སྦི་རག་གི་རྦབ་ཆུ།
རིན་སྤུངས་བསྟན་ཆོས།
སྔོ་ཞིང་ལྗངས་པའི་སྤང་ཐང་།
དཀར་ཞིང་འཇམ་པའི་བུ་མོ།
སྙན་ཞིང་འཇེབས་པའི་གླུ་སྒྲ
བརྗིད་ཅིང་རྔམས་པའི་སྟག་ཤར།
ཨེ་མ།
དེ་ལས་ཀྱང་ཉམས་དགའ་བ་ནི།
མདུན་ཕྱོགས་ཀྱི་གླིང་ཁ་ཡངས་པོ་ན།
རི་ལྟར་རྩིགས་པའི་སྦི་རག་རེད།
ལྟོས་དང་།
སྦི་རག་གི་ལྦུ་བའི་རླབས་ཕྲེང་མཁའ་ལ་འཕྱོ་ཞིང་།
ཆང་ཞུའི་བུ་མོ་ནི། གཡོ་སྒྱུའི་ཝ་མོ།
རྨ་བྱའི་ཕྱི་རིས། ཁྱི་མོའི་མཇུག་མ།
མཛོ་ཡི་གྲོད་པ།
ཉོན་དང་། ཆང་མའི་གླུ་སྒྲ་གསལ་ཞིང་སྙན་འཇེབས་ལྡན་ལ།
ཆང་གཞས་གི་གླུ་དབྱངས་ནི་བོད་ཀྱི་གཞས།
ཀྲུང་གོའི་དབྱངས། ཕྱི་རྒྱལ་གཏམ།
རྒྱ་གར་གདངས།
ཀྱེ།
འདི་ནི་གང་བྱུང་གི་སྦི་རག་དཀྱུས་མ་ཞིག་མ་ཡིན་ཏེ།
དབུ་ཁྲིད་བསླུ་བའི་དོན། བླ་མ་འཇིགས་པའི་རྐྱེན།
གཞོན་ནུ་བརླགས་པའི་རྒྱུ། རྒན་པོ་ཉམས་པའི་གཉེན།
བུ་མོ་ཤོར་བའི་རིན།
འདི་ནི་བོད་གངས་ཅན་གཞོན་ནུ་རྣམས་ཀྱི་ལང་ཚོའི་སྦི་རག་རེད།
འདི་ནི་དུས་རབ་ཉེར་ཅིག་ལོ་རབས་སྟོང་ལོའི་བོད་རིགས་མི་དམངས་རྣམས་ཀྱི་འཚོ་གནས་ཀྱི་དགའ་ཚོར། གོ་གནས་ཀྱི་གཏའ་མ། འཐབ་འཛིངས་གི་རྒྱབ་ལངས། ལང་ཚོ་ཡི་དཔང་རྟགས།
ཀྱེ་ཀྱེ།
རྦབ་ཆུ་ཡི་སྦི་རག སྦི་རག་གི་རྦབ་ཆུ།
ཁྱེད་ལ་འཇིགས་པ་མེད་པའི་ཁྲོམ་རྭ་དང་། ཉམས་པ་མེད་པའི་ཚོང་ཤག
རྫོགས་རྒྱུ་མེད་པའི་ཐོན་རྗས། བསུན་རྒྱུ་མེད་པའི་བརྡ་ཁྱབ།
གཟི་རྒྱུ་མེད་པའི་སྐུ་མགྲོན་འདི་ལྟ་བུ་ཞིག་གང་ནས་བྱུང་བ་ཡིན།
རེད་ལགས།
དཔྱིད་གསུམ་ཕྱི་ནས་ཕེབས་པའི་གནས་སྐོར།
དབྱར་གསུམ་ས་ནས་རྡོལ་བའི་ཡུལ་སྐོར།
སྟོན་གསུམ་ལས་ཁུངས་ཁག་གི་སྣེ་ལེན།
དགུན་གསུམ་རྟེན་འབྲེལ་ཁག་གི་འགྲོ་སོང་།
གཞན་ཡང་།
