འཇམ་དབྱངས་སྐྱིད། ཚོང་དཔོན་ནང་ཆེན་བཀྲ་ཤིས་ཚང་ལ་ཆག་སྒོ་བྱུང་སོང་།

ནང་ཆེན་བཀྲ་ཤིས་ནི་ཧ་ལམ་ཕོ་ལོ47ལ་སོན་པའི་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་གི་ཚོང་པ་ཡག་པོའི་གྲས་ཀྱི་གཅིག་ཡིན་པ་རེད། ཁོ་ནི། བོད་ཀྱི་རིག་གནས་དང་ཆོས་ལུགས་སྐད་དང་ཡི་གེ་ལ་དགའ་ཞིང་བློ་དཀར་མཁན་ཞིག་ཡིན་པས། ལོ་ངོ་བཅུ་ལྷག་གི་ཡར་སྔོན་ནས་བཟུང་། ཁོས། རང་མི་རིགས་ཀྱི་རིག་གནས་དང་སྐད་ཡིག་གི་འདུ་ཤེས་ཉམས་བཞིན་པའི་སྐྱེ་རྒུ་གྲོང་བརྡལ་དུ། ཆོས་ལུགས་གྲུབ་མཐའ་དང་སེར་སྐྱ་རིས་མེད་ཀྱིས་བགྲོ་གླེང་བྱེད་པར་མཐུན་རྐྱེན་མང་པོ་སྦྱར་ཏེ་སྣང་ཚུལ་དེ་ལྡོག་པའི་ཐབས་ལམ་གང་བཟང་དང་བྱེད་ཕྱོགས་གང་ཡག་འཚོལ་བའི་ལས་ལ་བརྩོན་མཁན་ཞིག་ཡིན་པར་མ་ཟད། ད་དུང་ས་དེ་གའི་ཉམ་ཆུང་དབུལ་པོ་ལ་འཚོ་བའི་ཁ་གསབ་ཀྱི་དངུལ་དངོས་དང་། སློབ་མ་དང་སློབ་གཉེར་མཁན་ལ་སློབ་སྦྱོང་གི་མཐུན་རྐྱེན་ཡང་མང་པོ་སྦྱར་དང་སྦྱོར་གིན་ཡོད་མཁན་ཞིག་ཡིན་པ་རེད།།

 དེ་མིན། ཁོ་ནི་ཚོང་གི་སྟེང་དུ་ཡང་བློ་མིག་ཡོད་མཁན་ཞིག་ཡིན་པས་ན། ལོ་དྲུག་བདུན་ཙམ་གྱི་སྔོན་ལ། ཡུལ་ཤུལ་གྲོང་བརྡལ་གྱི་སུམ་མདོ་ཆེན་མོ་སྟེ་དམར་སྲུང་ལམ་དུ་འབོད་པའི་ས་ཆེས་ཡག་ས་དེ་རུ། ས་མུའུ་ལྔ་ཉོས་ཤིང་བསྡོམས་འབོར་ཤོག་སྒོར་ཁྲི་སྟོང་གསུམ་ལྷག་གི་མ་རྩ་བཏང་ནས་དེའི་སྟེང་དུ་མགྲོན་ཁང་དང་རང་གི་སྡོད་ཁང་། ཚོང་ཁང་དང་ཟ་ཁང་སོགས་ཀྱི་ཁང་མིག་མང་པོ་བརྒྱབ་པ་རེད། “འཛམ་གླིང་ཞི་བདེ”ཞེས་པའི་མགྲོན་ཁང་དེ་རང་གིས་གཉེར་གྱི་ཡོད་པ་ལས། གཞན་ཚང་མ་བོད་རིགས་དང་རྒྱ་རིགས་ཚོང་པ་ཚོར་གླས་ཡོད་རེད། ཡིན་ཡང་ཚོང་དེ་གཉེར་ནས་ལོ་མང་ཕྱིན་མེད་པས། ཁོ་ལ་ད་སྔ་ད་དུང་གཞན་ལས་བསྐྱིས་པའི་སྒོར་ཁྲི་སྟོང་གཅིག་ལྷག་གི་བུན་ཡོད་པ་རེད། ས་འགུལ་སྐབས་ཁོའི་ཁང་པ་ཚང་མ་ལ་གནོད་སྐྱོན་ཅི་ཡང་མ་ཕོགས་ཟེར། ཡིན་ཡང་།  གྲོང་ཁྱེར་འཆར་འགོར་བྱེད་སྐབས། སྲིད་གཞུང་གིས་ནང་ཆེན་བཀྲ་ཤིས་ལ་གཞུང་ལམ་འགྲམ་གྱི་ས་མུའུ0.7གྱི་ཚོང་ཁང་གི་ས་དེ་སྲིད་གཞུང་ལ་སྤྲད་པ་ཡིན་ན། ཚོང་ས་མུའུ4.3པོ་མ་སྒུལ་རང་འཇོག་བྱེད་རྒྱུའི་ཁས་ལེན་ཆ་རྐྱེན་འོག་ནང་ཆེན་བཀྲ་ཤིས་ཀྱང་མོས་མཐུན་བྱུང་ནས། སྲིད་གཞུང་གིས་ས་མུའུ0.7གྱི་ཚོང་ཁང་གི་གུན་ཚབ་ཏུ་ཁོ་ལ་སྒོར་མོ་ཁྲི་ཁ་ཤས་སྤྲད་པ་རེད།།

