རིགས་དེའི་རྩོམ་པ་པོ་བྱེ་བྲག་པ་ཞིག་གི་སྨྱུག་རྩེ་ནས་དེ་དང་བབ་མཐུན་གྱི་བརྩམས་ཆོས་ཀྱི་རྣམ་པ་ཞིག་གིས་མངོན་ཡོང་བ་རེད། སྤྱིར་དེ་ལྟ་བུའི་བྱེ་བྲག་གི་རྩོམ་པ་པོ་དང་དེའི་བརྩམས་ཆོས་ལ་ཞིབ་ཕྲའི་ཁོར་ཡུག་གི་གནས་སྟངས་ལས་ཅུང་ཐོལ་བརྒལ་བྱུང་ཡོད་པའི་ཉམས་ཤིག་མཚམས་རེར་སྟེས་དབང་གིས་མངོན་སྲིད་ཀྱང་། མི་རིགས་སྤྱིའི་གནས་བབ་ཀྱི་འདེགས་ཤུགས་ལ་མ་བརྟེན་པ་ཞིག་ལར་ནས་འབྱུང་ཁག་པོ་ཡིན། དེར་བརྟེན། རྒྱུ་དང་འབྲས་བུ་དང་རྟེན་དང་རྟེན་གཞིའི་བར་གྱི་འབྲེལ་བ་འདི་ལ་རྫུན་འགྲོ་ས་ཡོད་པ་མ་རེད། རྩོམ་རིག་ལ་རྫུན་འགྲོ་ས་ཡོད་པ་མ་རེད། རྩོམ་རིག་གང་དེས་མི་རིགས་གང་ཞིག་གི་སྤྱི་བའི་ཆུ་ཚད་མཚོན་པ་དེ་ལ་ཡང་རྫུན་འགྲོ་ས་ཡོད་པ་མ་རེད། དེ་བས་ཀྱང་གསོག་འཇོག་དང་འདེགས་ཤུགས་མེད་ས་ཞིག་ན་ཐོལ་བརྒལ་རབ་དང་རིམ་པ་ཞིག་དེ་བས་ཀྱང་ཡོད་དཀའ་བ་དེར་ཡང་རྫུན་འགྲོ་ས་ཡོད་པ་མ་རེད།
གནས་ལུགས་འདིའི་ངོས་ནས་བལྟས་ན། བོད་ཀྱི་དེང་རབས་རྩོམ་རིག་གི་གནས་བབ་ཅི་འདྲ་རེད་ཟེར་བའི་གླེང་གཞི་འདི་ལ་ཡང་ལན་ལྟོས་བཅས་ཀྱིས་འོས་འཚམས་ཤིག་རྙེད་སྲིད། འདི་ནི་བོད་མི་རིགས་སྤྱི་པའི་གནས་བབ་དང་འབྲེལ་བའི་གླེང་གཞི་རྙོག་དྲ་ཅན་ཞིག་ཏུ་ཡང་རང་བཞིན་གྱིས་གྱུར་ཡོད་དེ། བོད་ཀྱི་དེང་རབས་རྩོམ་རིག་ནི་བོད་ཀྱི་སྐད་དང་ཡི་གེ། རིག་གནས། སྤྱི་ཚོགས་སོགས་ཀྱི་གནས་བབ་མཚོན་པའི་བསྡུས་གཟུགས་ལྟ་བུ་ཞིག་ཡིན་པ་དང་། གང་ཞིག་སྨིན་ཞིང་ནར་སོན་མེད་པའམ། ཡང་ན་རྒྱུད་འཛིན་དང་གོང་འཕེལ་ཡག་པོ་བཏང་མེད་པ། འཆོལ་ཞིང་རང་ཚུགས་མེད་པ། བགེགས་དང་བར་ཆད་ལ་འཕྲད་ཡོད་པ། ཧོལ་རྒྱུག་དང་ཡ་མ་བརླར་གྱུར་ཡོད་པ། ཨ་གསར་ངང་ཐུང་ཡིན་པ། ང་རྒྱལ་རང་རློམ་ཆེ་བ་སོགས་ཏེ། མདོར་ན་བོད་པའི་དེང་རབས་སྤྱི་ཚོགས་སུ་ཡི་ཐང་ཆད་པའི་སྣང་ཚུལ་ཅི་ཡོད་བོད་ཀྱི་དེང་རབས་རྩོམ་རིག་ལ་ཡང་ནད་ཡམས་བཞིན་འགོས་ཡོད་པ་གདོན་མི་ཟ། ལ་ལ་ཞིག་གིས་གནད་འདིར་ཁས་འཆེས་མི་འདོད་དེ། ལྷག་པར་དུ་རྩོམ་པ་པོའི་ཆོ་ལོ་ཡོད་མཁན་ནམ་རང་གིས་རང་ལ་ཆོ་ལོ་དེ་བཏགས་ཡོད་མཁན་མང་པོ་ཞིག་གིས་རང་ཉིད་གོང་གསལ་གྱི་བོད་པའི་སྤྱི་ཚོགས་ཀྱི་གནས་བབ་དེ་དག་ལས་ཟུར་དུ་བཀྱེད་ཡོད་པའམ་ཡང་ན་འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མས་མ་གོས་པ་ཞིག་ཡིན་པར་རློམ་ཡོད་ཀྱང་། རྩོམ་རིག་གི་མདུན་དུ་རྫུན་ནི་ལར་ནས་འགྲོ་མི་སྲིད་དེ། རང་ཉིད་རང་གི་ལག་མཐིལ་དུ་བླངས་ནས་ཞིབ་ལྟ་ལན་འགའ་གནོངས་དང་། བོད་ཀྱི་དེང་རབས་རྩོམ་རིག་འདི་རྩོམ་རིག་གི་བདེན་པ་ཟེར་བ་དེར་ད་དུང་བར་ཐག་ཅི་འདྲ་ཡོད་པ་མཐོང་ཐུབ་ངེས་ལ། དེ་ལྟར་བར་ཐག་གིས་ཆོད་དོན་ཡང་ལག་མཐིལ་དུ་ལུས་པའི་རང་ཉིད་ལས་ཞིབ་ཏུ་རྟོགས་ངེས་པར་སྙམ་ཞིང་། དེ་བས་ཀྱང་བོད་པ་སྤྱིའི་གནས་བབ་ལས་ཀྱང་ངང་གིས་རྟོགས་ཐུབ་པར་སྙམ།
དོན་དམ་དུ། ང་ཚོ་ནི་ད་དུང་དམིགས་སར་སླེབས་མེད་པའི་ལམ་འགྲོ་པ་ཞིག་ཡིན་པས། ང་ཚོར་མཁོ་བ་རྒྱལ་ཁའི་ཀུ་ཅོ་སྒྲོག་རྒྱུ་དེ་མ་ཡིན་ལ་ངོམས་སོའི་དར་དམར་གཡུགས་རྒྱུ་དེ་ཡང་མ་ཡིན་པ་འདྲ། ང་ཚོར་མཁོ་བ་ནི་ལམ་འགྲོ་པ་ཞིག་གི་བརྟུལ་ཞུགས་ཏེ། ཁ་ཁུ་སིམ་མེར་རྔུལ་ཆུ་ཁྲོམ་མེར། ཁེར་རྐྱང་ལ་བཟོད་བསྲན་བགྱིས་པ་དང་གོམ་པ་རེ་རེ་བཞིན་ནན་ཏན་གྱིས་སྤོས་ནས་མདུན་དུ་བསྐྱོད་རྒྱུ་དེ་ཡིན་པ་འདྲ། དེ་ལྟ་བུའི་ལམ་གྱི་མདུན་ཕྱོགས་ན་གཞི་ནས་རྩོམ་རིག་གི་བདེན་པ་ཡོད་སྲིད་ཅིང་། བོད་ཀྱི་དེང་རབས་རྩོམ་རིག་གི་གཟི་དཔལ་འབར་བའི་རྒྱལ་ཁ་ཡང་ཡོད་ངེས། །
ཕྲན་གྱིས་བོད་ཀྱི་དེང་རབས་རྩོམ་རིག་གི་གནས་བབ་དེ་ཧ་ཅང་ཡག་པོར་མཐོང་མེད་ལ། མ་འོངས་པའི་མདུན་ལྗོངས་ཀྱང་འགའ་ཞིག་གིས་བརྗོད་པ་ལྟར་མཚར་སྡུག་འོད་སྟོང་ལྡན་པ་ཞིག་ཡིན་པར་མི་འདོད། ཡིན་ཡང་དེ་རྒྱུ་མཚན་དུ་བྱས་ནས་རྩོམ་འབྲི་བའི་དཔའ་གདེང་ནི་ཉམས་མི་སྲིད། དེའང་རྩོམ་མཁན་མང་པོ་ནི་ལྷ་སྒྲུང་གིས་དོར་ཟིན་པ་དང་མངོན་སུམ་ལ་བྱོལ་ཟིན་ཏེ། ངེད་ཅག་གི་བརྩམས་ཆོས་ནང་གི་འཇིག་རྟེན་ནི་མི་ཡུལ་གྱི་ཆེས་ཡིད་དུ་མི་འོངས་པ་དང་། སྐྱི་གཡའ་བ། ཞེ་མེར་བ། འཇིགས་སུ་རུང་བ་དག་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ངང་ནས་བསུབ་རྗེས་ཀྱི་ཕྱི་ཤུན་གྱི་འཇིག་རྟེན་དེ་རེད་ལ། ང་ཚོ་རང་གི་སྣང་བ་ཡན་པར་བཏང་རྗེས་ཀྱི“ཚོར་བའི་ཆུ་ཁ་ན་གཡེང་བའི་འཇིག་རྟེན”དེ་རེད། ང་ཚོས་ང་ཚོ་རང་གི་དུས་རབས་འདིའི་བླ་སྲོག་འཚོལ་བྱེད་ཀྱི་ལྷ་སྒྲུང་གསར་རྩོམ་བྱེད་པ་ལྟ་ཅི། ཐ་ན་དུས་སྐབས་འདིའི་མི་རྣམས་ཀྱི་འདོད་པ་མཚོན་བྱེད་ཀྱི་རྩོམ་སྐད་དང་ཐ་སྙད་ཀྱང་གསར་བཟོ་བྱེད་ཐུབ་མེད། ད་དུང་ཡང་ཚིག་སྦྱོར་སྙན་མོ་ཙམ་གྱིས་ཡིད་མགུ་ནས་སྐད་ཆའི་རྩེད་མོ་ཁོ་ནར་མགོ་འཁོར་ན་བོད་ཀྱི་དེང་རབས་རྩོམ་རིག་ཟེར་བ་དེར་དེང་རབས་ཞེས་པའི་ཐ་སྙད་འཇུག་དཀའ་སྟེ། རྩོམ་རིག་གི་བྲེ་ཡིས་གཞལ་བྱ་གང་ནི་རྩོམ་མཁན་གྱི་བསམ་བློའམ་རྣམ་ཤེས་ཀྱི་ལྗིད་ཚད་དེ་ཡིན་པ་ལས་ཁ་བདེ་ལྕེ་བདེ་དག་གི་ངག་ན་ལྦུ་བ་སོབ་སོབ་ཏུ་ཡོད་པའི་ཨ་ལ་ལ་མོ་ནི་མ་ཡིན་ནོ། །
སྔོན་ཆད་ལྟར་ན་དེང་རབས་རྩོམ་རིག་ཞེས་པ་ནུབ་ཕྱོགས་ཀྱི་དེང་རབས་རིང་ལུགས་ཀྱི་གྲུབ་མཐའ་མང་པོ་ཞིག་གི་སྤྱི་མིང་སྟེ་ལྐོག་གྱུར་གྱི་ཐ་སྙད་ཅིག་ཡིན་པ་ནི། དེའི་དོན་རང་མཚན་པའི་ཡིད་བརྙན་ལ་བརྟེན་ཏེ་སྤྱི་མཚན་གྱི་གོ་དོན་མཚོན་པ་ཞིག་དང་རྒྱུན་སྲོལ་གྱི་དངོས་ཡོད་འབྲི་ཐབས་དང་དཔྱོད་ཤེས་ལས་ལོགས་སུ་གྱེས་ཏེ་རང་སྣང་འཇིག་རྟེན་མཚོན་རྒྱུ་གཙོ་ཆེར་འཛིན་པས་སེམས་ཁམས་ཀྱི་འཇིག་རྟེན་དང་སྐད་ཆ་འབྲི་འགོད་བྱ་རྒྱུར་མཐོང་ཆེན་བྱེད་པ་དེ་འདྲའི་ལུགས་ལ་ཟེར་གྱིན་ཡོད་མོད། འོན་ཀྱང་དུས་ཀྱི་བགྲོད་པ་དང་མིའི་རིགས་ཀྱི་མཛེས་འཛིན་ལྟ་ཚུལ་ལ་འགྱུར་ལྡོག་བྱུང་བ་དེས་དེང་རབས་ཀྱི་གོ་དོན་དེ་ཡང་ཁོངས་ཡངས་པ་ཞིག་དང་མཐའ་མེད་པ་ཞིག་ཏུ་བསྒྱུར་པས་ན། དེང་རབས་རྩོམ་རིག་ཅེས་པ་ནི་འདིའོ་ཞེས་མཛུབ་མོ་འཛུགས་ས་ཞིག་མེད་སྙམ།
