ཐུབ་བསྟན་ཕུན་ཚོགས། བོད་ཀྱི་ཡུལ་སྐད་དབྱེ་ཚུལ་ལ་སླར་ཡང་དཔྱད་པ།

སྐབས་གཉིས་པའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ།

ནན་ཁའེ་སློབ་གྲྭ་ཆེན་མོ།

བརྡ་སྤྲོད་རིག་པའི་ངོས་ནས་བཤད་ན། བོད་ཀྱི་ཡུལ་སྐད་ལ་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཆེན་པོ་གསུམ་དབྱེ་ཚུལ་འདི་འགྲིག་གི་མི་འདུག །གང་ཞེ་ན། དེ་གསུམ་གང་གི་ཁོངས་སུ་མི་མཚུངས་པ་དཔེར་ན། རྒྱལ་རོང་ཡུལ་སྐད་དང་། ལྷོ་མོན་འབྲུག་པའི་ཡུལ་སྐད། ལ་དྭགས་ཡུལ་སྐད་གསུམ་པོ་དེ་རེད། དེ་ལས་ལ་དྭགས་ཡུལ་སྐད་དེ་དབུས་གཙང་ཡུལ་སྐད་ཀྱི་ཁོངས་སུ་བསྡུས་ན་མ་འགྲིགས་པ་ཆེར་མེད་ཀྱང་། འབྲུག་སྐད་དང་། རྒྱལ་རོང་སྐད་གཉིས་ཡུལ་སྐད་གང་གི་ནང་དུ་མ་འདུས་པ་ཞིག་རེད། སྐད་ཡིག་གི་ལོ་རྒྱུས་འཕེལ་རིམ་དང་བསྟུན་ན་རྒྱལ་རོང་ཡུལ་སྐད་ནི་བོད་སྐད་ཀྱི་ཨ་མ་ཡིན། ༡ རྩ་བ་རྒྱལ་རོང་ཡུལ་སྐད། ༢ ཨ་མདོའི་ཡུལ་སྐད། ༣ ཁམས་ཀྱི་ཡུལ་སྐད། ༤ ལྷོ་མོན་ཡུལ་སྐད། ༥ ལ་དྭགས་ཡུལ་སྐད། ༦ དབུས་གཙང་ཡུལ་སྐད་བཅས་རིགས་དྲུག་དབྱེ་འོས་པ་ཞིག་རེད། །

བོད་ཀྱི་ཡི་གེ་ནི་གནའ་བོའི་བོད་སྐད་ཀྱི་སྒྲ་གདངས་ལ་གཞི་འཛིན་ནས་གསར་གཏོད་བྱས་པ་ཞིག་ཡིན་ལ། སྐབས་དེའི་བོད་སྐད་མ་ཉམ་པ་ནི་དེང་དུས་ཤར་རྒྱལ་མོ་རོང་གི་ཡུལ་སྐད་འདི་ཡིན། ཞེས་སི་ཏུ་པཎ་ཆེན་གྱིས་གསུངས། །

ཤར་རྒྱལ་མོ་རོང་འདི་ཆེས་གནའ་བོའི་དུས་ནས་ད་བར་ཡུལ་གྱི་མིང་ལ་འགྱུར་བ་གང་ཡང་མེད་པ་བོད་བཙན་པོའི་སྐབས་ནས་ད་བར་ཤར་རྒྱལ་མོ་རོང་ཞེས་གྲགས་པ་དང་། རིག་གནས་མ་འགྱུར་པ་གནའ་བོའི་ཞང་བོད་རིག་གནས་གསོན་ཉམས་ལྡན་པ་གནས་ཡོད་པའི་ས་ཆ་ཞིག་རེད། སྔོན་གྱི་དུས་སུ་ཞང་ཞུང་གི་ཡུལ་ནས་ཁྱུང་འཕགས་ཁྲ་མོ་དང་། བོད་བཙན་པོའི་སྐབས་སུ་སློབ་དཔོན་བཻ་རོ་ཙཱ་ན། དུས་རབས་བཅོ་བརྒྱད་པའི་ནང་དུ་སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་ཡུལ་འདིར་ཕེབས་ནས་ཞང་བོད་ཀྱི་ཆོས་དང་རིག་གནས་དར་སྤེལ་གཏོང་སའི་ཕྲིན་ལས་ཀྱི་ཡུལ་གྲུ་གཙོ་བོ་ཞིག་རེད། །

