འོད་ཟེར། བཀོད་པ་མཛེས་ཤིང་བརྗིད་ཉམས་ལྡན་པའི་རྫོགས་ཆེན་དགོན།

རྫོགས་ཆེན་དགོན་པར་སྐྱོད་པའི་སྔ་ནུབ་དེར་ང་ཚོ་རྩྭ་ཐང་ཐོག་ཞག་སྡོད་བྱས་པ་ཡིན། འདི་ཁུལ་ནི་བདེ་དགེའི་ཁོངས་གཏོགས་ཡིན་ཞིང་། ཡང་བདེ་དགེ་ནི་དགོངས་པ་རྫོགས་པའི་གུས་མོའི་པྰ་ལགས་ཀྱི་ཕ་ཡུལ་ཡིན་པས་གུས་མོར་སྙིང་ཉེ་བའི་ཚོར་བ་ཞིག་བྱུང་ལ། སེམས་ཀྱང་ཅུང་ཟད་སྐྱོ་བྱུང་། རྩྭ་ཐང་ཐོག་སྐྱིལ་ཀྲུང་དུ་བསྡད་དེ་གཙང་ཆུ་རྒྱུགས་པའི་སྒྲ་ཉན་ཞིང་། མཁའ་དབྱིངས་ཀྱི་སྤྲིན་ཚོགས་དམར་པོ་ནས་མུན་པ་རུབ་པའི་བར་བལྟས་ནས་བསྡད། མདོ་དབུས་ཁམས་གསུམ་གྱི་ས་གནས་ཚང་མའི་ནང་སྐྱོད་མྱོང་མཁན་གུས་མོའི་ངོས་ནས་ཞུས་ན། ཁམས་ནི་བརྗིད་ཆགས་ཤིང་ཡིད་དུ་འོང་ཤོས་ཀྱི་ས་ཆ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ལྗང་ཐིང་ཐིང་གི་རིའི་སྟེང་ཡོད་པའི་ནགས་ཤིང་ཐ་རེ་ཐོ་རེ་དེ་ཚོ་ནི་ནུས་པའི་བྱུང་ཁུངས་ལ་གཏོར་བཤིག་བཏང་པའི་དཔང་རྟགས་གསལ་པོ་ཞིག་ཆགས་ཡོད།

ལོ་ངོ་བཅུ་ལྷག་ཙམ་སྔོན་གུས་མོ་དཔལ་སྤུངས་དགོན་པར་སྐྱོད་པའི་ལམ་བར་དུ་གང་བྱུང་གིས་ཤིང་ནགས་གཅོད་མཁན་ཕྱི་ནས་ཡོང་བའི་ལས་མི་དང་འཕྲད་མྱོང་ཡོད། ཕལ་ཆེར་ཤིང་ལྡོང་བརྒྱ་ཕྲག་རིའི་སྟེང་ནས་གང་བྱུང་གིས་གཤམ་དུ་དབྱུགས་ཏེ་གྲོག་རོང་དུ་སྤུངས་ཤིང་། རིའི་གསེབ་ནས་སྟ་རེས་ཤིང་བཅད་པའི་བྲག་ཅ་དེ་རྣ་བར་ད་དུང་ཡང་འཁོར་ནས་ཡོད་པའི་ཐོག་མིས་ངལ་རྩོལ་བྱས་པའི་ཁྲོད་ཐོན་པའི་སྒྲ་ཡང་མཉམ་བསྲེས་བྱས་ནས་འདུག གུས་མོས་སྒྲ་དེ་དེད་ནས་རི་སྟེང་འདྲ་པར་ལེན་སྐབས་ཤིང་གཅོད་མཁན་ནས་ཆེད་མངགས་དབྱུགས་ཡོང་བའི་ཤིང་ལྡོང་གིས་ཏོག་ཙམ་མ་གཏོགས་གནོན་གྲབས་བྱས་བྱུང་། ཡང་སྐབས་དེ་དུས་རྒྱ་ནག་གསར་འགྱུར་ཁང་གིས་གསར་འགོད་པ་ཞིག་གིས་བརྗོད་པར་གཞིགས་ན། དཀར་མཛེས་ཁུལ་གྱི་བྲག་འགོ་རྫོང་ལ་ཤིང་ནགས་ཡོད་ཚད་བཅད་དེ་རྩ་སྟོང་བཟོས་ཡོད་པས་རི་ཡོངས་རྫོགས་སྐྱ་ཐེར་ཐེར་ཆགས་ཡོད་པར་བརྟེན་ས་གནས་འདི་རང་ལ་ཁུལ་འདིའི་ནགས་ཚལ་ལས་ཁུངས་མེད་པ་བཟོས་ཡོད་པ་རེད།

