མ་ཎི་གད་འགོ་ནས་དཀར་མཛེས་རྫོང་བར་ཀེ་ལོ་རྨི་ཊར་༩༠ལྷག་ཙམ་ཡོད། ལམ་འདིའི་ཐོག་གུས་མོ་ཐེངས་མང་སྐྱོད་མྱོང་ཡོད་པས་ལམ་བར་གྱི་མཛེས་སྡུག་ལྟ་ན་སྡུག་པའི་ཡུལ་ལྗོངས་དེ་ཚོ་བརྗེད་པར་དཀའ་བ་ཞིག་ཡོང་གི་འདུག འོན་ཀྱང་སྤྱི་ལོ་༢༠༠༨ལོའི་རྗེས་ཁམས་ཀྱི་བྱང་རྒྱུད་ཟེར་བ་དང་ཡང་ན་བྱང་རྒྱུད་ལམ་ཟེར་འབོད་པའི་སྡེ་དགེ་དང་དཀར་མཛེས། བྲག་འགོ། རྟའུ་སོགས་ས་གནས་ཁག་བཀག་སྡོམ་ས་ཁུལ་དུ་གྱུར་ཡོད་ལ། ལྷག་པར་དུ་དཀར་མཛེས་རྫོང་ལ་མཚོན་ན། འདས་པའི་ལོ་ངོ་གསུམ་ཙམ་རིང་ཕོ་མོ་དང་རྒན་གཞོན་སྐྱ་སེར་སུ་ཡིན་རུང་ད་ལྟ་བར་ངོ་རྒོལ་གྱི་སྐད་སྒྲ་འདི་མཚམས་འཇོག་བྱ་མྱོང་མེད་པ་རེད།
ཡང་འདུན་པ་བཏོན་སྟངས་འདི་རིགས་ནི་འཚེ་བ་མེད་པ་ཁོ་ནའི་ཐོག་ནས་རེད། སྤྱི་ལོ་༢༠༠༨ལོའི་དབྱར་ཀར་དར་རྩེ་མདོ་བརྒྱུད་ནས་འགྲོ་དུས་རྒས་ཡོལ་ཞུས་ཟིན་པའི་བོད་པའི་དཔོན་རིགས་ཤིག་གིས་གོ་བ་ལེན་མི་ཐུབ་པའི་ངང་གུས་མོར་གསུངས་པར། བཙུན་མ་དེ་ཚོ་ཧ་ཅང་ལྐུགས་པ་རེད་འདུག རྐང་བཙུགས་ཏེ་དམིགས་བསལ་སྦྱོང་བརྡར་སྤྲད་པའི་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པའི་མདུན་དེར་བསྐྱོད་ནས་བསྒྲགས་ཡིག་འགྲེམས་སྤེལ་བྱེད་ཀྱི་འདུག ཉེས་རྡུང་ཕོག་རྒྱུ་དང་འཛིན་བཟུང་བྱེད་ཀྱི་ཡོད་པ་གསལ་པོ་ཤེས་ཀྱི་ཡོད་རེད་ཅེས་དང་། ཡང་རྒས་ཡོལ་ཞུས་པའི་དཔོན་རིགས་འདིས་ཡིད་ཐང་ཆད་པའི་ངང་བརྗོད་པར། བསྒྲགས་ཡིག་ཁ་ཤས་ཧ་ཅང་དགོད་བྲོ་པོ་བྲིས་བཞག རྒྱ་མིའི་ལྟོ་ཟ་མཁན་ནི་ཤི་པའི་ཕྲུ་གུ་རེད་ཟེར་བ་སོགས་ཡོད་པས་དེ་ནི་མཐོང་ཆུང་ཁྱད་གསོད་བྱས་པ་ལྟ་བུ་རེད།
འོན་ཀྱང་འཚེ་བ་མེད་པའི་ངོ་རྒོལ་ལ་འཚེ་བའི་དྲག་སྣོན་ཕོག་ཡོད། སྤྱི་ལོ་༢༠༠༨ལོའི་ཟླ་༤ཚེས་༤ཉིན་དཀར་མཛེས་རྫོང་སྟོང་སྐོར་ཁུལ་གྱི་སྟོང་སྐོར་དགོན་པར་མེ་མདའ་སྦས་ཡོད་པ་དཔོན་རིགས་ཀྱིས་སྙོན་འཛུགས་བྱས་ཏེ་ཉེན་རྟོག་དམག་མིས་སྔོག་བཤེར་བྱས་ཡོད་པ་རེད། གུང་གྲངས་བདུན་བཅུ་ལྷག་ཙམ་ལ་ཕེབས་པའི་དགེ་འདུན་པ་ཞིག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ལ་རྩིས་མེད་རྡོག་རོལ་མ་བཏང་བའི་དབང་གིས་ཁོང་འཛིན་བཟུང་འོག་ཚུད་ཡོད་ལ། དགེ་འདུན་པ་དང་མང་ཚོགས་ཚོས་ཁུལ་འདིའི་སྲིད་གཞུང་མདུན་འདུ་འཛོམས་བྱས་ཏེ། དགེ་འདུན་པ་བགྲེས་སོང་ཁོང་གློད་འགྲོལ་དགོས་པ་བརྗོད་སྐབས། རྫོང་ལྷན་ཁང་གི་དྲུང་ཆེ་liao