དེང་དུས་བོད་སྐད་དང་བོད་ཡིག་མི་ཤེས་པ། བོད་ཀྱི་ལོ་རྒྱུས་དང་། བོད་ཡིག་འཕེལ་རིམ་གྱི་ལོ་རྒྱུས་མི་ཤེས་མཁན་མི་རིགས་གཞན་པའི་སྐད་བརྡ་རིག་པ་བ་ཁག་གཅིག་གིས་མིག་སྔར་གྱི་སྒྲ་གདངས་ལ་བརྟག་ནས་རྒྱལ་རོང་ཡུལ་སྐད་དེ་བོད་སྐད་མིན་པ་བཤད་མཁན་རྒྱལ་ཕྱི་ནང་གཉིས་ཀ་ལ་མི་འགའ་ཞིག་ཡོད་པ་མ་ཟད། རྒྱལ་རོང་བ་རང་གི་ཡུལ་དུའང་། བོད་ཡིག་དང་བོད་ཀྱི་རིག་གནས་ལོ་རྒྱུས་ཤེས་མཁན་གྱི་རྒྱལ་རོང་ཡུལ་བ་མཁས་པ་ཁག་གཅིག་གིས་རྒྱལ་རོང་ཡུལ་སྐད་བོད་སྐད་ཡིན་པ་མ་ཟད་གནའ་བོའི་བོད་སྐད་ཀྱི་འགྱུར་རྡོ་གསོན་པོ་(嘉绒方言是古代藏语的活化石)ཞིག་ཡིན་པར་ངོས་འཛིན་བྱེད་ཅིང་ཡོད་ལ། །ཡང་། བོད་ཡིག་མི་ཤེས་པ་མ་ཟད་རྒྱལ་རོང་རང་གི་ཡུལ་སྐད་ཀྱང་ཆ་ཚང་མི་ཤེས་པའི་རྒྱལ་རོང་བ་འགའ་ཞིག་གིས་རང་གིས་མི་ཤེས་པ་རྒྱུ་མཚན་དུ་བཟུང་ནས་རྒྱལ་རོང་ཡུལ་སྐད་བོད་སྐད་མིན་པ་ཟེར་མཁན་ཏེ་རྒྱལ་རོང་བ་ལའང་རིགས་གཉིས་ཡོད་འདུག །

བོད་སྤྱིའི་བརྡ་སྤྲོད་རིག་པ་དང་། རྒྱལ་རོང་གི་ཡུལ་སྐད་ལ་ཐོག་མར་ཞིབ་འཇུག་བྱེད་མཁན་ནི་སི་ཏུ་ཆོས་འབྱུང་རེད། ཁོང་གིས་སྤྱི་ལོ་༡༧༣༠ལོ་ནས་སྤྱི་ལོ་༡༧༤༥ལོའི་བར་ལོ་ངོ་བཅོ་ལྔའི་རིང་ལ་བོད་ཀྱི་སྐད་ཡིག་གི་ཐོག་མའི་འབྱུང་ཁུངས་དང་། བར་དུ་འཕེལ་རྒྱས་དང་འཕོ་འགྱུར་གྱི་ཆོས་ཉིད་ལ་ཞིབ་འཇུག་གནང་མཐར། བོད་ཀྱི་ཡི་གེ་ཐོག་མར་གསར་བཟོ་བྱེད་པའི་སྐབས་སུ་སྔོན་འཇུག་དང་། རྗེས་འཇུག མགོ་ཅན་དང་། འདོགས་ཅན་བཅས་ཉེ་སྐོར་གྱི་ཡིག་རིགས་གཞན་ལ་མེད་པའི་ཁྱད་ཆོས་དེ་དག་བཟོ་དགོས་པའི་རྒྱུ་མཚན་ནི། སྐབས་དེའི་བོད་སྐད་ཀྱི་ཐ་སྙད་སོ་སོའི་སྒྲ་གདངས་ཀྱི་ཟུར་ལ་འཕུལ་འདོགས་བརྩེགས་གསུམ་གྱི་སྒྲ་ཟུར་ཐོན་ཞིང་ཡོད་པ་རེད། དེས་ན་བོད་ཡིག་ཐོག་མར་བཟོ་བའི་སྐབས་སུ་སྐད་གདངས་གཞི་འཛིན་ས་ནི་རྒྱལ་རོང་བའི་ཡུལ་སྐད་འདི་ཡིན་ཞེས་ཁ་ཚོན་བཅད་ནས་གསུངས་ཡོད་པ་རེད་ལ། དེང་དུས་ཀྱི་མཁས་པ་ཆེན་པོ་རྒྱལ་རོང་བ་བཙན་ལྷ་ངག་དབང་གིས་ཀྱང་རྒྱལ་རོང་ཡུལ་སྐད་ནི་གནའ་བོའི་བོད་ཀྱི་འགྱུར་རྡོ་གསོན་པོ་ཞིག་རེད། ཅེས་གསུང་ཞིང་འདུག །