བོད་ཁུལ་དུ་ཕྱི་རོལ་ས་སྟོང་ལ་ཞག་སྡོད་བྱས་པ་འདི་སྣང་བ་སྐྱིད་པོ་ཞིག་རེད། ནམ་ཕྱེད་ལ་ཆར་པ་ཆེན་པོ་བབས་ཏེ་ཚང་མ་མོ་ཀྲའི་ནང་འཚང་ཀ་ཤིག་ཤིག་ངང་གཉིད་ཁུག་དགོས་བྱུང་ན་ཡང་ནམ་ལངས་པའི་རྗེས་རི་སྔོ་ཞིང་ཆུ་དྭངས་ལ། དེ་བཞིན་གངས་ལྗོངས་ས་མཐོའི་དམིགས་བསལ་ཁྱད་ཆོས་ཀྱིས་ཁ་རླུང་གཙང་བ་མ་ཟད། ད་དུང་སངས་དང་རྩམ་པའི་བྲི་ཞིམ་འཕྱུར་བས་མི་རྣམས་བློ་བདེ་བག་ཕེབས་ཤིག་ཡོང་གི་ཡོད། ཡང་དེའི་དབང་གིས་ང་ཚོས་མོ་ཀྲ་བཏང་སྟེ་སྐད་གྲགས་ཡོད་པའི་རྙིང་མའི་དགོན་པ་རྫོགས་ཆེན་དགོན་དུ་སྐྱོད་པ་ཡིན།

ཡུལ་སྐོར་བ་ནང་བཞིན་རྫོགས་ཆེན་དགོན་པར་ཐེངས་ག་ཚོད་སླེབས་ཡོད་མེད་བརྗོད་དགོས་དོན་མེད། འོན་ཀྱང་གུས་མོས་ཡང་བརྗོད་འདོད་བྱུང་བ་ནི་ཐོག་མ་འདི་ཧ་ཅང་གི་མཛེས་སྡུག་ལྡན་པ་ཞིག་འདུག སྤང་དུ་ཕྱག་དཔེ་ཉར་ནས་ཡོད་པའི་སློབ་གཉེར་གནང་མཁན་དགེ་འདུན་པ་ནས་རིམ་པས་རིག་གནས་གསར་བརྗེའི་གོད་ཆག་ཚབས་ཆེན་ནང་ནས་བསྐྱར་དུ་ཞིག་གསོ་ཞུས་པའི་ལྷ་ཁང་མཇལ་སྐབས་བསོད་རྒྱལ་རིན་པོ་ཆེའི་ཕྱག་དེབ་<>ཞུ་བའི་དེའི་ནང་ངོ་སྤྲོད་གནང་བའི་རྣམ་པ་སྟེ། གྲུབ་པ་ཉམས་ལེན་ཟབ་པའི་དོལ་སྤྲུལ་རིན་པོ་ཆེ་རྫོགས་ཆེན་དགོན་པའི་སྐུ་རྒྱབ་ཀྱི་རི་སྟེང་དུ་སྒལ་ཉལ་སྐྱོན་ཞིང་ནམ་མཁའ་ཁེངས་ནས་ཡོད་པའི་འོད་ཆེམ་ཆེམ་གྱི་སྐར་མར་ཕྱག་འཛུབ་བཙུགས་པ་གནང་ཏེ་ཁོང་གི་དགེ་ཕྲུག་ནས་མཐོང་ཡོད་མེད་དྲིས་རྩད་གནང་ནས་དགེ་ཕྲུག་དེས་ལམ་སེང་ཤེས་རྟོགས་ཐུབ་པ་ཡོང་གི་ཡོད་ཅེས་གསུངས་ཡོད་པ་དེ་མཐོང་བ་ལྟ་བུ་བྱུང་།