སྤྱིར་སྒྲ་ཡངས་འཇུག་གི་སྒོ་ནས་བཤད་ན་རང་རེའི་བོད་ཀྱི་དེང་རབས་རྩོམ་རིག་ཅེས་པར་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པ་ནས་ད་ལྟ་ལ་ཐུག་གི་བར་དུ་རྒྱུན་བསྐྱངས་ནས་ཡོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་ཡོད་ངེས་ནའང་། དོག་འཇུག་གི་སྒོ་ནས་བཀྲལ་ན་དེང་རབས་ཀྱི་གཞི་འཛིན་ས་དེ་རྣམ་པ་དང་ཡང་ན་རྗོད་བྱེད། བརྗོད་བྱ་གང་གི་ཁྱད་ཆོས་སུ་དམིགས་བཙུགས་ཆོག་པའི་གྲུབ་མཐའ་ཞིག་བྱུང་མི་འདུག་སྙམ། དེ་ལ་རྒྱ་ནག་གི་རྩོམ་སྟེགས་སུ་བཀྲ་ཤིས་ཟླ་བའི《རྒྱུན་བུའི་མདུད་པ་ལ་བརྒྱུས་པའི་རྣམ་ཤེས》སོགས་དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཀྱི་སྒྲུང་རྩོམ་བྱུང་བ་ལ་རྐྱེན་བྱས་ཏེ་རང་རེའི་བོད་ཀྱི་རྩོམ་སྟེགས་སུའང་རྩོམ་པ་པོ་ལྗང་བུའི《སོག་རུས་ལས་མཆེད་པའི་རྣམ་ཤེས》ལྟ་བུ་རེ་གཉིས་བྱུང་མྱོང་ནའང་དེ་ཡང་རྩོམ་པ་པོ་མི་སྒེར་གྱི་དགའ་ཕྱོགས་ཤིག་ལས་རྩོམ་རིག་སྤྱི་དང་ནང་སྒོས་སུ་ཀློག་པ་པོ་དག་ལ་ཤན་ཞུགས་ཆེན་པོ་ཐེབས་མེད། དེ་བས་བོད་ཀྱི་དེང་རབས་རྩོམ་རིག་ཅེས་པ《གཞོན་ནུ་ཟླ་མེད》སོགས་གཏམ་རྒྱུད་ལས་ལོགས་སུ་གྱེས་པའི་སྒྲུང་རྩོམ་ཞིག་དང《མེ་ལོང་མ》ཡི་རྐང་བ་བཤིག་པའི་སྙན་ཚིག་ཅིག་སྟེ་མདོར་ན་སྲོལ་རྒྱུན་རྩོམ་རིག་ལ་སུན་འབྱིན་བྱེད་པའི་གདོང་ལེན་གྱི་འགན་ལྷུར་བླངས་པའི་འདུ་ཤེས་འཛིན་སྟངས་ཤིག་ལ་བརྗོད་ཆོག་སྙམ།
དུས་རབས་ཉེར་གཅིག་པ་མགོ་ཚེས་ཚུན་དུ་སྟེང་གི་བཀོད་པའི་འགྱུར་ལྡོག་ཅི་རིགས་ཀྱི་དབང་གིས་རྩོམ་རིག་གི་བྱེད་ནུས་དེ་ཡང་བརྡ་འཕྲིན་ཅན་དང་ངོས་སྙོམས་ཅན་དུ་འཕོས་ཏེ་གློག་བརྙན་སྒྱུ་རྩལ་སོགས་སུ་རིམ་འཕར་བྱུང་བ་དེས་རྩོམ་རིག་གི་དེང་རབས་རང་བཞིན་ལ་ཉོག་དྲ་བསླངས་ཡོད་མོད། འོན་ཀྱང་དེང་རབས་རྩོམ་རིག་གི་མེས་པོར་ཁས་འཆེ་བའི་སྙན་ངག་པ་ཆེན་མོ་བྷོ་ཏིར་ལེར་གྱིས“ང་ལ་སྐྱག་ལུད་སྤྲོད་དང་། ངས་དེ་གསེར་དུ་བསྒྱུར་ཐུབ”ཅེས་པ་དེང་རབས་རྩོམ་རིག་གི་གཞི་འཛིན་ས་བྱས་པ་ཡིན་ན། བོད་ཀྱི་དེང་རབས་རྩོམ་རིག་གི་ཁྲོད་དུའང་ཕལ་བའི་ཁྱིམ་ཚང་དང་མི་སྣ་བརྗོད་གཞི་བྱས་པའི་སྒྲུང་རྩོམ་གང་མང་མང་ཞིག་ཐོན་འདུག་ལ། སྙན་ངག་རྣམས་སུ་སྨད་འཚོང་མ་དང་ཡུག་ས་མ་སོགས་ལ་བསྟོད་བསྔགས་སྒོས་སྲོལ་རྒྱུན་ངན་པའི་བློ་རིག་དེ་དག་རྨང་ནས་མགོ་རྟིང་སློག་པ་ལ་ནི་དེང་རབས་ཀྱི་ངོ་བོ་གསལ་རྗེན་དུ་ཐོན་འདུག་སྙམ།
ཡིན་ནའང་ཉེ་བའི་ལོ་འདི་དག་གི་རིང་ལ་ཀྲུང་ཕྱིའི་དེང་རབས་སྒྲུང་གཏམ་དང་སྙན་ངག་མང་པོ་ཞིག་བོད་འགྱུར་བྱས་པའི་འཕྲིན་ལས་ཀྱིས་སྒྲུང་གཏམ་གྱི་སྒྲིག་གཞི་དང་མཚོན་ཐབས། སྙན་ངག་གི་ཡིད་བརྙན་བཀོད་སྟངས་སོགས་རྒྱལ་སྤྱི་ཅན་དུ་འཕོས་པའི་འགྱུར་ལྡོག་དེ་ལས་འཛམ་གླིང་སྤྱིའི་རྩོམ་རིག་གི་ཁ་ཕྱོགས་ཆེན་པོ་ཞིག་བོད་ཀྱི་རྩོམ་པ་པོ་དག་གི་རྒྱུད་ལ་སིམ་གྱིན་པ་དེས་མ་འོངས་པའི་བོད་རྩོམ་གྱི་འཕེལ་ལམ་ལ་འགྲན་སློང་གསར་པ་ཞིག་བསྐྲུན་དང་སྐྲུན་བཞིན་ཡོད་པས། བོད་ཀྱི་རྩོམ་པ་པོ་ཞིག་ལ་མཚོན་ན་རྩོམ་གྱི་མཚོན་ཐབས་དང་གྲུབ་མཐའ་སོགས་གང་ལ་ཚོད་ལྟ་བྱས་ཆོག་པ་ཞིག་ཡིན་ནའང་། འཛམ་གླིང་སྤྱིའི་དཔལ་ཡོན་གྱི་སེམས་ཁ་དེའི་དབང་གིས་མི་རྒྱུད་དང་བུད་མེད་ལ་མཐོང་ཆུང་བྱེད་པའི་རྩོམ་ཡིག་དག་ནི་བླང་བྱ་མིན་པས་ན་དེང་རབས་ཀྱི་གཟུགས་སུ་གྲུབ་པའི་ཐུན་མོང་གི་བློ་ཁ་ཞིག་གིས་རྒྱ་ནག་ལ་མཚོན་ནའང་ལུའུ་ཞུན་གྱི་རྩོམ་ཡིག་དག་བསླབ་དེབ་རྣམས་སུ་འདོར་གྱིན་པའི་སྣང་ཚུལ་བྱུང་འདུག་པ་དེ་བཞིན་ནམ་ཞིག་གི་ཚེ་ན། རང་ཅག་གི་བོད་སྐད་ཡིག་གི་བསླབ་དེབ་རྣམས་སུ་འོད་འཚེར་འཚེར་གྱི་ལེགས་བཤད་དེ་དག་ལས་ཀྱང་བླུན་པོར་སྡིགས་པའི་ཚིག་དེ་དག་འདོར་སྲིད་པ་དེ་ལ་ད་གཟོད་ད་ལྟ་བའི་དེང་རབས་རྩོམ་རིག་ཏུ་བརྗོད་ཆོག་སྙམ། །