ལྷ་ས། པེ་ཝུའི། ཞོལ་ཧ། ཧོན་ཏུང་། ཡིན་ཙེ་ཏན། གྲོ་ཆང་། ནས་ཆང་། མདོར་ན་ལྟག་སྒོ་རྒྱུ་བའི་ཆང་། དོན་འགྲུབ་པའི་ཆང་། དོན་རྐྱེན་བཟོ་བའི་ཆང་། བཟའ་ཚང་བྲལ་བའི་ཆང་ཏེ།
སྦི་རག་མི་གཅིག་བརྒྱ་དང་བརྒྱད། ཆང་སྣ་མི་གཅིག་ཁྲི་མ་འབུམ།
ཁྱེད་ནི་བློ་སྟོབས་རྒྱས་པའི་ཆུ་ཞིག་ཡིན་པས།
འཐབ་རྫིངས་གི་རྒྱལ་སྒོ་ཕྱེ་འཕོད་ལ།
ཁྱེད་ནི་བློ་རིགས་འཁྲུལ་བའི་ཆུ་ཞིག་ཡིན་པས།
གྲོགས་པོའི་བཟའ་ཟླ་ཡང་མཉམ་དུ་ཉལ་བར་སྤོབས།
ཁྱེད་ལ་གསར་བྱུང་གི་སྐུ་མགྲོན་བསྡུ་བའི་སྤོབས་པ་དང་ ལྡན་པས།
ཁྱེད་ཀྱི་མིག་རྒྱངས་རིང་ཤིང་བརྡ་ཁྱབ་མང་ལ་ ཁྱབ་ཤུགས་ཆེ།
ཁྱེད་ནི་གཟི་ཤུགས་ཆུང་ལ་སྐྱུར་བའི་རོ་དང་བྲལ་བས།
ཁྱེད་རང་འཐུང་རྒྱུན་རིང་ལ་འགྲོ་སོང་ཆེ།
ཁྱེད་ལ་ངོ་ཚ་འདོར་ཞིང་སྐད་ཆ་ཤོད་པའི་ནུས་པ་དང་ ལྡན་པས་ཁྱེད་ཀྱིས་རྣམ་གྲངས་ལེན་ལ་རྟགས་ཐམ་ འགོད་པའི་དཔལ་ཡོན་རྒྱས།
སྦི་རག་ཡ།
ཁྱེད་ནི་ལྐོག་རྔན་གྱི་དཔང་པོ་དང་།
གོ་གནས་ཀྱི་སྐས་འཛེགས་རེད།
ཁྱེད་ཀྱི་དྲི་མ་བྲལ་བའི་ཆང་ཐིག་རེ་རེའི་ནང་དུ།
ཞིང་འབྲོག་རྣམས་ཀྱི་འཕེལ་གྲིབ་འཁོད་ཡོད་ལ།
ཁྱེད་ཀྱི་གཟེགས་མ་འབར་བའི་རྡུལ་ཕྲན་རེ་རེའི་ནང་དུ།
རྒྱ་ཆེའི་ལས་བྱེད་རྣམས་ཀྱི་དར་རྒུད་འདུས་ཡོད།
ཁྱེད་མེད་ན།
སྙིང་ཉེ་བའི་མཛེས་མར་བརྩེ་དུངས་ཇི་ལྟར་སྟོན།
ཁྱེད་མེད་ན།
ཆེས་མཐོ་བའི་དཔོན་པོར་འཇོན་ཐང་ཇི་ལྟར་ངོམས།
ཁྱེད་མེད་ན།
ཡུན་རིང་རྒྱུན་འཁྱོངས་བྱས་པའི་བཟའ་ཟླ་གཡུགས་མི་ཐུབ་ལ་
ཕྲུ་གུའི་མདུན་ལམ་དང་སྤྱི་ཚོགས་ཀྱི་ཀུན་སྤྱོད་དོར་ག་ལ་ཐུབ།
གཅིག་བྱས་ན།
ཁྱེད་ཀྱི་ཆུ་ཤེལ་དང་འདྲ་བའི་ཤེལ་བུམ་ལའང་།
གད་སྙིགས་ཀྱི་སྦག་བཙོག་དང་། ར་གཟི་བའི་སྐྱུག་པ།
སྒྱིད་ངན་གྱི་གཅིན་པ། རང་བྱུང་གི་ཐལ་རྡུལ་སོགས་མཆིས་ཀྱང་སྲིད་མོས།