cai kun གྱིས་ཉེན་རྟོག་དམག་མི་ནས་མེ་མདའ་བརྒྱབ་དགོས་པའི་བཀའ་རྒྱ་བཏང་བ་དང༌། བོད་མི་༡༩ལ་མེ་མདའ་ཕོག་ནས་འདས་གྲོང་དུ་སོང་ཡོད་པ་མ་ཟད། བོད་མི་མང་པོར་རྨས་སྐྱོན་དང་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་རེད།
འདི་ལྟ་བུའི་ཁྲག་དྲི་བྲོ་བའི་མི་གསོད་དོན་རྐྱེན་ཚབས་ཆེ་བྱུང་ཡོད་ན་ཡང་མི་གསོད་ལག་དམར་བས་གང་མྱུར་ཕུང་པོ་དང་དཔང་རྟགས་མེད་པ་བཟོས་པ་དང་གནས་ཚུལ་ལ་བཀག་སྡོམ་ནན་པོ་བྱས་པའི་དབང་གིས་ཕྱི་ཕྱོགས་ནས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་མེད། འོན་ཀྱང་བོད་མིའི་ངོས་ནས་ཞུས་ན། འདི་ནི་དུས་ནམ་ཡང་བརྗེད་ཐབས་མེད་པའི་ཁྲག་གི་བུ་ལོན་ཞིག་ཆགས་ཡོད། ལོ་ངོ་གསུམ་ཕྱིན་པའི་རྗེས་དཀར་མཛེས་ཀྱི་བོད་མིས་ཁྲོམ་གཞུང་ཐོག་བསྒྲགས་ཡིག་འགྲེམས་སྤེལ་དང་འབོད་ཚིག་སྒྲོག་པའི་གནས་ཚུལ་ཡང་བསྐྱར་ཐོས་རྒྱུ་འདུག དེ་ཡང་སྔར་རྒྱུན་བཞིན་མུ་མཐུད་འཚེ་བ་མེད་པའི་ངོ་རྒོལ་ཡིན་པ་མ་ཟད། དུས་ཡུན་རིང་པོ་རྒྱུན་འཁྱོངས་བྱས་ཡོད་པས། ཟླ་བ་དྲུག་པ་ནས་ཟླ་བ་བརྒྱད་པ་བར་ཧ་ལམ་ཉིན་ལྟར་ཐོན་ཡོད་པ་རེད། ང་ཚོ་དཀར་མཛེས་རྫོང་དུ་མ་སྐྱོད་གོང་དྲ་རྒྱའི་ཐོག་ནས་ཤེས་རྟོགས་བྱུང་བར། བོད་མི་དྲུག་བཅུ་བདུན་བཅུ་འཛིན་བཟུང་བྱས་ཟིན་པ་དང་། བོད་མི་བཅུ་ལྷག་ཙམ་ལ་ཁྲིམས་བཅད་བཏང་ཡོད་འདུག
དེར་བརྟེན་གུས་མོས་དང་ཐོག་རྒྱུས་མངའ་ཡོད་པའི་དཀར་མཛེས་ཁྲོམ་གཞུང་གི་རྣམ་པ་འདི་བཞིན་ད་ཆ་གྲངས་ལས་འདས་པའི་དྲག་ཆས་ཆ་ཚང་སྤྲས་པའི་དམག་མི་དང་ཉེན་རྟོག་པས་ཁེངས་ཏེ་ངོ་མ་ཤེས་པར་གྱུར་འདུག་པས་སེམས་ཀྱི་གཏིང་ནས་མི་བདེ་པ་ཞིག་ཚོར་བྱུང་ལ། དུས་མཚུངས་ཡང་ས་གནས་ཀྱི་སྤུན་ཟླར་གུས་བཀུར་ཆེན་པོ་སྐྱེ་བྱུང་། གུས་མོའི་གཡས་གཡོན་དུ་སྐྱོད་མཁན་བོད་མིའི་ནང་དུས་ཚོད་ངེས་གཏན་མེད་པར་རང་སྲོག་བློ་གཏོང་གི་གྲ་སྒྲིག་ཡོད་པའི་དཔའ་བོ་སུ་ཡིན་མིན་ང་རང་གིས་ངོ་མ་ཤེས་ན་ཡང་དེའི་ནང་ཡོད་པ་གུས་མོས་ཤེས་ཀྱི་ཡོད། དཔེར་ན། ངས་ཁྲོམ་གཞུང་ཐོག་ཡོད་པའི་རྩམ་པ་བཙོང་མཁན་ཚོང་ཁང་གང་རུང་ཞིག་ནང་འཛུལ་ཏེ་མགོ་བོ་ཡར་འདེགས་པ་དང་ལམ་སེང་༧གོང་ས་མཆོག་གི་བྱམས་བརྩེའི་འཛུམ་མུལ་འདི་མཇལ་རྒྱུ་འདུག ལྐོག་ཏུ་ང་རང་ཧང་སངས་བྱུང་། ཁྲོམ་གཞུང་ཐོག་དམག་མིས་ཁེངས་ནས་གཅིག་པ་ཡོད་པའི་ལྷ་སར་སྤྱི་པའི་ས་ཆར་༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་པར་སྒྲིག་གཤོམ་བྱེད་ནུས་མཁན་མཇལ་རྒྱུ་མེད། རྩམ་པ་བཙོང་མཁན་གྱི་སྐྱེས་པ་དེས་འཛུམ་མུལ་མུལ་ངང་ང་ཚོ་དཀར་མཛེས་ཀྱི་ཆུ་འཁོར་རྩམ་པ་འདི་བོད་ས་ཡོངས་ནང་སྐད་གྲགས་ཡོད་པ་རེད་ཅེས་བརྗོད་བྱུང་།
དཔེར་ན་ཡུལ་སྐོར་བ་སྤྱི་བཏང་ཚང་མ་ཁྲོམ་གཞུང་ཐོག་ལྷོད་འཆམ་བྱས་ནས་ཡོད་དུས་དངོས་ཡོད་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་ཐུབ་ཀྱི་མེད། དེ་ནས་ང་དང་wang li xiongགིས་གླ་བྱེད་མོ་ཊ་ཞིག་ནང་བསྡད་པའི་ཐོག་མོ་ཊ་གཏོང་མཁན་དང་ཁ་བརྡ་བྱས་པ་ཡིན། མོ་ཊ་གཏོང་མཁན་དེས་བརྗོད་པར། ཁོང་ནི་ya an ནས་ཡིན་ཞིང་དཀར་མཛེས་དུ་འབྱོར་ནས་མོ་ཊ་བཏང་སྟེ་ལོ་ཕྱེད་ཀྱང་འགྲོ་གི་མི་འདུག ཁོ་པས་བརྗོད་པར། ཁྱེད་ཚོ་རྒྱ་ནག་ནང་ས་ནས་འདིར་གང་བྱེད་དུ་ཡོང་བ་ཡིན། འདིར་ཉེན་ཁ་ཆེན་པོ་ཡོད་པ་ཁྱེད་ཚོས་ཤེས་ཀྱི་ཡོད་དམ། བོད་མི་ཚོས་ཉིན་ལྟར་ཁྲོམ་གཞུང་ཐོག་ཟིང་ཆ་སློང་གི་ཡོད་པ་རེད་ཅེས་བརྗོད་བྱུང་བས། གུས་མོས་བྲིས་པར། ཟིང་ཆ་གང་འདྲ་སློང་གི་ཡོད་པ་རེད་དམ། རྡུང་བཅོག་འཕྲོག་བསྲེག་བྱེད་ཀྱི་ཡོད་པ་རེད་དམ་ཞེས་དྲིས་དུས། ཁོ་པས་བརྗོད་པར། འདིའི་རིགས་གང་ཡང་ཡོད་པ་མ་རེད། བོད་མིས་བསྒྲགས་ཡིག་བཀྲམ་པ་ཕུད་སྐད་འབོད་བྱ་རྒྱུ་འདི་རེད་ཅེས་བརྗོད་བྱུང་། ཡང་ངས་དྲིས་པར། ཁྱེད་ཀྱི་དངོས་སུ་མཐོང་བྱུང་ངམ་ཟེར་ལབ་དུས་ཁོ་པས་མགོ་བོ་དབྱུགས་དབྱུགས་བྱས་ཏེ་རྟག་ཏུ་མཐོང་རྒྱུ་ཡོད། བོད་མི་དེ་ཚོས་རང་སྲོག་ལ་རྩ་བ་ནས་འཛེམ་གྱི་མ་རེད། ཆེད་མངགས་དམིགས་བསལ་སྦྱོང་རྡར་སྤྲད་པའི་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པའི་མདུན་དེར་སྐྱོད་ནས་ངོ་རྒོལ་བྱེད་ཀྱི་ཡོད་པས། མཐར་ཉེས་རྡུང་དྲག་པོ་ཕོག་པ་དང་ས་ཆ་ཁྲག་གི་ཁེངས་ཀྱི་ཡོད་ཅེས་བརྗོད་བྱུང་།