གཅིག རྩོམ་པ་པོའི་སྤུས་ཚད་ཞན་པ་དང་ནུས་པའི་མ་འདང་བའི་གནས་ཚུལ་ཚབས་ཆེན་ཡིན། ལྷག་པར་དུ་རྩོམ་རིག་གཞུང་ལུགས་ཀྱི་ཤེས་བྱ་ཞན་པ་དང་། རྩོམ་རིག་ལ་བཅངས་པའི་བརྩེ་དུང་རྫུན་མ་ཡིན་པའི་དབང་གིས་བོད་ཀྱི་དེང་རབས་རྩོམ་རིག་གི་གར་སྟེགས་སྟེང་ན་བློ་གཅིག་སེམས་གཅིག་གིས་རྩོམ་རིག་ཁོ་ནའི་ཕྱག་ལས་གཉེར་བའི་རྩོམ་པ་པོའི་གནས་བབ་ཉིན་མོའི་སྐར་མ་བཞིན་ཡིན་ལ། ལྷག་པར་དུ་ན་གཞོན་རྩོམ་པ་པོ་ཉུང་བ་དང་། ད་ཡོད་ཀྱི་ན་གཞོན་རྩོམ་པ་པོའི་ཁྲོད་ན་སྒྲུང་རིང་འབྲི་ཐུབ་པའི་རྩོམ་པ་པོ་ཉུང་བའི་གནས་བབ་ཤེས་དགོས།
གཉིས། རྩོམ་ཀྱི་སྤུས་ཚད་ཞན་ལ། བོད་ཀྱི་དེང་རབས་རྩོམ་རིག་དར་ནས་ད་བར་འཛམ་གླིང་ལ་ངོམ་རིན་ཡོད་པ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པ། རིག་གནས་ཀྱི་ཉིང་བཅུད་འཛོམས་པ། སྒྱུ་རྩལ་གྱི་མཛེས་པས་ཕྱུག་པའི་རྩོམ་ལུས་གང་རུང་གི་ལེགས་རྩོམ་ཤིན་ཏུ་ཉུང་བ་དང་། བོད་ཡིག་གི་རྩོམ་ཡིག་ཁྲོད་དུ་རྒྱལ་ནང་གི་རྩོམ་ཡིག་གི་སྤུས་ཚད་དང་བསྡུར་ནས་བཤད་རུང་། མོ་ཏུན་རྩོམ་རིག་བྱ་དགའ་དང་། ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་ཆོག་པའི་རྩོམ་ཡིག་སྤུས་ཚད་ཅན་འབྲི་ཐུབ་མེད་པའི་གནས་བབ་ཤེས་དགོས།
གསུམ། ཀློག་པ་པོའི་ངོས་ནས་བཤད་ན། རྩོམ་རིག་ལ་དགའ་བའི་ཀློག་པ་པོ་ཤིན་ཏུ་ཉུང་བ་དང་། ལྷག་པར་དུ་ན་གཞོན་ཀློག་པ་པོ་ཉུང་བ་དང་། ཀློག་པ་པོའི་དགའ་བསུ་ཚད་མེད་ཐོབ་པའི་རྩོམ་ཡིག་ལ་སྤྱི་ཚོགས་ཡོངས་ཀྱིས་གདེང་འཇོག་ཞན་པའི་སྤྱིའི་ཁོར་ཡུག་གི་གནས་བབ་ཤེས་དགོས། །
དེ་ཡང་ད་ལྟའི་བོད་ཀྱི་རྩོམ་རིག་གི་གནས་བབ་ནི་ག་འདྲ་ཞིག་རེད་ཅེ་ན། དེ་ནི་རྟ་གྲོ་གྲོ་ཡི་སྤུ་དང་ལུག་སེ་སེ་ཡི་བལ་ལྟར་ཉོག་པར་འཛིངས་ཤིང་བཟང་ངན་ལེགས་ཉེས་མང་པོ་ཕྱོགས་གཅིག་ཏུ་བསྡེབས་འདུག་པས། མཐའ་གཅིག་ཏུ་འདི་འགྲིག་འདི་མི་འགྲིག་དང་། འདི་ནི་འདིའོ་དང་དེ་ནི་དེའོ་ཞེས་མཆོག་དམན་དགར་ཏེ་ཁ་ཚོན་གཅོད་རྒྱུ་ནི་ཤིན་ཏུ་དཀའ་ཡང་། སྤྱི་ཡོངས་ནས་བལྟས་ན་བོད་ཀྱི་རྩོམ་རིག་དེ་གྲངས་ཚད་མང་ཞིང་སྤུས་ཚད་ཞན་པའི་དུས་རབས་ཤིག་ལ་སླེབས་ཡོད་པ་སུས་བལྟས་ཀྱང་མིག་མཐོང་ལག་ཟིན་རེད་སྙམ།
དེའི་རྒྱུ་རྐྱེན་ལའང་རང་ངོས་ནས་འདི་ལྟར་གོ་བ་ལེན་བཞིན་ཡོད་དེ། སྔོན་ཆད་རྩོམ་པ་པོ་ཞེས་པ་ནི་མི་ཡི་སྤྱི་ཚོགས་འདིར་ཧ་ཅང་འབྱུང་དཀའ་བ་ཞིག་སྟེ། བརྒྱ་ལམ་ཙམ་ན་རེ་གཉིས་ལས་མི་འབྱུང་ཞིང་། སྟོང་ལམ་ཙམ་དུ་ཁ་ཁེར་ལས་མི་འཁྲུངས། དེ་བཞིན་དུ་གང་ཟག་ཕལ་བ་ཞིག་རྩོམ་པ་པོར་འགྱུར་བར་སྦྱང་བརྩོན་དང་སྡུག་རུས་རྡོ་ལ་ཐུག་པ་བྱས་ཤིང་། གཞན་གྱིས་མི་ནུས་པའི་རྔུལ་ཁྲག་གི་རིན་དོད་རྫོགས་མེད་ཅིག་བསྟབས་དགོས་པའང་བསྙོན་མེད་རེད། བྱེ་བྲག་ཏུ་བཤད་ན། གཅིག་ནས་ཆེས་མ་མཐར་ཡང་སུམ་རྟགས་དག་གསུམ་ལ་ངེས་པར་ནང་བྱན་ཆུད་དགོས་ཏེ། དེ་མ་ཆུད་ན་བོད་ཀྱི་ཡི་གེ་དང་བཅས་པའི་བསྟན་བཅོས་ཆེན་པོའི་བརྡ་སྤྲོད་སྟངས་ཀུན་མི་གོ་ཞིང་བེད་སྤྱོད་ཐབས་མི་འདུག