ལོ་ངོ་བཅུ་ལྷག་ཙམ་རིང་རྫོགས་ཆེན་དགོན་པ་དེ་བས་བཀོད་པ་མཛེས་ཤིང་བརྗིད་ཉམས་ལྡན་པ་ཞིག་ཏུ་གྱུར་ཡོད་པ་མངོན་གསལ་དོད་པོ་རེད། གུས་མོས་དངོས་སུ་མཐོང་བའི་སྐབས་དཔེར་ན། དགོན་པའི་འདུ་ཁང་སོགས་ལྷ་ཁང་ཁག་ཧ་ཅང་གཟི་མདངས་རྣམ་པར་བཀྲ་གྲགས་པ་ཞིག་ཡོད་པ་མ་ཟད། ད་དུང་བེད་སྤྱོད་བྱས་པའི་འཛུགས་སྐྲུན་གྱི་རྒྱུ་ཆ་ཡང་སྲོལ་རྒྱུན་གྱི་དགོན་པ་དང་མི་འདྲ་བ་ཡོད། དཔེར་ན། དཀར་རྩི་ལྡན་པའི་སོ་ཕག་གཏིང་བ་དང་། ཧ་ཡང་དང་ལྕགས་མཉམ་བསྲེས་བྱས་པའི་སྒེའུ་ཁུང་། ནུབ་ཕྱོགས་ཀྱི་རྣམ་པ་ལྡན་པའི་གྱང་ལྡེབས་ཀྱི་གློག ཡང་རྒྱ་ནག་ས་ཁུལ་གྱི་རྣམ་པ་ལྡན་པའི་སྒོ་དང་སྒོ་ལྕགས། བརྐོས་རྒྱབ་པའི་རྡོ་ཀ་མ་རུའི་སྒྲོམ་སྐྱོར། དེ་བཞིན་གྱང་སྟེང་ལ་གཞུང་དུ་བསྐྱལ་བ་དེ་གཉིས་རྒྱ་ནག་གི་ས་ཆའི་ཆ་ཡིག་དང་འདྲ་ལ། རྒྱབ་མདུན་གཉིས་ཀྱི་ངོས་དེར་བོད་ཡིག་དང་རྒྱ་ཡིག་ཐོག་ནས་བྲིས་པའི་ནང་ཆོས་ལྟ་གྲུབ་སོགས་འདུག ཡང་རིམ་པ་དང་ལྡན་པའི་རྒྱ་ཕིབས། ད་དུང་དྲིལ་བུ་རེ་རེ་དང་བྱ་འབྲུག་དེ་རྣམས་ལ་མཚོན་ན། གསེར་བྱུགས་པ་དང་ཡང་ན་གསེར་ཚགས་རྒྱབ་པ་གང་ཡིན་རུང་རྒྱང་རིང་ནས་གསེར་འོད་ཆེམ་ཆེམ་གྱི་ཕྱུག་ཉམས་དོད་ལ་རྒྱས་སྤྲོས་ཆེ་བ་ཞིག་མཐོང་གི་འདུག

ཁམས་ཁུལ་གྱི་སེར་ཤུལ་དགོན་པའི་ཁྲི་པ་རིན་པོ་ཆེས་གུས་མོར་གསུངས་མྱོང་ཡོད། དེང་སང་ཁང་པར་སྒྲིག་བཟོ་བྱ་སྐབས་ཚང་མས་དར་སྲོལ་ཆེ་བའི་འཛུགས་སྐྲུན་གྱི་རྒྱུ་ཆ་བེད་སྤྱོད་བྱས་པ་བཞིན་ང་ཚོས་དགོན་པའི་ཕྱག་དཔེ་ཁང་དང་ལྷ་ཁང་ལ་ཞིག་གསོ་ཞུ་སྐབས་ཨར་འདམ་ལྕགས་རྩིབས་མ་དང་དཀར་རྩི་བྱུགས་པའི་སོ་ཕག ཧ་ཡངས་དང་ལྕགས་མཉམ་བསྲེས་བྱས་པའི་རིགས་ལ་སོགས་པ་བེད་སྤྱོད་བྱེད་འགོ་བཙུགས་ཏེ་ང་ཚོ་རང་ཉིད་ཀྱི་སྲོལ་རྒྱུན་འཛུགས་སྐྲུན་གྱི་ལག་རྩལ་དང་སྲོལ་རྒྱུན་གྱི་རྣམ་པ་དེ་འདོར་བ་དེ་ནི་རང་གི་བསམ་པར་དེང་དུས་སྤྱི་ཚོགས་དང་གོམ་པ་མཉམ་སྤོས་ཐུབ་པར་ངོས་འཛིན་བྱས་ཡོད། མཐར་ན་ནིང་སྐྱེ་རྒུ་མདོ་ལ་ས་འགུལ་བྱུང་སྐབས་ལོག་པ་དང་གསེར་ཁ་གད་པ་ཚང་མ་གསར་དུ་སྐྲུན་པའི་འཛུགས་སྐྲུན་ཤ་སྟག་ཡིན་པ་ལས། ལོ་རབས་བརྒྱད་བཅུའི་སྐབས་སྲོལ་རྒྱུན་གྱི་ཐབས་ལམ་ཐོག་ནས་བསྐྱར་དུ་བཞེངས་པའི་འདུ་ཁང་བརྟན་པོར་གནས་ཡོད་ཅེས་གསུངས་བྱུང་།

