འོད་ཟེར། བེད་སྤྱོད་བཏང་བའི་དགེ་སྟག་སྤྲུལ་སྐུ།

ཟླ་བ་བདུན་པའི་ཟླ་མཇུག་ཏུ་དཀར་མཛེས་ལ་འབྱོར་སྐབས་ལམ་གཡས་གཡོན་གྱི་གློག་ཤིང་སྟེང་ལམ་བྱང་མཐོན་པོར་བསྐྱལ་ཡོད་པ་དང༌། གློ་བུར་དུ་དོ་སྣང་བྱུང་བ་ནི་དེའི་ཐོག་སྤྱི་ཁྱབ་དམག་དཔོན་zhudeདང་དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་དྲན་གསོ་ཁང་ཟེར་བྲིས་འདུག ཡང་དེ་ནི་ཉེ་ཆར་གསར་བཞེངས་བྱས་པ་ཞིག་ཡིན་ནམ། ལམ་བྱང་བརྡ་སྟོན་དེ་བརྒྱུད་ནས་འགྲོ་དུས་གྲོང་གི་ཕྱི་ལ་སླེབས་པ་དང་། ལམ་རྒྱུད་ཐོག་རྩད་འཚོལ་ཐུབ་པ་ནི་བརྟན་པོར་བརྒྱབ་པའི་སྒོ་དམར་པོའི་རྒྱབ་དེར་རྒྱ་བཟོའི་རྣམ་པ་ལྡན་པའི་ཐོག་བརྩེགས་ཁང་པ་ཞིག་འདུག་པ་དེའི་གཡས་གཡོན་དུ་ཤིང་སྣ་སྔོ་ཐིང་ཐིང་ཡོད་པའི་ཐོག་མེ་ཏོག་མང་པོ་སྐྱེས་ཤིང་། jiang ze ming གིས་བྲིས་པའི་སྒོ་བྱང་འདི་དེ་བས་མངོན་གསལ་པོ་ཞིག་འདུག

རྗེས་ལ་དྲ་རྒྱའི་ཐོག་ནས་མཐོང་བར། དྲན་གསོ་ཁང་དེ་སྤྱི་ལོ་༡༩༩༡ལོར་འཛུགས་སྐྲུན་འགོ་བཙུགས་ཏེ་སྤྱི་ལོ་༡༩༩༣ལོར་ལེགས་གྲུབ་བྱུང་ནས་དཀར་མཛེས་རྫོང་དང་དཀར་མཛེས་ཁུལ། ཐ་ན་ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་གཏན་གཞི་ཟེར་བར་གྱུར་ཡོད་འདུག ངོ་སྤྲོད་བྱས་པར་གཞིགས་ན། དྲན་གསོ་ཁང་འདིའི་ནང་དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་སྐུ་ཚེའི་ལོ་རྒྱུས་དང་དམར་དམག་རྒྱང་སྐྱོད་འཁེལ་ཡུལ་དཀར་མཛེས་ཀྱི་བྱས་རྗེས་དང་གསར་བརྗེའི་རིག་དངོས་སོགས་ཞིབ་ཕྲ་གཤམ་སྟོན་བྱས་ཡོད་ཟེར་བཀོད་བཞག གུས་མོས་དོ་སྣང་བྱུང་བར། དེའི་ནང་མི་རིགས་ས་ཁུལ་གྱི་དམར་པོའི་བོད་པ་གཞུང་ཐོག་མ་བཙུགས་པའི་སྐབས་ཀྱི་རི་མོ་དང་འདྲ་པར། དེ་བཞིན་གཙོ་འཛིན་གཞོན་པ་དགེ་སྟག་སྤྲུལ་སྐུ་དང་བོད་པ་གཞུང་ནང་མཉམ་ཞུགས་བྱ་མཁན་བོད་པའི་མང་ཚོགས་ཀྱི་པར་རིས་སོགས་ཉར་ཚགས་བྱས་ཡོད་པ་གླེང་བཞག