གཉིས་ནས་སྡེབ་སྦྱོར་དང་སྙན་ངག་ལ་མཁས་དགོས་ཏེ། དེར་མ་མཁས་ན་ཟོར་ཡང་བའི་སྐད་ཆ་དག་ལྷུ་འགྲིག་པའི་ཚིག་སྦྱོར་དུ་དྲངས་ནས་རང་གི་བསམ་ཚུལ་དག་ཕ་རོལ་པོར་བདེ་བླག་ངང་གོ་བརྡ་སྤྲོད་ཐབས་མེད། གསུམ་ནས་བོད་རང་གི་རིག་པའི་གླེགས་བམ་སྤྱི་ལ་གོ་བ་གཏིང་ཟབ་ཅིག་མི་ལོན་ནའང་ངེས་རྟོགས་རགས་རིམ་ཞིག་ནི་མེད་ཐབས་མེད་དེ། དེ་མེད་ཚེ་སྲིད་པའི་ལྟ་གྲུབ་དང་མི་ཚེའི་མྱོང་སྣང་། འཁོར་བའི་གནས་ལུགས་སོགས་ཕྱོགས་གང་ཐད་དུའང་སྐྱེ་བོ་ཕལ་བ་དག་ལས་རྩོམ་པ་པོ་ཞེས་གཞུ་འདོམ་གང་གིས་མཆོག་ཏུ་དགར་ཐབས་མེད། འོན་ཏེ། དེང་སང་ནི་ཡིག་ནོར་དང་ཚིག་སྦྱོར་སོགས་ལ་མི་ལྟོས་པར་ཡི་གེ་ཤེས་མཁན་ཡོད་ཚད་ནི་རྩོམ་པ་པོ་ཡིན་ཞིང་། གནས་ལུགས་ཟབ་མིན་དང་ཚིག་རྩལ་ལྡན་མིན་སོགས་ཀྱང་ཕལ་བར་བཞག་སྟེ་སེམས་འགྱུ་ཐོར་འགོད་མཁན་ཚང་མ་སྙན་ངག་པ་རེད། མི་རིགས་གཉིས་ཀྱི་སྐད་བརྡའི་ཆོས་ཉིད་དང་ཚིག་གི་ཕུགས་དོན་ལ་གོ་བ་ལོན་མིན་གང་ལྟར་ཀྱང་སྐད་གཉིས་སྨྲ་བ་མཐའ་དག་ལོ་ཙཱ་པ་ཡིན་པར་མ་ཟད། གཞན་ལ་ཁ་ཟེར་དང་སྡིགས་དམོད་གཏོང་མཁན་ཐམས་ཅད་ནི་དགག་གཞག་པ་དང་སྤྱི་ཚོགས་དཔྱད་བརྗོད་པ་རུ་ངོས་འཛིན་ནོ། ། དེའི་ཕྱིར་ཀ་ངོ་ཡིག་ངོ་ཆོད་མཁན་ཡོད་དོ་ཅོག་རྩོམ་པ་པོར་རྩི་བཞིན་པ་ལགས་ན། འཇིག་རྟེན་འདིར་རྩོམ་པ་པོ་བྱེད་པའི་ཕན་ཆད་ཀྱི་ལས་ཀ་སླ་མོ་ཞིག་མེད་པར་མཐོང་ཞིང་། གངས་ཀྱི་ར་བའི་ཕྱི་ནང་ཕྱོགས་མཚམས་ཡོད་ཚད་རྩོམ་པ་པོས་བཀང་སྟེ་རིན་ཐང་དང་ཟབ་ཚད་རྒུད་པའི་མཐའ་རུ་ལྷུང་བ་ནི་དེང་གི་བོད་ཀྱི་རྩོམ་རིག་གི་གནས་བབ་ངོ་མ་རེད་སྙམ།
སྤྱིར་རྩོམ་པའི་ལས་ཁུར་དུ་འཁྱེར་མཁན་དག་ནི་གཅིག་ཤེས་ཀུན་གྲོལ་གྱི་གདམས་པ་ཟབ་མོའི་ཁུངས་ཡིན་པ་ལ། དེང་སང་ནི་ཕྱོགས་གཅིག་མཐོང་ཡང་གཞན་ཞིག་མི་རྟོགས་པ་གཡག་ཞར་གྱིས་རྩྭ་ཟ་བ་དང་འདྲ། གདུང་བའི་འཕྲོ་འདུ་ལ་ངག་རིག་སྒྱུ་རྩལ་གྱི་སྟོབས་ཀྱིས་ཕྱུག་པ་མི་ཡི་ཡིད་དུ་དང་བའི་སྙན་ངག་སྟེ། དེང་སང་ནི་ཚིག་སྡེབ་མགོ་རྐང་མི་འཕྲོད་ཀྱང་ནང་གི་རྣམ་རྟོག་ཀུན་ཉི་མར་ལྡེ་མཁན་སོག་མ་ལ་མེ་མཆེད་པ་དང་མཚུངས། ཕྱོགས་རིས་འཐེན་འཁྱེར་གྱིས་མ་བསླད་པར་གཟུ་བོའི་གནས་ལུགས་འབེལ་བའི་གཏམ་དུ་བྱ་བ་ལ་དཔྱད་པ་ཞེས་འབོད་དེ། དེང་སང་ནི་སོ་སོའི་དགའ་ཁ་འཁྱེར་ཕྱོགས་ཙམ་གྱིས་ཀྱང་བློ་ཡི་རྒྱ་མར་ཡོ་འཁྱོག་ཤོར་ཏེ་ཕན་ཚུན་ལ་འཕྱ་དགག་ཉེས་མཚང་འབྲུ་བ་ལྕུང་ཚང་ལ་རྡོ་འཕངས་པ་དང་གཉིས་སུ་མེད། མདོར་ན་དེང་སང་གི་ཤེས་ཡོན་པར་རློམ་པའི་རྒན་གཞོན་སྐྱེ་བོ་སུས་ཀྱང་རང་རང་གི་བློ་སྐྱོན་ཅན་དག་ཚད་མར་སྒྲོ་བཏགས་ཤིང་། ངའམ་བདག་ཉིད་ནི་འཇིག་རྟེན་གྱི་ལྟེ་བ་དང་གཏམ་གྱི་དོན་པོ། གནས་ལུགས་ཀྱི་མཐར་ཐུག་ཁོ་ནར་བཟུང་སྟེ། ཁྱོད་ལས་ཁོ་ཐུ་ན། ཁོ་ལས་ང་མཆོག་གོ་ཞེས་སྙེམས་པའི་མགོ་བོ་ལྟག་པར་དགྱེ་བཞིན་གཅིག་གཅིག་ལ་འགྱིང་འགྱིང་བྱེད་པ་མ་གཏོགས། རང་རང་གི་གོ་ལོ་ཐོས་ལོ་ཙམ་ལས་བློ་དཀྱེལ་ཆེ་རུ་བརྐྱངས་ནས་རིག་པའི་ལྟ་གྲུབ་ཀུན་ལ་བཀུར་སྟི་བརྩི་འཇོག་དང་། དེ་ལས་བྱུང་བའི་ལེགས་བཤད་རིན་ཆེན་གྱིས་རང་གཞན་གྱི་རྒྱུད་ལ་བོགས་འདོན་ཐུབ་མཁན་ནི་ཉུང་ཙམ་གདའ་སྙམ། དོན་དངོས་སུ་དེ་ལྟ་ལགས་ཀྱང་སྐད་ཆ་ནི་འདི་ལྟར་འཆད་པར་མི་འོས། ཁོ་རང་ནི་ཚད་ལྡན་གྱི་རྩོམ་པ་པོ་སྟེ། ཁྱོད་རང་ནི་མ་ཡིན་ནོ། ། དེ་ནི་ངེས་དོན་གྱི་རིག་སྨྲ་པ་སྟེ། གཞན་དག་མིན་ནོ། ། ཁོང་རྣམ་པ་ནི་སྲིད་འདིའི་སྐྱེ་རྒ་ན་འཆི་དང་དར་རྒུད་ཆགས་འཇིག་གི་གནས་ལུགས་ཟབ་མོ་ཁོང་དུ་ཆུད་པའི་མཁས་པ་ཤ་སྟག་སྟེ། ཕལ་ཆེ་ཤོས་ནི་ཉི་མའི་དྲུང་གི་མེ་ཁྱེར་བཞིན་ནོ་ཞེས་དྲང་གཏམ་གསོང་པོར་སྨྲས་ཚེ། གཞན་གྱིས་ནི་དེ་ཉིད་དྲང་གཏམ་ལས་ལྡོག་སྟེ་ཕྲག་དོག་གི་ཚིག་ཏུ་འཁྱེར་སླ་ཞིང་། གཞི་དེ་ལས་མཆེད་དེ་ཡི་མ་རངས་པའི་རྣམ་འགྱུར་དང་བློ་མ་དགའ་བའི་འཕྲོ་འདུ་མང་པོ་མི་ཚེ་མཐའ་ལ་ཐུག་རག་ཏུ་འབྱུང་སྲིད་ན། གཞན་སེམས་དཀྲུགས་པའི་སྡིག་ཉེས་ཚབས་པོ་ཆེ་དེ་འདྲ་ཡང་གསོག་དོན་ཅི་ཞིག་ཡོད། དེའི་ཕྱིར་སྤྱང་ཀི་ཤ་གཟན་རི་བོང་རྩ་གཟན་གཉིས་ཀྱིས་ཟས་ཀྱི་དོན་དུ་གྲོས་ཁ་བསྡུར་ཚེ། ནམ་ཡང་བདེན་རྫུན་ཡང་དག་གི་གདམ་ག་ཞིག་རྙེད་དཀའ་བས། མཐར་ཐུག་གི་ཐབས་ལམ་ཉག་གཅིག་ནི་སོ་སོས་རང་འཁྲིའི་འགན་བབ་ཀྱི་ལས་ཀ་ནོར་འཛོལ་དུ་མ་བཏང་བའི་ཁར། ང་ཡིན་ཁྱོད་མིན་གྱི་ཚིག་རིས་མི་རྩོད་པར་སྤུས་ཀ་དག་པའི་བརྩམས་ཆོས་རེ་ཕྱི་རབས་པའི་མིག་ལམ་དུ་འཇོག་ཐུབ་ན། དེ་ནི་མི་བུ་སྒེར་སོ་སོས་བོད་ཀྱི་རྩོམ་རིག་ལ་འགན་འཁུར་སྟངས་ཤིག་ཡིན་སྟབས། དེ་གས་འཐུས་འདུག་སྙམ། །
ད་ལྟའི་ཆར་རྩོམ་རིག་གི་གནས་བབ་ཞིག་གླེང་ན། དགའ་འོས་ལ་སྡུག་འོས་པའི་གནས་ཤིག་རེད་སྙམ། དགའ་ས་ནས་བཤད་ན་དྲ་ལམ་གྱི་སུམ་མདོ་གང་སར་རྩོམ་རིག་གླེང་གིན་བཞི་མདོ་གང་སར་རྩོམ་པ་པོས་ཁེངས་ནས་ཡོད། དེ་དང་ལྷན་ཅིག་སྐྱོ་འོས་པའི་སྣང་ཚུལ་ཞིག་ཀྱང་ངང་གིས་འབྱུང་བཞིན་པ་ནི། སྨྱུ་གུ་ལག་ཏུ་ཐོགས་པ་ཙམ་དང་ཚིག་རྐང་རེ་གཉིས་ཀྱི་སེམས་འགྱུ་ཤོག་ངོས་སུ་ཕབ་པ་ཙམ་གྱིས་རྩོམ་པ་པོ་དང་སྙན་ངག་པ་ལ་སོགས་པའི་ཆོ་ལོ་གང་འདོད་དུ་སྦྱིན་པ་དེས་ཉ་ཉུང་མཉམ་བསྲེས་ཀྱི་དཔེ་ཟླར་སོང་ནས། རྩོམ་པ་པོ་རབ་ཅིག་དང་བརྩམས་ཆོས་སྤུས་ལེགས་ཤིག་ལ་ལོངས་སུ་སྤྱོད་པ་དང་གསོ་སྐྱོང་བྱེད་རྒྱུར་ཤུགས་རྐྱེན་ངན་པ་ཐེབས་ཡོད། ཆེས་སྔ་མོ་ནས་རྩོམ་རིག་ནི་འགྲོ་བ་མིའི་རིགས་ཀྱི་ཡར་ཐོན་དང་ཤེས་དཔལ་གྱི་བདེན་རྟགས་སུ་གྲུབ་པས་གནས་བབ་ནི་དབུ་ཡི་ཞྭ་དང་གཙུག་གི་ཕུད་ལྟར་སྣང་མོད། ད་ལྟ་ལ་བསམས་ན་རྩོམ་རིག་གི་ལྷད་མེད་རང་བཞིན་ལ་གས་ཆག་ཤོར་བ་འདྲ་ཞིག་ཏུ་ཡང་སྣང་བས། དྲ་ཐོག་རྩོམ་རིག་གི་རླུང་དམར་དེས་དུས་དེབ་རྩོམ་རིག་གི་མར་མེ་ཡང་ཡང་སྐྱོམ་པར་བྱས་འདུག་སྙམ། །
གོ་ཐོས་སུ། རིག་གཞུང་ཞིབ་འཇུག་པ་ཁ་ཅིག་གིས་སྒྲུང་གཏམ་པ་བཀྲ་བྷར“བཀྲ་བྷ་ལོས་ཤེས། སྒྲུང་གཏམ་འབྲི་མཁན་དེ་མ་ཡིན་ནམ”ཞེས་མཐོང་ཆུང་གིས་ལབ་མྱོང་བར་གྲགས་ལ། ད་དུང་བོད་ཀྱི་མཁས་པ་རྒན་གྲས་ཤིག་གིས་ཀྱང“ལྷ་བྱམས་རྒྱལ་ཨ། ཁྱོད་ཀྱིས་ད་དུང་ཡང་སྒྲུང་གཏམ་འབྲི་བཞིན་ཡོད་དམ། ད་ནི་དཔྱད་རྩོམ་ཕྲིས་ཤིག”ཅེས་ཁ་ཏ་བྱས་མྱོང་བར་ཡང་སྐད། གལ་ཏེ་ང་ལ་བོད་ཀྱི་དེང་རབས་རྩོམ་རིག་གི་གནས་བབ་ནི་ཅི་འདྲ་ཞིག་རེད་དམ་ཞེས་དྲིས་ཚེ། ངས་འདི་ནི་ད་གཟོད་བོད་ཀྱི་དེང་རབས་རྩོམ་རིག་གི་གནས་བབ་རེད་དོ་ཞེས་བརྗོད་ངེས་ཏེ། དུས་རབས་གོང་མའི་དུས་མཇུག་ཏུ་བྱུང་བའི་རྩོམ་རིག་གི་ཡོ་ལང་རེ་ཞིག་འཇགས་ཤིང་། ཆ་འཕྲིན་དང་རིག་གཞུང་ཞིབ་འཇུག་གི་བསླུ་བྲིད་ཀྱིས་ཚོད་ཡང་ཡང་བགམས་མཐར། ད་ལྟའི་དུས་སུ་བོད་རྣམས་རྩོམ་རིག་ལ་ཡི་ག་དེ་ཙམ་མེད་པའི་རྣམ་འགྱུར་ཞིག་དུས་ནམ་ཡང་མཐོང་འོངས། རིག་པའི་སྡེའམ། སློབ་ཆེན་ཁག