གླ་བྱེད་མོ་ཌ་གཏོང་མཁན་ནས་ཁ་སང་ཡང་འཕྲད་བྱུང་བ་དང་དེ་ནི་ཁྲོམ་གཞུང་གི་ལྟེ་གནས་འདིར་སྐྱོད་སའི་ཟམ་པའི་མགོ་དེར་རེད་ཅེས་བརྗོད་བྱུང་། གུས་མོས་ཕྱི་ལྟས་སློག་ནས་ལྟ་དུས་ཟམ་པའི་མགོ་དེར་ལོང་བ་སློང་མོ་བ་ཞིག་ཙོག་པུར་སྡོད་པ་མཐོང་བྱུང་། ཁོ་པས་ལག་པར་སྐད་རྡུང་ཉར་ཏེ་སྐད་གསང་ཐོན་པོས་གཞས་གཏོང་བཞིན་འདུག རང་ཉིད་ཀྱིས་འཁྱེར་བའི་སྐད་པར་ནང་ནས་ཁྱབ་ཡོང་བ་ནི་<> ཟེར་བ་འདི་རེད། ད་ལྟའི་སློང་མོ་བས་དམར་པོའི་གཞས་ཀྱི་རྣམ་པའི་ཐོག་ནས་སློང་མོ་རྒྱག་རྒྱུ་དར་གྱི་ཡོད་པ་རེད་དམ། ཡང་སློང་མོ་བ་འདི་ནི་རྒྱ་མི་རེད། དེར་བརྟེན་ཉེན་རྟོག་པའི་མོ་ཊ་གཉིས་འགྲམ་དེར་ཡོད་ན་ཡང་ཐེ་ཇུས་བྱ་མཁན་མི་འདུག འོན་ཀྱང་གལ་ཏེ་བོད་མི་ཡིན་ན་གང་འདྲ་བྱ་གི་ཡོད་དམ། ཕལ་ཆེར་སྔ་ས་ནས་ཕྱིར་འབུད་བཏང་ཡོད་ཀྱི་རེད།
ཉིན་ཤས་རྗེས་དར་རྩེ་མདོ་དང་ཁྲིན་འདུ་ནས་འཚེ་བ་མེད་པའི་བསམ་བློའི་དམ་བཅའ་མངོན་པ་ཞིག་ལག་བསྟར་བྱེད་བཞིན་ཡོད་པ་ང་ཚོས་ཤེས་རྟོགས་བྱུང་། བརྗོད་ཡག་ལ། དཀར་མཛེས་རྫོང་གི་གྲོང་ཚོ་མང་པོའི་ནང་གྲོང་ཚོ་ཡོངས་ཀྱི་ཁྱིམ་དུད་རེ་རེ་ནས་མི་རེ་མངག་གཏོང་བྱས་ཏེ་རྒྱན་འཕེན་པའི་རྣམ་པའི་ཐོག་ནས་རེས་མོས་ཀྱིས་རྫོང་གྲོང་ནང་བསྒྲགས་ཡིག་འགྲེམ་སྤེལ་དང་སྐད་འབོད་བྱེད་པར་འགྲོ་མི་འདེམས་ཀྱི་ཡོད་འདུག འཛིན་བཟུང་འོག་ཚུད་པ་ཡིན་ཕྱིན་དེའི་ནང་མིའི་འཚོ་བའི་འགྲོ་གྲོན་གྲོང་ཚོ་ཡོངས་ཀྱི་མི་ཚོས་མཁོ་འདོན་རོགས་རམ་བྱེད་ཀྱི་ཡོད། ད་དུང་དྲ་རྒྱའི་ཐོག་ནས་ཤེས་རྟོགས་བྱུང་བར། ང་ཚོ་དཀར་མཛེས་རྫོང་ནས་ཁ་བྲལ་བའི་ཉིན་གཉིས་པ་དེར་ཡང་བོད་མིས་ཁྲོམ་གཞུང་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་དུ་ཕྱིར་ཕེབས་བཅུག་དགོས་ཞེས་སྐད་འབོད་བྱས་པའི་དབང་གིས་འཛིན་བཟུང་བྱས་བཞག
09/21/2011 ལྷ་ས་ནས།
གནས་ཚུལ་ཡོངས་ཁུངས http://www.sherab.org/?p=5074
Follow Us!