འཛམ་གླིང་རྒྱལ་ཁབ་ཁག་དང་མི་རིགས་ཁག་གི་བརྡ་སྤྲོད་རིག་པ་ཞིབ་འཇུག་གི་ལས་ཀ་དང་གྲུབ་འབྲས་དབྱར་མཚོ་ལྟར་རྒྱས་པའི་སྐབས་འདིར། ང་ཚོ་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཞིབ་འཇུག་དང་འཕེལ་རྒྱས་ཇེ་གུད་དང་ཇེ་ཉམ་དུ་འགྲོ་བཞིན་པ་ནི་དངོས་ཡོད་གནས་ཚུལ་ཞིག་རེད། རྒྱུ་མཚན་གཙོ་བོ་ནི། མི་རིགས་སློབ་གྲྭ་ཆེན་མོ་ཁག་གི་འགོ་ཁྲིད་དང་། དགེ་རྒན་རྣམས་ཀྱིས་བརྡ་སྤྲོད་རིག་པ་མི་ཤེས་པའི་དབང་གིས། སུམ་རྟགས་དག་གསུམ་སློབ་ཆུང་ནང་དུ་ཁྲིད་ཟིན་པ་རེད། སློབ་ཆེན་ནང་དུ་བརྡ་སྤྲོད་དང་། སུམ་རྟགས་དགོས་མེད་རེད་ཟེར་བའི་ནོར་འཁྲུལ་གྱི་བསམ་བློ་དང་སྐད་ཆ་དེས་བོད་ཀྱི་དུས་རབས་གཅིག་གི་བརྡ་སྤྲོད་ཡར་རྒྱས་གཏོང་རྒྱུ་བཀག་འགོག་ཐེབས་པ་རེད། །

རྒྱུ་མཚན་དེའི་རྐྱེན་གྱིས་དེང་དུས་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་དང་། སློབ་གྲྭ་ཆེན་མོ་ཁག་གི་ཤེས་ཡོན་པ་རྣམས་ཀྱིས་ལས་ཚིག་ལ་དུས་གསུམ་ནོར་བ་དང་། མིང་རྐྱང་ལ་བརྡ་དག་ནོར་བ་ཇེ་མང་དུ་འགྲོ་དང་འགྲོ་བཞིན་པ་དང་། ཚིག་སྦྱོར་ལ་རྒྱའི་སྐད་ཡིག་གི་ཤན་གྱིས་ཡི་གེ་བོད་ཡིག་ཡིན་པ་ལ་ཚིག་གི་གྲུབ་ཆ་རྒྱ་སྐད་ཀྱི་འགྲོས་སུ་ཆགས་པའི་གནས་ཚུལ་འདི་བྱུང་བ་རེད། དེང་དུས་བོད་ཡིག་གི་རྩོམ་ཡིག་ཁག་ལ་བལྟས་ན་དུས་རབས་གོང་མའི་ལོ་རབས་བརྒྱད་བཅུ་པ་ལས་སྡུག་ཏུ་ཕྱིན་ཡོད་པ་ནི་ང་ཚོའི་མི་རབས་འདིའི་ཤེས་ཡོན་པ་རྣམས་ཀྱི་ནག་ཉེས་ཚབ་ཆེན་ཞིག་རེད་སྙམ། །