ཐ་ན་བོད་སྐད་ཡིག་རྩོམ་རིག་གི་འཛིན་གྲྭ་ཞིག་ལ་མཚོན་ནའང་། འཛིན་གྲྭའི་སློབ་གྲོགས་བཞི་བཅུ་ལྷག་གི་གྲས་སུ་རྩོམ་རིག་ལ་བློ་ཕྱོགས་མཁན་རེ་ཟུང་ལས་མེད་པ་ད་ལྟ་སློབ་ཆེན་འགྲིམ་བཞིན་པའི་སློབ་མ་དག་གིས་གསལ་པོར་ཤེས་ངེས། རྒྱ་ལ་རྩོམ་རིག་ལ་བློ་འཇུག་མཁན་འགའ་ཟུང་ཡོད་པར་གྱུར་ཡང་། ཕྱིས་སྤྱི་ཚོགས་སུ་ཞུགས་རྗེས་རྩོམ་རིག་གི་ཕྱི་ཐག་ཅན་ཅི་ཙམ་ཡོད་པ“རྒྱུ་ཅི་ཡོད་ལ་ཁའི་ལུག་རྫི་དང་ཟས་ཅི་ཡོད་ཁྱིམ་མཚེས་རྒན་མོ”མ་ཡིན་ནམ། གང་ལྟར། དེང་གི་སྤྱི་ཚོགས་སུ་བོད་ཀྱི་དེང་རབས་རྩོམ་རིག་ལ་གོ་གནས་དེ་ཙམ་མེད་པ་ནི་སུས་ཀྱང་མཐོང་སྲིད་ལ་མཐོང་ཡང་དགོས་པའི་གནས་བབ་ཅིག་ཏུ་ཁོ་བོས་འདོད། ཡང་གཅིག་བཤད་ན། འདི་ནི་བོད་ཀྱི་ཤེས་ལྡན་པའི་སྲོལ་རྒྱུན་ཞིག་ཡིན་ཡང་སྲིད་དེ། རང་རེ་རྣམས་ལ“གཞུང་དང་ཐ་སྙད་རིག་གནས”ཞེས་པའི་རིག་ཚན་གྱི་ཕྱོགས་ཞེན་ཞིག་སྔོན་གྱི་དུས་ནས་མ་ཉམས་པར་ཡོད་ལ། དུས་རབས་བཅུ་གསུམ་པའི་སྟོད་ཀྱི་ཆར་ས་པཎ་ཆེན་པོས“བོད་སྙན་ངག་ལ་བློ་མི་འཇུག་པས”ཞེས་ཇི་ལྟར་གསུངས་ཀྱང་སྲོལ་རྒྱུན་འདི་ནི་ད་ལྟའི་བར་དུ་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་གཤགས་ཡོད་ཚོད་རེད། གཞན་དུ་ན་བོད་རྩོམ་ལ་གོ་གནས་མེད་པ་ནི་བོད་ཀྱི་རྩོམ་པ་པོའི་སྡེ་རུ་ཁ་ཧྥུའུ་ཁ་དང་བྷོར་རྒུ་སི། ཁ་རྨེའོ། རྡོ་སི་རྡོ་ཝི་སི་ཁེ། ལྗོ་ཨེ་སི། ས་ཐྲིར། ཧྥུའུ་ཁི་ནུར། མར་ཁི་སི་སོགས་མེད་པས་རེད་ཟེར་ཡང་སྲིད་མོད། འོན་ཏེ་དུས་རབས་ཕྱེད་ཙམ་གྱི་ལོ་རྒྱུས་ལས་མེད་པའི་རིག་ཚན་ཞིག་ལ་མཚོན་ན《མཁར་རྫོང》དང《བས་མཐའ་པ》 《ཁ་ལ་མ་ཙོ་ཧྥུའུ་སྤུན་མཆེད》 《ལོ་བརྒྱའི་ཁེར་ཧྲེང》སོགས་ལྟ་བུའི་བརྩམས་ཆོས་དག་འབྱུང་རྒྱུ་དཀའ་བའི་གནས་ཤིག་མིན་ནམ་སྙམ་ཞིང་། གཅིག་ཏུ་ན་ད་ལྟ་ནི་བརྩམས་ཆོས་འདི་ལྟ་བུ་དག་འབྱུང་བའི་དུས་རབས་ཤིག་མིན་ཡང་སྲིད། གང་ལྟར། སྒྱུ་རྩལ་གྱི་རྣམ་གྲངས་ཡོད་ཚད་འཕེལ་མེད་སོར་གནས་སུ་ལུས་པའི་དེང་གི་ཆར། མདོ་དབུས་མཐོ་སྒང་གི་ལུང་གྲོག་སོ་སོ་རུ་ད་དུང་རྩོམ་རིག་ལ་ཨུ་ཚུགས་བྱེད་མཁན་རེ་ཟུང་མཆིས་པ་ནི་ཁོ་བོས་མ་གཞི་ནས་གནས་བབ་ལེགས་པོ་ཞིག་ཏུ་འཛིན་ལ། དུས་རབས་གོང་མའི་རྩོམ་རིག་གི“ཨ་གསར”གཞི་ནས་འཇགས་ཤིང་། རིག་པའི་སྡེ་རུ་རྩོམ་རིག་ལ་གོ་གནས་ཀྱང་དེ་ཙམ་མེད་པའི་དུས་སྐབས་འདི་ཉིད་ནི་ཁོ་བོས་རྩོམ་རིག་ལ་ནན་ཏན་བྱེད་པའི་གླགས་བཟང་པོ་ཞིག་ཏུ་མཐོང་བར་མ་ཟད། ཏག་ཏག་དུས་སྐབས་འདིར་རྩོམ་རིག་ལ་འཇུག་མཁན་དག་ནི་ད་གཟོད་རྩོམ་རིག་ལ་ནན་ཏན་བྱེད་མཁན་གྱི་སྐྱེ་བོ་དེ་དག་ཡིན་པར་ཁོ་བོས་རློམ་མོ། །
བོད་ཀྱི་དེང་རབས་རྩོམ་རིག་གི་གནས་བབ་ག་འདྲ་ཡིན་ནམ་ཞེ་ན་དེ་མ་ཐག་ལན་དུ་གདབ་རྒྱུའི་སྐད་ཆ་མང་པོ་ཞིག་ཡོད་སྣང་ཤར་ཡང་། བསམ་བློ་ཕྲན་ཙམ་བཏང་ན། དེ་ནི་དེང་གི་རྩོམ་རིག་བརྩམས་ཆོས་འགའི་ཡག་བཙོག་བཟང་ངན་ཙམ་ལ་དཔྱད་པས་གཏན་ནས་མི་ཡོང་བ་འདྲ།
