སྐལ་བཟང་རྣམ་འདྲེན། ཁྲིན་ཏུའུ་བོའུ་ཧྭོའུ་ཚུ།

ཁྲིན་ཏུའུ་བོའུ་ཧྭོའུ་ཚུ།

བླ་མ་གང་བཟང་ཕེབས་སའི་བོའུ་ཧྭོའུ་ཚུ། །
ཚོང་བ་གང་ཆེ་སྡོད་སའི་བོའུ་ཧྭོའུ་ཚུ། །
མཁས་པས་རྩོམ་སྒྲིག་བྱེད་སའི་བོའུ་ཧྭོའུ་ཚུ། །
གླེན་པས་རང་མཚང་སྟོན་སའི་བོའུ་ཧྭོའུ་ཚུ། །

ནད་པ་དགུན་ཉལ་བྱེད་སའི་འི་བོའུ་ཧྭོའུ་ཚུ། །
སྨན་པ་སྟབས་བདེ་ཡིན་སའི་བོའུ་ཧྭོའུ་ཚུ། །
རོགས་པ་རྐྱལ་སྟོང་འཁོར་སའི་བོའུ་ཧྭོའུ་ཚུ། །
ཆོས་པ་བཞུགས་ས་མིན་པའི་བོའུ་ཧྭོའུ་ཚུ། །

རྒྱ་བླས་རྒྱུ་སྟོབས་ངོམ་སའི་བོའུ་ཧྭོའུ་ཚུ། །
རྒྱ་མོས་གསོལ་མགྲོན་བྱེད་སའི་བོའུ་ཧྭོའུ་ཚུ། །
རྒྱ་ཡུལ་ཆོས་ཚོང་འགྲོ་སའི་བོའུ་ཧྭོའུ་ཚུ། །
རྒྱ་བོད་རིག་གནས་འདྲེས་སའི་བོའུ་ཧྭོའུ་ཚུ། །

ཁྱིམ་པས་གྲྭ་ཆས་གྱོན་སའི་བོའུ་ཧྭོའུ་ཚུ། །
གྲྭ་བས་སྐྱ་ཆས་བྱེད་སའི་བོའུ་ཧྭོའུ་ཚུ། །
དགོན་ཆེན་བསྟན་པ་བཙོང་སའི་བོའུ་ཧྭོའུ་ཚུ། །
སྡེ་ཆེན་སྟོན་མོ་བྱེད་འདྲའི་བོའུ་ཧྭོའུ་ཚུ། །

བོད་པའི་རིག་གནས་བརླག་སའི་བོའུ་ཧྭོའུ་ཚུ། །
བོད་མིའི་ཞབས་འདྲེན་མང་སའི་བོའུ་ཧྭོའུ་ཚུ། །
བོད་ཡུལ་བསྟན་པ་བཙོང་སའི་བོའུ་ཧྭོའུ་ཚུ། །
བོད་མིའི་བཟང་ངན་ཤེས་སའི་བོའུ་ཧྭོའུ་ཚུ། །

འཕྲེང་བ་ཉ་ཉོག་བཙོང་སའི་བོའུ་ཧྭོའུ་ཚུ། །
ཅ་ལག་ལབ་ལོང་བཤམ་སའི་བོའུ་ཧྭོའུ་ཚུ། །
ཟ་མ་བོད་ཟས་མང་སའི་བོའུ་ཧྭོའུ་ཚུ། །
ཉི་མ་སྟོང་བརླག་བྱ་སའི་བོའུ་ཧྭོའུ་ཚུ། །

བླ་མས་ཚོང་དཔོན་བྱེད་སའི་བོའུ་ཧྭོའུ་ཚུ། །
རིག་མས་ལྡེམ་འགྲོས་བྱེད་སའི་བོའུ་ཧྭོའུ་ཚུ། །
དགེ་མས་ཚོང་ལས་གཉེར་སའི་བོའུ་ཧྭོའུ་ཚུ། །
འཕྱོན་མས་མི་སེམས་བསླུ་སའི་བོའུ་ཧྭོའུ་ཚུ། །

གླུ་བས་ཟེར་སྡེར་བཀྲམ་སའི་བོའུ་ཧྭོའུ་ཚུ། །
གླུ་མ་གསར་སྐྲུན་བྱེད་སའི་བོའུ་ཧྭོའུ་ཚུ། །
མཛེས་མ་ཐར་ཐོར་རྒྱུ་བའི་བོའུ་ཧྭོའུ་ཚུ། །
རྐུན་མ་ཁར་ཁེར་ཡོད་སའི་བོའུ་ཧྭོའུ་ཚུ། །

བོད་པས་བོད་པ་བཅོམ་སའི་བོའུ་ཧྭོའུ་ཚུ། །
རྒྱ་བླས་རྒྱ་བླ་བཙག་སའི་བོའུ་ཧྭོའུ་ཚུ། །
ཞ་བོས་སྒྲ་སྒམ་ལྡིར་སའི་བོའུ་ཧྭོའུ་ཚུ། །
སྤྲང་པོས་བདེན་དཔང་སྟོན་སའི་བོའུ་ཧྭོའུ་ཚུ། །

སྐུ་གསུང་ཐུགས་རྟེན་མང་པོ་ངོ་སོ་བསྟོད། །
རྐུན་མ་ཇག་པ་མང་པོ་ངོ་རེ་རྫོགས། །
རྒྱ་བླ་རྫུན་མ་དེ་ཚོའི་ཚེ་རེ་ཆོད། །
བོད་པ་རེ་བ་ཅན་ཚོ་སྙིང་རེ་རྗེ། །

གཙང་རིགས་སྐལ་བཟང་རྣམ་འདྲེན་གྱིས་ཉམས་མཚར་དུ།
༢༠༡༧.༡.༡༩ ལ།

 

Leave a Comment

Your email address will not be published. Required fields are marked *

*