110 ལ་ཁ་པར་གཏོང་ཆོག་གམ།


“དཀའ་ཁག་ལ་ཐུག་ན།ཉེན་རྟོག་པ་ཚོལ།”ཞེས་པའི་སྐད་ཆ་འདི་ནི་ཅི་འདྲའི་ཡིད་སེམས་དྲོད་ལམ་ལམ་དུ་བྱ་བའི་བརྩེ་གླུ་ཞིག་རེད་ཨང་།གློག་བརྙན་དག་ཏུ་ཉེན་རྟོག་པས་རྐུན་ཇག་ཆམས་ལ་ཕབ་སླད་དུ་རང་སྲོག་འདོར་བར་ཀྱང་མི་ཞེད་པའི་སྤྱོད་པ་སོ་སོ་མཐོང་ཐེངས་རེར་ཉམས་ཆུང་མཐའ་ནས་བསྐྱངས་ཏེ་བཙན་པོ་དམ་ལ་འདོགས་མཁན་གྱི་གཉེན་ནི་ཁོང་ཚོ་མིན་ནམ་སུ་ཡིན་སྙམ་བྱུང་ལ། ཡང་ན་གཞི་བདག་ཏུ་འབོད་པའི་བོས་པ་ཙམ་གྱིས་ཤོར་འོངས་པ་ཤིག་ཡོད་ཟེར་བ་དེ་འང་ཁོང་ཚོ་ཡིན་རྒྱུ་རེད་འདོད་བྱུང་། ལན་རེར་ཁྲོམ་སྲང་དུ་རྐུན་མ་དང་འཁྱམས་པ་ཡིས་ཁྲིམས་འགལ་གྱི་ལས་བྱ་རེ་ལ་རྩོམ་པ་མཐོང་ཚེ།དེ་མ་ཐག་སྐྱོན་མེད་དེ་110ལྟ་བུའི་དཀའ་ཁག་སེལ་མཁན་གྱི་ཟླ་བོ་ཞིག་ཡོད་དོ།ཡོད་པས་མི་ཚད་བརྡ་ཙམ་གྱིས་ཐོན་ཡོང་བས་བདེ་འཇགས་ཀྱི་སྣང་བ་ཞིག་སྤྱི་ཚོགས་ཀྱི་མི་རེ་རེ་ལ་སྦྱིན་ཡོད་པ་ཡིན། ཡིན་ནའང་། དཀའ་ཁག་རེ་ཤས་ཀྱི་མདུན་དུ་ང་ཚོས་སུ་ཞིག་འབོད་དགོས་སམ། 110ལ་ཁ་པར་གཏོང་ཆོག་གམ། ཆོག་གམ།
གལ་ཏེ་ང་ནི་རྩོམ་པ་པོ་ཞིག་གི་ཆུང་མ་ཡིན་པའི་དབང་དུ་བཏངས་ན། ཉེན་རྟོག་པས་ངའི་ཁྱོ་ག་ལ“འདྲི་རྒྱུ་ཞིག་འདུག”པར་བཤད་ནས་ཅི་ཡིན་འདི་ཡིན་མི་ཤེས་པར་ཁྱིམ་ནས་དྲུད་དེ་སོང་རྗེས་ཤུལ་དུ་རྒྱུ་མཚན་ཅི་ཡང་མ་བཞག་པར་བལྟས་བལྟས་རིག་རིག་ལ་འགྲོ་བ་མིའི་རང་དབང་བཀག་སྡོམ་གྱི་ཚད་དེ་ཁྲིམས་ལུགས་ཀྱིས་གཏན་ཁེལ་བྱས་ཡོད་པའི་ཆུ་ཚོད་༡༢ལས་ཕར་བརྒལ་ན། ངས་110ལ་ཁ་པར་གཏོང་ཆོག་གམ།
གལ་ཏེ་ང་ནི་ས་ཐག་རིང་པོ་ནས་ད་སོ་མར་གྲོང་ཁྱེར་འདིའི་མགྲོན་ཁང་ཞིག་ལ་འབྱོར་བའི་མགྲོན་པོ་ཚེ་རིང་སྒྲོལ་མ་ཡིན་པའི་དབང་དུ་བཏངས་ན། ངལ་དུབ་ཀྱི་རྔུལ་ཆུས་ཡོངས་སུ་སྦང་བའི་ལྭ་བ་དག་བརྗེ་སྤོར་བྱེད་སྐབས་སུ། གློ་བུར་ཉེན་རྟོག་པ་སྐོར་ཞིག་གིས་སྒོ་ཡང་མི་རྡུང་བར་མགྲོན་བདག་གི་ལག་ནས་ལྡེ་མིག་བླངས་ཏེ་ཐོབ་ཐང་ལག་འཁྱེར་སོགས་ཁྱེར་ཤོག་ཟེར་ནས་ཁྱིམ་དུ་ངར་སྐད་ཀྱིས་བརྫང་ཐོན་ན། འདི་འདྲའི་གུས་མེད་ཀྱི་མདུན་དུ།ངས་110ལ་ཁ་པར་གཏོང་ཆོག་གམ།