ཡིན་ནའང་།
ཁྱེད་ལ་ཞེན་ཆགས་ཀྱི་རང་བཞིན་དང་དད་ལངས་སུ་ཤོར་བའི་ནུས་པ་ལྡན་པས། དུས་གསུམ་ཆང་ལ་དགའ་བའི་མི་རྣམས་ཁྱེད་གཅོད་དུ་ འཇུག་པའི་བློ་སྟོབས་ནི་ནམ་ཡང་མ་མཆིས་ལ། དོན་དངོས་ཀྱི་སྣ་བསུན་མང་པོས་ཁྱེད་ལན་བརྒྱར་བཅད་ཀྱང་ཆོད་པའི་ངེས་པ་ནི་དེ་བས་ཀྱང་ག་ལ་ཡོད།
རྒྱུ་མཚན་ནི།
ཁྱེད་ཀྱི་ཕན་ནུས་དོན་དངོས་དང་སྦྲེལ་ཞིང་།
ཁྱེད་ཀྱི་འཇོན་ནུས་བྱ་བ་མང་པོར་འདྲེས་ཡོད་པའི་ཕྱིར།
ཁྱེད་ཀྱི་དོན་དངོས་ཀྱི་ཕན་ནུས་མང་པོས། མི་མང་པོར་ཁེ་སང་དང་ཕན་ཡོན་མང་པོ་གནང་ཡོད་ལ། ཁྱེད་ཀྱི་དོན་དངོས་ཀྱི་དོན་རྐྱེན་མང་པོས། མི་མང་པོའི་སྲོག་དང་འཚོ་བར་འཇིགས་པ་སྤྲད།
གསན་བྱུང་ངམ། སྦི་རག་ལགས།
སྦི་རག་མི་འཐུང་བའི་གཞོན་ནུ་ཞིག་གི་དྲི་བ་འདི་དག་གསན་པ་ཨེ་བྱུང་།
རྒྱལ་ཁབ་ཕྱག་ལས་འཐུས་ཤོར་སོང་ན་ཇི་ལྟར་བྱ།
ཁྱིམ་ཚང་འཆམ་མཐུན་འཐོར་གཤིག་སོང་ན་ཇི་ལྟར་བྱ།
ཕྲུ་གུའི་མདུན་ལམ་ཐལ་བར་འདྲེས་ན་ཇི་ལྟར་བྱ།
ཕ་མའི་སྤྱན་གཉིས་མཆི་མས་བསླན་ན་ཇི་ལྟར་བྱ།
བཟའ་ཟླ་མཚན་གང་གཅིག་པུར་ལུས་ན་ཇི་ལྟར་བྱ།
རྩེར་གསོན་ལག་རྩལ་སྟོང་ཟད་སོང་ན་ཇི་ལྟར་བྱ།
ལགས་སོ། སྦི་རག་ལགས།
ཁྱེད་ཀྱི་རྙོགས་ཞིང་འཛིང་ལ་ཟང་ཟིང་ཆེ་བའི་ དོན་དངོས་ལས་བྱུང་བའི་ལན་དེ་དག་ང་ཚོའི་སེམས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་བཟུང་ཡོད།
ངོ་མ། འཇོན་ནུས་ཤིན་ཏུ་ཆེ་བའི་སྦི་རག་གིས་ཆུ་འཁོལ་གི་ཚབ་བྱེད་མི་ཐུབ་ལ།
རྙོགས་དྲའི་དྲི་དང་འགྲོགས་པའི་ཁེ་སང་གིས་རྒྱུན་རིང་བདེ་ཐང་གི་སྐོམ་པ་ག་ལ་གསོད། རྙེད་པར་དཀའ་བའི་མི་ལུས་ཀྱི་ཕུང་པོ་ལ། དུས་དང་མཐུན་པའི་བདེ་སྲུངས་གི་གོ་རྟོགས་མ་ལྡན་ན། བདེ་ཐང་གི་འཕར་རྩ་ལྡིངས་མི་སྲིད་ལ། མདུན་སྐྱོད་གི་གོམ་པ་སྤོ་མི་ཐུབ། བདེ་སྐྱིད་ཀྱི་འཚོ་བ་ནི་དེ་བས་ཀྱང་ངོ་།