ང་ཚོས་ནན་ཁའེ་སློབ་གྲྭ་ཆེན་མོ་ལྟ་བུའི་བོད་ཀྱི་སྐད་ཡིག་ལ་མཐོང་ཆེན་བྱེད་སའི་ལས་སྟེགས་(平台)ཞིག་བཙལ་ནས། སྔར་ཡོད་ཀྱི་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཁག་ལ་གཞིར་འཛིན་ཞིང་། དེ་ལས་མ་འདང་པའི་ཆ་ཐམས་ཅད་དེང་རབས་བརྡ་སྤྲོད་རིག་པའི་གཞུང་གི་སྤྱིར་འགྲོས་ལྟར་བཅོས་ནས་རྒྱལ་སྤྱིའི་གཞུང་དང་མཐུན་ལ། བོད་ཀྱི་འཚོ་བའི་དགོས་མཁོ་ཡང་བསྐངས་ཐུབ་པའི་བརྡ་སྤྲོད་རིག་པ་ཞིག་གསར་རྩོམ་བྱ་བའི་དུས་ལ་བབས་འདུག །

ལས་གཞི་དེ་བསྒྲུབ་པ་ལ་ཐོག་མར་དེང་རབས་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཆ་ཚང་ཞིག་རྒྱ་ཡིག་གམ་ཡང་ན་དབྱིན་ཡིག་ལས་བོད་ཡིག་ཏུ་བསྒྱུར་ཞིང་། དེའི་སྒྲོམ་གཞིའི་ནང་དུ་ད་ཡོད་ཀྱི་སུམ་རྟགས་དག་གསུམ་གྱི་ལུགས་དང་། རང་གཞུང་རྙིང་པའི་ནང་དུ་མེད་པ་རྣམས་རྒྱལ་སྤྱིའི་སྐད་བརྡ་རིག་པའི་གཞུང་ལྟར། བོད་ཀྱི་སྐད་ལ་གཏན་འབེབས་བྱ་དགོས། །

ལོ་རྒྱུས་ཐོག་ཏུ་བོད་ཀྱི་བརྡ་སྤྲོད་རིག་པ་ལ་ལོ་ངོ་གཅིག་སྟོང་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད་ཀྱང་དེང་དུས་དགོན་པ་དང་། སློབ་གྲྭ་ཆེ་ཁག་གི་བོད་ཀྱི་མཁས་པའི་ནང་དུ་བརྡ་སྤྲོད་རིག་པ་ཤེས་མཁན་ཧ་ལམ་མེད་པར་ཆགས་འགྲོ་ཞིང་ཡོད་འདུག །

གནའ་བོའི་དུས་སུ་རྒྱ་སྐད་ལ་བརྡ་སྤྲོད་རིག་པའི་གཞུང་མེད་ཀྱང་སྤྱི་ལོའི་དུས་རབས་བཅུ་དགུ་པ་དང་ཉི་ཤུའི་ནང་དུ་རྒྱ་རིགས་མཁས་པ་ཚོས་ཡོ་རོབ་ཀྱི་དབྱིན་ཇི་དང་། ཕ་རན་སིའི་སྐད་ཡིག་སོགས་ལ་དཔེར་བལྟ་ནས་དེང་རབས་རྒྱ་སྐད་ཀྱི་བརྡ་སྤྲོད་རིག་པ་གསར་དུ་བཟོས་ཏེ་བེད་སྤྱོད་བྱས་པར་བརྟེན། དེང་དུས་རྒྱའི་སྐད་ཡིག་གི་བརྡ་སྤྲོད་རིག་པ་དེ་འཛམ་གླིང་གི་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་གོམ་པ་མཉམ་སྤོར་བྱེད་ཐུབ་པར་ཆགས་ཟིན། ང་ཚོས་ངེས་པར་དུ་རྒྱའི་སྐད་ཡིག་གི་བརྡ་སྤྲོད་རིག་པའི་གཞུང་ལུགས་འཕེལ་རྒྱས་གཏོང་ཚུལ་ལ་སློབ་སྦྱོང་བྱེད་དགོས་ངེས་ཤིག་རེད།

བརྡ་སྤྲོད་རིག་པའི་འབུམ་རམས་པ། ནན་ཁའེ་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཡེ་ཤེས་ཨ་ཚོགས་དང་རྩོམ་པ་པོ་ལྷན་སྒྲོན་འདྲ་པར།

ཐུབ་བསྟན་ཕུན་ཚོགས། བོད་ཀྱི་ཡུལ་སྐད་དབྱེ་ཚུལ་ལ་སླར་ཡང་དཔྱད་པ།

Leave a Comment

Your email address will not be published. Required fields are marked *

*