གལ་ཏེ་ང་ནི་སྨད་འཚོང་ཁང་གི་སྒོ་དྲུང་བརྒྱུད་ནས་རང་ཁྱིམ་དུ་ལོག་གིན་པའི་རྒན་པོ་བཀྲ་ཤིས་ཡིན་པའི་དབང་དུ་བཏངས་ན། ལས་མ་དྲང་བར་གཡེམ་འགོག་ཉེན་རྟོག་པའི་ལག་ཏུ་གོ་ནོར་གྱིས་ཚུད་ནས་མངག་གཏོང་ཁང་དུ་དྲུད་ཏེ་གཅར་རྡུང་བརླ་འདར་བ་ཞིག་བྱས།ཕྱིར་རྒྱུ་མཚན་དང་གནས་ལུགས་རེ་བཤད་ཚེ་ཉེན་རྟོག་པར་ངོ་རྒོལ་བཏང་སོང་བའི་ཉེས་འགེལ་གྱིས་ལྷག་པར་སྡུག་རྡུང་དྲག་པོ་བཏངས་འོངས་ན། རང་སྲོག་བསྲུངས་སླད་དུ། ངས་110ལ་ཁ་པར་གཏོང་ཆོག་གམ།
གལ་ཏེ་ང་ནི་རླངས་འཁོར་ཁ་ལོ་བ་ཉི་མ་ཡིན་པའི་དབང་དུ་བཏངས་ན། ངས་རླངས་འཁོར་དུ་ནད་པ་ལྕི་མོ་ཞིག་ཁྱེར་ཏེ་ཁུལ་སྨན་ཁང་གི་ཕྱོགས་སུ་བརྒྱུགས།འགྲིམ་འགྲུལ་ཉེན་རྟོག་པས་མྱུར་ཚད་བརྒལ་འདུག་པ་རྒྱུ་མཚན་དུ་བཀོད་ནས་མདུན་ནས་བཀག་པ་དང་ལག་འཁྱེར་དག་ལ་ཞིབ་གཤེར་བྱས་ཏེ་དུས་ཚོད་འགོར་འགྱངས་བྱས།ནད་པ་སྨན་ཁང་དུ་འཕྱི་འབྱོར་བྱས་པས་སྐྱོབས་མ་ཐུབ་པར་ཚེ་ལས་འདས་སོང་།ཚེ་སྲོག་ཅིག་གི་གྱོང་གུན་གྱི་མདུན་དུ།ངས་110ལ་ཁ་པར་གཏོང་ཆོག་གམ།
གལ་ཏེ་ང་ནི་མདོ་སྨད་ནས་ལྷ་ས་ཡི་ཕྱོགས་སུ་འཇལ་ཕྱག་ལ་འགྲོ་བའི་གྲྭ་བཙུན་དཀྱིས་མ་ཞིག་ཡིན་པའི་དབང་དུ་བཏངས་ན། ལམ་བར་དུ་ཉེན་རྟོག་པ་སྐོར་ཞིག་གིས་ཁྱོད་ཅིའི་ཕྱིར་འགྲོ་བ་ཡིན་སོགས་ཅི་ཡིན་མི་ཤེས་པའི་དྲི་ཚིག་དྲིས་ནས་ཁ་བར་ལག་བར་དུ་རྡུང་རྡེག་རེ་ཡང་བྱས་འོངས་ན། འདི་འདྲའི་བཙན་སྤྱོད་ཀྱི་མདུན་དུ། ངས་110ལ་ཁ་པར་གཏོང་ཆོག་གམ།