བོད་པ་གཞུང་ཟེར་བ་འདི་གང་ལ་ཟེར་གྱི་ཡོད་པ་རེད་དམ། དེ་ནི་སྐད་ཆ་རིང་པོ་ཞིག་རེད། དེ་ཡང་རྒྱ་ནག་གུང་བྲན་གཞུང་ནས་ངོས་འཛིན་བྱས་པ་བཞིན། དམར་དམག་རྒྱང་སྐྱོད་སྐབས་ལམ་བར་ལ་གཞུང་གཉིས་བཙུགས་རོགས་བྱས་ཡོད་པ་སྟེ། དགེ་ལེགས་སྡེ་ས་བོད་པ་མི་དམངས་གཞུང་དང་བོད་པ་གཞུང་དེ་གཉིས་རེད། དེ་གཉིས་ཀ་བོད་པའི་ས་ཆའི་སྟེང་བཙུགས་པའི་བོད་མིའི་སྲིད་དབང་ཞིག་རེད་ལ། དགེ་ལེགས་སྡེ་ས་བོད་པའི་མི་རིགས་གཞུང་ནི་ད་ཆའི་སྟེང་པ་སོགས་ས་གནས་ཀྱི་རྒྱལ་རོང་ས་ཁུལ་དང་། བོད་པ་གཞུང་ནི་ད་ལྟའི་དཀར་མཛེས་སོགས་ས་གནས་ཀྱི་ཁམས་པའི་ས་ཁུལ་དུ་ཡིན་ཞིང་། དེའི་བསྒྲགས་གཏམ་ནི་ས་གནས་སུ་ཡོད་པའི་ཆབ་སྲིད་དང་ཆོས་ལུགས་སོགས་ཀྱི་དབང་ཆར་དམིགས་པ་ཞིག་མ་ཡིན་པར། དེའི་ནང་འཁོད་དོན་དུ། མདོ་དབུས་ཁམས་ས་ཆ་ཡུན་ནས་ཡུན་དུ་བོད་པ་རང་ཉིད་ཀྱི་འཛིན་སྐྱོང་བྱ་དགོས། རྒྱ་མི་བཙན་འཛུལ་པ་གོ་མིང་ཏང་ཚོགས་པའི་རྒྱ་མི་དཔོན་རིགས་དང་དམག་ཤེད་ཅན་ནས་ལོ་ངོ་སྟོང་ཚོའི་རིང་ང་ཚོ་བོད་པའི་ཁྲོད་མེད་པ་བཟོ་བའི་ཁྱུར་མིད་སྲིད་ཇུས་ཤིག་ལག་བསྟར་བྱས་པར་ང་ཚོས་སྲོག་འབེན་ལ་བཙུགས་པའི་དམ་བཅའ་བཞག་སྟེ་ངོ་རྒོལ་བྱ་རྒྱུ་དང་། བློ་རྩ་བརྟན་པོའི་ངང་བོད་པའི་རང་བཙན་བཅིངས་འགྲོལ་ཆེད་འཐབ་རྩོད་མཐར་ཕྱིན་པ་བྱ་རྒྱུ་ཞེས་དང་། ཡང་ང་ཚོའི་ལངས་ཕྱོགས་ནི་བོད་པའི་རང་བཙན་ཡིན་ཞིང་། ང་ཚོའི་མིག་མདུན་གྱི་ལས་འགན་ནི་བོད་ལྗོངས་དར་རྒྱས་དང་jiangརྩ་མེད་གཏོང་བ་འདི་ཡིན་ཞེས་ཡོད་པ་རེད།

ལོ་ངོ་བདུན་བཅུ་ལྷག་ཙམ་གྱི་ལོ་རྒྱུས་ལ་ཕྱིན་དྲན་བྱ་སྐབས་འབྲེལ་ཡོད་དཔྱད་བརྗོད་ནང་ཕྱོགས་སྡོམ་བྱས་པར། རྒྱ་ནག་གུང་བྲན་གཞུང་གི་མི་རིགས་སྲིད་ཇུས་ནི་དང་ཐོག་མི་རིགས་རང་ཐག་རང་གཅོད་ཟེར་བར་རྒྱབ་སྐྱོར་དང་། ཐ་ན་མི་རིགས་རང་བཙན་ཟེར་བར་རྒྱབ་སྐྱོར་བྱས་ཡོད། ད་ཆ་མི་རིགས་ཁ་བྲལ་ཟེར་བར་ངོ་རྒོལ་བྱེད་ཀྱི་ཡོད། བོད་པ་གཞུང་ཟེར་བ་གསར་བཙུགས་ཐད་རོགས་རམ་བྱས་པ་ཟེར་བ་དེ་ནི་སྐབས་དེ་དུས་བྲོས་བྱོལ་གྱི་ལམ་ཐོག་ཡོད་པའི་རྒྱ་ནག་གུང་བྲན་གྱི་དམར་དམག་ངོས་ནས་ཞུས་ན། དོན་དངོས་ཐོག་སྟབས་བསྟུན་གྱི་བྱ་ཐབས་ཤིག་ཡིན་པ་ལས་བོད་མི་དམངས་ལ་གཟི་བརྗིད་ཀྱི་དམ་བཅའ་ཟེར་བ་ཞིག་རྩ་བ་ནས་མིན། དོན་དངོས་ཐོག་རྒྱ་ནག་གུང་བྲན་གྱི་དམར་དམག་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་དེ་རྒྱ་མིའི་ས་ཆ་དང་། ཡང་ན་བོད་མིའི་ས་ཆ། དེ་བཞིན་དེ་མིན་མི་རིགས་ཀྱི་ས་ཆ་གང་འདྲ་ཞིག་བརྒྱུད་པ་ཡིན་རུང་། ད་ཆ་ཕྱིན་བཏོན་བྱས་པའི་དངོས་ཡོད་གནས་ཚུལ་ལ་བལྟས་ན། ལམ་བར་ལ་ཚང་མ་རིན་པ་མ་སྤྲད་པ་དང་ལམ་བར་དུ་ཚང་མ་མགོ་སྐོར་གྱོང་གུན་བཏང་བ་ཤ་སྟག་ཡིན་པ་རེད།