དྲན་ཐོག་ལ་སྤྱི་ལོ་༢༠༠༤ལོའི་དབྱར་ཁར་དགེ་བསྙེན་གྱི་སྡོམ་པ་ཞུ་མྱོང་ཡོད་པའི་གུས་མོའི་རྒྱ་མི་དགའ་ཉེ་ཞིག་དང་རྒྱ་ནག་གི་ནང་ཆོས་ལ་བག་ཆགས་གཏིང་ཟབ་ཡོད་པའི་ཆོས་དཔོན་ཁོང་གཉིས་སྙན་གྲགས་ལ་ཡིད་སྨོན་གྱིས་རྫོགས་ཆེན་དགོན་པར་སྐྱོད་དེ་འདུ་ཁང་གི་དབུ་འབྱེད་མཛད་སྒོར་མཉམ་ཞུགས་གནང་ཡོད་རུང་བློ་ཕམ་ཧ་ཅང་ཆེན་པོ་བྱུང་ཡོད། བརྗོད་ཡག་ལ་དབུ་འབྱེད་མཛད་སྒོ་འདི་གཞུང་གིས་གཉེར་བའི་བྱེད་སྒོ་ནང་བཞིན་དབུ་འབྱེད་ཀྱི་དར་ཚོན་བསྟུབ་པ་དང་ཡང་ཤོག་སྤག་སྤར་བ་སོགས་བྱས་ཡོད་པ་མ་ཟད། རིན་པོ་ཆེ་ཚོ་དཔོན་རིགས་ནང་བཞིན་རིམ་པ་བཞིན་ལྡིངས་ཆའི་སྟེང་གཏམ་བཤད་གནང་བར་ཕེབས་ཡོད་པས་དཔོན་གནས་ཁོར་ཡུག་ནང་གི་བྱེད་སྟངས་དེ་ཚོ་ཡང་ཁོང་ཚོར་འགོས་པ་ལྟ་བུ་འདུག རྒྱ་ནག་གི་ནང་པ་ཁོང་གཉིས་བྲེལ་འཚུབ་ངང་འདི་ནས་ཁ་བྲལ་ཏེ་ཐད་ཀར་གསེར་རྟ་ལྔ་རིས་ནང་བསྟན་སློབ་གླིང་དུ་འབྱོར་པའི་རྗེས་གཞི་ནས་ད་ཐེངས་ཀྱི་སྐོར་སྐྱོད་འདི་སྟོང་ལོག་ཆགས་མེད་པ་ཚོར་ཡོད།

དེ་སྔོན་ལྷ་ས་ནས་སྤྱན་ལ་སྙུན་གཞི་ཕོག་པའི་རྣལ་འབྱོར་པ་སྐུ་ཞབས་ཤིག་གིས་གུས་མོར་ཁོང་གིས་བྲིས་གནང་བའི་སྙན་ངག་ཅིག་ཀློག་གནང་མྱོང་ཡོད་པ་སྟེ། ཁང་པའི་ཕྱི་རོལ་དུ་ནོར་བུས་རྒྱན་ཏེ་མཛེས་སྡུག་ལྡན་པ་ཞིག་བཟོས། ཁང་པའི་ནང་དུ་མཆོག་འགྱུར་གྱི་རིན་ཆེན་བུམ་པ་ནི་མེད། འདི་ལྟ་བུའི་ཁང་པར་ང་མི་དགའ། དགོན་པའི་ཕྱི་རོལ་དུ་གསེར་དངུལ་གྱིས་རྒྱན་ཏེ་མཛེས་སྡུག་ལྡན་པ་ཞིག་བཟོས། དགོན་པའི་ནང་དུ་སངས་རྒྱས་བསྟན་པའི་བདུད་རྩི་ནི་མེད། འདི་ལྟ་བུའི་དགོན་པར་ང་མི་དགའ་ཞེས་འདུག

09/04/11 ལྷ་ས་ནས།

གནས་ཚུལ་ཡོངས་ཁུངས http://www.sherab.org/?p=4836

Leave a Comment

Your email address will not be published. Required fields are marked *

*