   ཡིན་ཡང་། 2012ལོའི་ཟླ9པའི12ཉིན་གྱི་མཚན་གུང་ཆུ་ཚོད12སྟེང་། ནང་ཆེན་བཀྲ་ཤིས་ཁྱིམ་དུ་མེད་པའི་བབ་དང་བསྟུན་ནས། མི་སྐོར་ཞིག་ཁྱིམ་ནང་འཛུལ་ཡོང་ནས་ཁང་པ་གཏོར་ཞིག་བྱེད་རྒྱུའི་བཙན་བཀའ་བཏང་མུར་ཁྱིམ་མིས་ངོ་རྒོལ་བྱས་མཐར། ནང་ཆེན་བཀྲ་ཤིས་ཀྱི་ཆུང་མ་བོད་བདེ་དང་། བུ་ཤེས་རབ་རྡོ་རྗེ།(པེ་ཅིན་གྱི་སློབ་ཆེན་ཞིག་ཏུ་ཚོང་ལས་དོ་དམ་གྱི་སློབ་གཉེར་བྱེད་ཀྱི་ཡོད)དང་། བསོད་ནམས་སྟོབས་རྒྱལ།(དཀར་མཛེས་ཁུལ་རྫོང་གསར་དགོན་པའི་གྲྭ་པ།)བུ་མོ་གཅིག་སྟེ་གཡང་འཛོམས་(ཟི་ལིང་གི་སློབ་ཆེན་ཞིག་ཏུ་ཡོད)བཅས་བསྡོམས་པས་ཁྱིམ་མི་བཞི་འཛིན་བཟུང་བྱས། ཁོ་ཚོས་ཁ་ནག་ངོ་ནག་གི་མཚན་གུང་དེ་ལ་ནང་ཆེན་བཀྲ་ཤིས་ཀྱི་ནང་མི་བཞི་བོ་འཛིན་བཟུང་བྱས་རྗེས། མིས་མི་ཤེས་ཤིང་ཁྱིས་མི་ཚོར་བའི་སྒོ་ནས་ཁོ་ཚང་གི་སྡོད་ཁང་མགྲོན་ཁང་། ཟ་ཁང་ཚོང་ཁང་དང་ཅ་ལག་ཡོད་ཚད། འདེད་འཁོར་གྱིས་དེད་ནས་ཤུལ་མེད་བཟོས་པར་མ་ཟད། ཕྱི་ཉིན་ས་དེར་ར་བ་ཡང་བསྐོར་འདུག་སྐད།།

 