བོད་མིར་བོད་ལྗོངས་དར་རྒྱས་དང་jiangརྩ་མེད་གཏོང་བ་ཟེར་བའི་རང་བཙན་སྲིད་དབང་བཙུགས་རོགས་བྱ་རྒྱུར་དྲིན་ལན་གསོལ་དགོས་ཀྱི་ཡོད། རྒྱ་ནག་གུང་བྲན་གཞུང་གི་གཞུང་འབྲེལ་ཡིག་ཆར་གཞིགས་ན། དམར་དམག་གིས་རྔ་པ་ས་ཁུལ་བརྒྱུད་པའི་སྔ་རྗེས་ཟླ་བ་༡༦ནང་དགེ་ལེགས་སྡེ་ས་བོད་པའི་མི་དམངས་གཞུང་ནས་འབྲུ་རིགས་ཕལ་ཆེར་རྒྱ་མ་བྱི་བ་གཅིག་ཙམ་དང་། ལུག་དང༌། ར། རྟ། ཕག་པ་སོགས་ཕྱུག་ཟོག་འབུམ་གཉིས་ཙམ་གྱི་རོགས་སྐྱོར་བྱས་ཡོད་ལ། ཡང་དམར་དམག་གིས་ཁམས་བྱང་རྒྱུད་ཁུལ་བརྒྱུད་པའི་དུས་ཚོད་རིང་བོད་པ་གཞུང་གིས་འབྲུ་རིགས་རྒྱ་མ་ས་ཡ་བཞི་དང་འབུམ་ལྔ་མཁོ་འདོན་བྱས་ཡོད། དམར་དམག་ཡན་ཨན་དུ་ས་བརྟན་བྱུང་བའི་རྗེས་མའོ་ཙེ་ཏུང་གིས་ཨ་རིའི་གསར་འགོད་པ་Edgar Snowལ་བརྗོད་དོན་དུ། དམར་དམག་གི་ཕྱི་ལ་བུ་ལོན་ཡོད་པ་གཅིག་པུ་ནི་དམར་དམག་གིས་བོད་མིའི་འབྲུ་རིགས་ལེན་པའི་བུ་ལོན་ཆད་པ་དེ་རེད། ཉིན་ཞིག་ང་ཚོས་ངེས་པར་དུ་ཕྱིའི་མི་རིགས་ཀྱི་བུ་ལོན་འདི་མཇལ་རྒྱུ་ཡིན་ཞེས་བརྗོད་ཡོད། གང་འདྲ་ཞིག་ལ་ཕྱི་བུན་ཟེར་བརྗོད་ཀྱི་ཡོད་པ་རེད་དམ། དེ་ནི་ཕྱི་རྒྱལ་ལ་བུ་ལོན་གཡར་བའི་གོ་དོན་མ་རེད་དམ། དེར་བརྟེན་མའོ་ཙེ་ཏུང་ནས་སྐབས་དེ་དུས་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་པ་མཐོང་ཐུབ།