གལ་ཏེ་ང་ནི་མཐོ་སྒང་ན་ནོར་ལུག་འཚོ་བའི་འབྲོག་པ་ཞིག་ཡིན་ན།སྐབས་ཤིག་ཉེན་རྟོགས་པ་སྐོར་ཞིག་ཐོན་དེ་དུད་ཁྱིམ་འདུས་སྡོད་བྱེད་དགོས་ཟེར་ནས་བཙན་ཤེད་ཀྱིས་ངའི་ཁང་བ་བཤིགས་ནས་སྔར་གྱི་འཚོ་བའི་བྱེད་ཐབས་ཡོད་ཚད་རྩ་བ་ནས་སྤངས་ཏེ་འཚོ་བའི་བྱེད་ཐབས་གཞན་ཞིག་ཨུ་ཚིགས་ཀྱིས་དང་ལེན་བྱེད་དུ་བཅུག་ན།འདི་ལྟ་བུའི་བཙན་འཛུལ་གྱི་མདུན་དུ། ངས་110ལ་ཁ་པར་གཏོང་ཆོག་གམ།
གལ་ཏེ་ང་ནི་ཐོག་ཁང་འདིའི་ནང་གི་སྨད་འཚོང་མ་ཞིག་ཡིན་པའི་དབང་དུ་བཏངས་ན། གཡེམ་འགོག་ཉེན་རྟོག་པས་སྔོན་ལ་གསལ་བརྡ་ཙམ་འང་མེད་པར་སྤྱི་དམངས་ཀྱི་ཤེས་རྟོགས་དབང་ཆ་འང་ཡལ་བར་གསང་སྟེ། ནམ་གུང་གློ་བུར་དུ་ངའི་ཁང་བའི་ནང་དུ་མཆོངས་ནས། སྡིགས་དམོད་དང་འདེད་རྡེག་གིས་སྒོའི་ཕྱི་རོལ་ནས་ཡར་དེད་མར་འདེད་བྱས། གྲང་ངར་ཆེ་བའི་དགུན་ཁ་འདིར་ང་ལ་དྲོད་འཁྱག་གི་ཆམས་ནད་ཕོག་སྟེ་མགོ་ན་བ་དང་། ཚ་རྒྱས་པ། གློ་ལུ་བ་བྱས།ཡང་ན་འེབ་རེ་འགྲིགས་ཚེ་བཙན་ཚུགས་ཀྱིས་འཁྲུགས་སྤྱོད་ཀྱང་བྱས་འོངས་བས། འདི་འདྲའི་མནར་གཅོད་མདུན་དུ། འདི་འདྲའི་བཙན་གཡེམ་གྱི་མདུན་དུ། ངས་110ལ་ཁ་པར་གཏོང་ཆོག་གམ།
ད་དུང་གལ་ཏེ་ནི་ཤིན་ཏུ་མང་མོད་ད་ནི་གལ་ཏེ་མང་པོ་གཅིག་ཐོག་ཉིས་བརྩེགས་བྱེད་འདོད་མ་བྱུང་།གལ་ཏེ་ནི་གལ་ཏེ་ཙམ་ཡིན་ཀྱི།བརྟག་པ་མཐའ་བཟུང་གི་སྒྲ་ཞིག་ཡིན་མོད་ཀྱང་།གོང་གི་གལ་ཏེ་རེ་རེ་ནི་ང་ཚོའི་འཚོ་བའི་ནང་དུ་དུས་རྒྱུན་བྱུང་དང་འབྱུང་བཞིན་ཡོད་པ་དག་དག་ཡིན། ང་ཚོའི་འཚོ་བ་ལ་དཀའ་ཁག་བཟོ་མཁན་དེ་རྐུན་ཇག་ཡིན་ཚེ།ང་ཚོས་ཕན་ཀྱང་མི་ཕན་ཀྱང་110ལ་ཁ་པར་གཏོང་ཆོག་ལ་ཆོག་ནས་ཀྱང་དཀའ་ཁག་སེལ་དུ་བཅུག་ཆོག ལན་རེར་ང་ཚོའི་འཚོ་བ་ལ་དཀའ་ཁག་བཟོ་མཁན་དེ་རྐུན་ཇག་མ་ཡིན་པར་ལྡོག་སྟེ་ཉེན་རྟོག་པ་ཡིན་ཚེ།ང་ཚོས་སུ་ཞིག་ལ་ཁ་པར་གཏོང་དགོས་སམ། 110ལ་ཁ་པར་གཏོང་ཆོག་གམ། ཆོག་གམ།
གནས་ཚུལ་ཡོངས་ཁུངས http://rdrol.net/node/166

Leave a Comment

Your email address will not be published. Required fields are marked *

*