བོད་ཀྱི་དེང་རབས་རྩོམ་རིག་གི་ལོ་རྒྱུས་ངོས་འཛིན་ཐད་ལ་རགས་ལྟ་ཙམ་བྱས་ན། གཙོ་བོ་ཀྲུང་གོ་གསར་པ་དབུ་བརྙེས་པའི་དུས་དང་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་བྱས་པའི་དུས་ཏེ་དུས་མི་འདྲ་བ་གཉིས་ལ་གཏུགས་ཡོད། དེ་ཡང་བཤད་སྟངས་གཞན་ཞིག་བརྗེས་ན། བོད་ཞི་བའི་བཅིངས་འགྲོལ་བྱས་པའི་དུས་དང“ཆོས་སྒོ་བསྐྱར་དུ་ཕྱེ་བ”ཡི་དུས་མི་འདྲ་བ་དེ་གཉིས་ལ་གཏུགས་ཡོད། དེ་གཉིས་གང་ཡིན་ཡང་བསམ་བློའི་དགོངས་གཞི་ནི་ཆབ་སྲིད་ཀྱི་འདུ་ཤེས་འཛིན་སྟངས་བྱེ་བྲག་པ་ཞིག་ལ་གཏུགས་ཡོད་ཙ་ན། རྩོམ་རིག་གི་ལྟ་བའི་ངོས་ནས་རྩོམ་རིག་རང་སྟེང་གི་ཆོས་ཉིད་དང་མཛེས་འཛིན་གྱི་སྣང་བ་ཚུགས་ཐུབ་པ་ཞིག་ཟིན་ཡོད་མེད་ལ་ད་དུང་དཔྱད་དགོས། དེ་ལས་གཞན་རྩོམ་རིག་ལོ་རྒྱུས་ཀྱི་ལྟ་བའི་ཁུངས་གཏུགས་སའང་ཧ་ལམ་རྒྱ་ནག་གི་རྩོམ་རིག་ལོ་རྒྱུས་ཀྱི་ལྟ་བ་ཡིན་ངེས་ལ། རྒྱ་ནག་གི་རྩོམ་རིག་ལོ་རྒྱུས་ཀྱི་ལྟ་བ་ནི“ལྔ་བཞིའི་ལོ་རྒྱུས་ཀྱི་ལྟ་བ”སྟེ། འགྲོ་བ་མིའི་ལོ་རྒྱུས་ཀྱི་འཁོར་འགྲོས་ནི་ངེས་པར་དུ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཅེས་པ་དེ་རེད། ལྟ་བ་དེའི་ཁུངས་ནི་ཏར་ཝུན་གྱི་འཕེལ་འགྱུར་སྨྲ་བ་ལ་ཐུག་ཡོད་པར་རིགས། དེ་དང་དེ་འདྲའི་རིགས་པའི་འགྲོ་སྟངས་ཀྱི་དབང་དུ་ཚུད་པས། ང་ཚོས“ད་ལྟའི་བོད་ཀྱི་རྩོམ་རིག་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་ཀྱི་ཆེས་མཛེས་པའི་མེ་ཏོག”དེ་ཡིན་པ་ངང་ངམ་ཤུགས་ཀྱིས་ཁས་འཆེས་དགོས་པར་ཐུག་ཡོད་པ་དེ་རེད།
ཡིན་ན་ཡང་། དངོས་ཡོད་ཀྱི་གནས་བབ་ནི་དེ་འདྲའི་བག་ལྷོད་པོ་བྱས་ཆོག་པ་ཞིག་རྩ་བ་ནས་མིན་པ་འདྲ། མེ་ལོང་མའི་སྔོན་གྱི་རྩོམ་རིག་དང་མེ་ལོང་མའི་སྐབས་ཀྱི་རྩོམ་རིག་གང་ཡིན་ཡང་། བོད་ཀྱི“རྩོམ་པ་པོ”རྣམས་ཀྱིས་སོ་སོའི“རྒྱན”དང་རིན་ཐང་དེ་ལ་ངེས་ཤེས་གསལ་པོ་དང་གདེང་ཚོད་ཆེན་པོ་རྙེད་ཡོད་པ་དང་། དེ་འདྲའི་ངེས་ཤེས་དང་གདེང་ཚོད་ཀྱི་གཞི་རྐང་གི་ཐོག་ནས་ཇི་ལྟར་སོ་སོའི“རྒྱན”དང་རིན་ཐང་ལ་འཚོལ་སྙེག་བྱས་པའི་རྩོམ་རིག་གི་སྲོལ་རྒྱུན་དང་རིག་གནས་ཀྱི་སྙིང་སྟོབས་ཤིག་ཆགས་ཡོད་པ་ནི་མིག་མཐོང་ལག་ཟིན་རེད། ལོ་རྒྱུས་ཀྱི་དབང་གིས་ང་ཚོའི་གཟུང་བྱའི་ཡུལ་ལ་གློ་བུར་དུ“གནམ་ས་བླ་འོག་བརྗེ་བ”ལྟ་བུའི་འགྱུར་ལྡོག་འབྱུང་དུ་བཅུག དེ་ནི་དཔེར་ན་གཞན་ཞིག་གིས་ང་ཚོའི་མིག་ལྕིབས་བཙན་གྱིས་འཐེན་ནས་གདངས་སུ་བཅུག་པ་དང་འདྲ་བས། སྣང་ཡུལ་གྱི་ལྟད་མོ་དེ་ཅི་འདྲ་ཞིག་ཡིན་ཡང་། ང་ཚོའི་ནང་སེམས་ལ་བརྡབ་གསིག་ངེས་ཅན་ཞིག་ཐེབས་སྲིད་པ་ནི་ངེས་གཏན་ཡིན་ལ། དེར་མཐུད་ནས་འཇིགས་སྐྲག་སོགས་ཀྱང་སྐྱེ་ངེས་ཡིན། ང་ཚོའི་འོས་འགན་ནི་དུས་རབས་གསར་པའི་བོད་མི་རིགས་ཀྱི་ནང་སེམས་ཀྱི་ཚོར་འདུ་དེ་དག་ལ་ངེས་ཤེས་གསལ་པོ་རྙེད་དགོས་པ་དང་། དེ་མཐུན་གྱི་ཁ་གཏད་གཅོག་ཐབས་ཤིག་འཚོལ་སྙེག་བྱེད་དགོས་པ་སྨྲ་ཅི་དགོས་ན། བོད་ཀྱི་དེང་རབས་རྩོམ་རིག་གིས་ལས་ཀ་དེ་གཏན་ནས་འགྲུབ་མེད་པ་མངོན་གསལ་རེད། །
Related
Follow Us!