ཀྭ་ཡེ། སྦི་རག་ལགས།
ཁྱེད་ཀྱི་ལང་ལོང་འཕྱུར་བའི་སྦུ་བ་དང་།
གང་བྱུང་དུ་གཡུགས་པའི་ཤེལ་བུམ་ལས།
ང་ཚོ་སྟ། བོད་གངས་ཅན་གྱི་མི་རབས་གསར་པའི་འཐུང་ཤུགས་མཚོན་པ་དང་།
ཁྱེད་ཀྱི་གང་བྱུང་དུ་བཙུགས་པའི་ཨར་ཁང་དང་། ཟང་ཟིང་ཆེ་བའི་ནང་མ་ལས།
བོད་གངས་ཅན་གྱི་མི་རབས་གསར་པའི་ཕུགས་བསམ་མངོན་འདུག
རྩོད་རྙོགས། འཁྲུགས་རྩོད། མིག་སེར། ཞེ་སྡང་།
ང་ཚོའི་དུས་རབས་འདིར་གཏན་ནས་འཇུག་ཡུལ་མེད།
ལེ་ལོ། རྗེས་ལུས། ཀླ་ཀློ སྤྱོད་ངན།
ང་ཚོའི་དུས་རབས་འདིར་གནས་ཡུལ་གཏན་ནས་མེད།
སྦི་རག་ཡ་སྦི་རག
ང་ཚོའི་སེམས་ནི་ཁྱེད་ཀྱི་འགྲོས་དང་བསྟུན་ནས་གཡོ་བ་དང་། ང་ཚོའི་ལུས་ཀྱང་ཁྱེད་ཀྱི་རྒྱུན་དང་འགྲོགས་ནས་ཉམས།
མ་འོངས་པའི་ལམ་ཁར། འབད་བརྩོན་སྔར་ལས་ཇེ་ཆེར་དགོས་ཀྱང་།
བོད་ཀྱི་གཞོན་ནུ་རྣམས་བརྩོན་པའི་སེམས་ཤུགས་བྲལ་ཞིང་།
ཁོང་ཚོས་རང་རེའི་མི་རིགས་འདིར། བཏུང་ཆ་ཡི་ལམ་བུ་གསར་པ་ཞིག་འབྱེད་ཐུབ་ངེས་ཡིན།
ལྟོས་དང་། གྲལ་འགྲིགས་པའི་ཆང་རྐྱལ་འདི་དག་ནི། བོད་གངས་ཅན་གྱི་མི་རབས་གསར་པ་རེད།
ཉོན་དང་། བགྲོད་ཉམས་པའི་གོམ་སྒྲ་འདི་ནི། བོད་གངས་ཅན་གྱི་གཞོན་ནུའི་གོམ་བགྲོད་རེད།
ནག་ཁུང་གི་ནང་མ། ཁྲེལ་མེད་ཀྱི་རྨོ་བོ།
ཕྱི་རྫིགས་གི་ཨར་ཁང་། ལས་མེད་ཀྱི་བུ་མོ།
སྦི་རག་གི་ཁྲོམ་རྭ་ལ་ཡལ་བ་མེད་ཅིང་།
སྦི་རག་གི་ཚོང་ཤག་ལ་ཉམས་པ་མེད།
འདི་ནི། བོད་གངས་ཅན་གྱི་གཞོན་ནུ་རྣམས་ཀྱི་སྦ་ཁུག་ལས་བྱུང་བའི་སྦི་རག་གི་རྩིག་པ་རེད།
འདི་ནི་བོད་གངས་ཅན་གྱི་གཞོན་ནུ་རྣམས་ཀྱི་ཧུར་བརྩོན་ལས་བྱུང་བའི་སྦི་རག་གི་ རྦབ་ཆུ་རེད།
Follow Us!