   གོ་ཐོས་སུ་ད་ཆ་ནང་ཆེན་བཀྲ་ཤིས་ཡང་བསྐྱར་གང་སོང་ཆ་མེད་དུ་སོང་འདུག་པ་རེད་ཟེར།།

 

མི་བུ་འདི་ཡུལ་ཤུལ་ས་འགུལ་སྐབས་སུ་ཡང་གློ་བུར་བོར་བརླག་ཐེབས་ཏེ་ཟླ་གསུམ་ལྷག་འགོར་ཡོད། ཁྱིམ་མིས་ཀྱང་ཟླ་གཅིག་ཙམ་གྱི་རྗེས་སུ་མ་གཏོགས་ཁོ་རང་གང་དུ་ཡོད་པ་ཧ་གོ་གི་མེད་པ་རེད། ཁོ་རང་འཛིན་བཟུང་བྱས་རྗེས་བོད་ལྗོངས་ཀྱི་ཆབ་མདོ་རུ་ཁྲིད་པ་རེད། འཇུ་ཁྲིད་བྱེད་སྐབས་ཁོའི་མགོ་བོར་རས་ཁུག་ནག་པོ་གཡོགས་ཤིང་། ས་དེར་སླེབས་རྗེས་ལྷམ་ནང་དུ་རྡོ་ཧྲུག་མང་པོ་བླུགས་ནས་གྱོན་བཅུག་རྗེས་ལངས་ཆད་རྫོགས་མེད་བཅད་ཅིང་གཅར་རྡུང་དྲག་པོ་བྱས་ཡོད་པ་རེད། འཇུ་བཟུང་བྱེད་དོན། ཁོས་མང་ཚོགས་ལ“ངན་སྐུལ”ཐེབས་འདོད་པར་སྐྲག་པས་རེད་ཟེར།།

 

   རང་ལ་འབྱོར་བ་ཡོད་དུས་གཞན་ལ་རོགས་སྐྱོར་བྱེད་མཁན་གྱི་ལྷག་བསམ་ཅན་དག་ལ། ང་ནི་གོང་བཀུར་དང་རྗེས་སུ་ཡི་རངས་བྱེད་མཁན་ཞིག་ཡིན་པས་རྒྱུ་འབྲས་ཀྱི་སྐད་ཆ་བཤད་འདོད་འགོག་མེད་སྐྱེས་ཡོང། ཁ་སང་ཁོ་ཚང་གི་ཆག་སྒོ་དེ་གོ་བ་ནས་བཟུང་། ངའི་སེམས་པ་གྲང་ཤུར་ཤུར་དུ་གྱུར། ཁྱིམ་བདག་ཅིག་གི་ཚད་ནས་བཤད་ན་ཡང་། རང་གིས་ཚེ་གང་པོར་བསོག་བསོག་པའི་རྒྱུ་ནོར་རྣམས་ཞག་མ་གཅིག་རིང་ལ་ཐལ་དང་རྡུལ་དུ་བཏང་ཞིང་། རང་གི་སྙིང་ཉེ་བའི་ཁྱིམ་མི་ཚོ་བཙོན་འཇུག་བྱས་ཏེ། རང་ཉིད་ཞག་པོ་གཅིག་གི་རིང་ལ་མ་མེད་བྱིའུ་ཕྲུག་ཐང་གྱར་གྱི་ཚུལ་དུ་ལུས་སུ་བཅུག་ན་ནི་སུ་ཞིག་གིས་བཟོད་བསྲན་བྱེད་ཐུབ་བམ།།

 

   ཁོ་ནི་ལོ་འདིའི་བགྲོ་གླེང་ཞིག་སྐབས་ངོ་ཤེས་པ་ཞིག་ཡིན་ན་ཡང་། ང་ལ་བརྗེད་མི་ཐུབ་པའི་བག་ཆགས་བཞག་བྱུང་། གང་ཡིན་ཞེ་ན། ཁོ་ནི་རང་རིགས་ཀྱི་རིག་གནས་ལ་དུངས་ཀ་ཆེ་དྲག་པའི་རྐྱེན་གྱིས། སྡུག་དང་ཚེགས་ལ་མ་འཛེམས་པར་རང་གི་ཆུང་མ་དང་བུ་བུ་མོ་ཚང་མར་སྡོད་ས་རས་དཀར་དང་ཁ་ཟས་མར་རྩམ་སོགས་ཁྱེར་ནས་བགྲོ་གླེང་དེར་ཞུགས་ནས། སྤྱི་ཚོགས་ཀྱི་དཀའ་སྡུག་དང་གནད་དོན་མང་པོ་རང་གིས་ཅི་ནུས་གང་ལྕོགས་ཀྱིས་ཨེ་ཤོད་བལྟ་ཡི་ཡོད་པ་དང་། དེ་བཞིན། ཇོ་མོ་དགོན་གྱི་བགྲོ་གླེང་དེའི་སྟེང་ལ་ཡང་ཁོ་ཁྱིམ་ཚང་གང་པོ་ཁྱོག་ཁྱོག་དྲུད་དྲུད་དུ་ཐོན་ནས་རང་གི་སེམས་ཀྱི་ན་ཟུག་བརྗོད་དེ་ཉམ་ཆུང་ཚོ་དང་སྐྱིད་སྡུག་མཉམ་མྱོང་བྱེད་པའི་ཚུལ་དེ་ལ་སོགས་ཀྱིས་སོ།།

 

   ཁ་སང་ངས་ཁོ་ཚང་གི་ཆག་སྒོ་ནག་པོ་དེ་ཐོས་རྗེས། བསམ་ཞིང་བསམ་དུས་སྡོད་ལོང་མེད་པར་བཏང་། ད་ནངས་ང་རང་ཆུ་ཚོད་དྲུག་པར་གཉིད་ལས་སད་ཅིང་ཉལ་འདུན་མེད་པར་གྱུར་ནས། དུས་ཚོད་བདུན་གྱི་སྟེང་མལ་ལས་ལངས་ཏེ་སྐད་ཆ་འདི་འབྲི་ཁུལ་བྱས་པ་ཡིན། དེ་ནི། ཁོ་ལ་ཡང་དང་བསྐྱར་དུ་དཀའ་ལས་བྱུང་བ་འདི་ཡང་ཁོ་པ་རང་གི་ཁེ་ཕན་ཙམ་གྱི་ཆེད་དུ་མིན་པ་ཤེས་པས་ཡིན་ལ། ཁོ་དང་ཁྱིམ་མི་གང་པོས་རྡོག་རྩ་ཆིག་སྒྲིལ་དང་སེམས་ཤུགས་མ་ཆག་པར་ཆག་སྒོ་འདི་ཟློག་པའི་ལས་ལ་རྩོམ་ན། འཇིག་རྟེན་འདི་རུ་ཁོ་དང་ཁོ་འདྲ་བའི་སྙིང་རྗེ་བྱམས་སེམས་ཅན་ལོས་ཡོད་འདོད་པས་ཀྱང་ཡིན་ནོ།།
       ར་རྫ་འཇམ་དབྱངས་སྐྱིད་ཅེས་པ་ནས།
2012/09/15
གནས་ཚུལ་ཡོངས་ཁུངས http://www.sangdhor.com/blog_c.asp?id=8780&a=menzhu

2 Comments

  1. རླབས་ཆེ་བའི་བྱམས་སེམས་ཀྱི་མ་ཡུམ་འཇམ་དབྱངས་སྐྱིད་ལ་སེམས་བསམ་པས་བཀའ་དྲི་ཆེ་ཞུ་བ་དང་མཉམ་དུ་འབད་པ་བྱོས་དང་རེ་བ་ཅན་གྱི་མི་བུ་རླབས་ཆེན་ཞིག་འདུག

  2. Pingback: China’s zero-Covid policy claims the life of persecuted Tibetan businessman and philanthropist Nangchen Tashi’s grandson – TCHRD

Leave a Comment

Your email address will not be published. Required fields are marked *

*