ཡང་དཀར་མཛེས་རྫོང་བེ་རི་དགོན་གྱི་དགེ་སྟག་སྤྲུལ་སྐུ་དང་སྐབས་དེ་དུས་ཀྱི་བོད་པའི་ཕུལ་བྱུང་མི་སྣ་བྱ་རྒོད་སྟོབས་ལྡན་དང་སྤོམ་མདའ་སྟོབས་རྒྱལ། མགོན་པོ་ཚེ་རིང་། བཀྲ་ཤིས་དབང་ཕྱུག་སོགས་མི་སྣས་བོད་པའི་གཞུང་གི་འགོ་ཁྲིད་གྲུབ་ཆ་བྱས་ཤིང་། ཐུན་མོང་ཐོག་གཏན་འབེབས་བྱས་པའི་ནང་བོད་མིའི་རང་བཙན་དང་བོད་པ་ཡི་སྡེ་པའི་རང་བཙན་གཞུང་བཙུགས་རྒྱུ། བོད་པས་རང་ཉིད་ཀྱི་ས་ཁོངས་འཛིན་སྐྱོང་བྱ་རྒྱུ་ཟེར་ཡོད་པ་རེད་ལ། དེ་བཞིན་དམར་དམག་དང་མཉམ་འབྲེལ་ཐོག་ནས་བོད་པའི་རང་བཙན་གྱི་ཚོགས་པ་དང་སྒེར་ལ་རོགས་སྐྱོར་བྱ་རྒྱུ་ཟེར་བ་སོགས་ནང་དོན་དུ་འཁོད་པའི་རྩ་འཛིན་ཞིག་ཡོད། བོད་པར་རོགས་སྐྱོར་དང་གདུང་སེམས་མཉམ་སྐྱེས་བྱེད་མཁན་རང་བཙན་གྱི་རྒྱལ་ཁབ་དང་ཡང་ན་མི་རིགས། གཞུང་། དམག་དཔུག་ཚང་མ་ནི་བོད་པ་མི་དམངས་ཀྱི་གྲོགས་པོ་ཟེར་བ་ཡིན་པར་ཡིད་ཆེས་བྱས་ཡོད། འོན་ཀྱང་མཐར་སྟབས་བདེ་པོའི་ངང་ཡིད་ཆེས་བྱས་པའི་དབང་གིས་ལོ་རྒྱུས་ཀྱི་ཟུར་ཟ་ཕོག་ཡོད།

གལ་ཏེ་དྲང་བདེན་ངང་དགེ་སྟག་སྤྲུལ་སྐུ་སོགས་ལོ་རྒྱུས་མི་སྣར་གདེང་འཇོག་བྱ་དགོས་ན། ཁོང་ཚོ་ནི་ངོ་བོའི་ཐོག་ནས་ཚང་མ་མི་རིགས་རིང་ལུགས་པ་ཞིག་ཡིན་པར་ངོས་འཛིན་བྱ་དགོས་པ་ལས། རྒྱ་ནག་གུང་བྲན་གྱིས་ཡང་ནས་ཡང་དུ་བེད་སྤྱོད་བཏང་སྟེ་མེས་རྒྱལ་གཅིག་གྱུར་ཟེར་བའི་དམར་པོའི་སྤྲུལ་སྐུ་ཟེར་བར་འབད་བརྩོན་གནང་མཁན་གྱི་ཆོ་ལོ་གནང་བ་དེ་མིན་པ་རེད། འགའ་རེས་གདེང་འཇོག་བྱ་དོན་དུ། གལ་ཏེ་དམར་དམག་ནས་བཅིངས་འགྲོལ་དམག་ལ་གྱུར་བ་ཕྱིན་པའི་བར་དགེ་སྟག་སྤྲུལ་སྐུ་སྐུ་འཚོ་བཞུགས་གནང་ཐུབ་ཡོད་ན། རྗེས་ལ་ཁོང་བཙོན་ཁང་ནང་ཚུད་ཡོད་པ་ཧ་ལམ་ཐག་ཆོད་པོས་ཞུས་ཆོག དེ་ཡང་སྐུ་ཞབས་ཕུན་ཚོགས་དབང་རྒྱལ་ལགས་ཀྱི་ལས་དབང་དང་གཅིག་པ་རེད། འོན་ཀྱང་ཁོང་ནི་བཅིངས་འགྲོལ་དམག་གིས་ཆབ་མདོའི་དམག་ཟེར་བའི་དམག་འཁྲུགས་མ་སློང་སྔོན་གློ་བུར་དུ་དགོངས་པ་རྫོགས་པ་དེས་རྒྱ་ནག་གུང་བྲན་གྱིས་དེ་སྔའི་གཟི་བརྗིད་ཀྱི་དམ་བཅའ་ཟེར་བ་དེར་རྒྱབ་འགལ་དང་ཡང་ན་བརྗེད་ངེས་ལ་བཏང་བའི་རྒྱུ་མཚན་བཟང་ཤོས་ཤིག་ཏུ་གྱུར་ཡོད།

09/28/11 ལྷ་ས་ནས།

གནས་ཚུལ་ཡོངས་ཁུངས http://www.sherab.org/?p=5103

Leave a Comment

Your email address will not be published. Required fields are marked *

*