ཞོགས་ལྗང་། མེ། + མཚོ་སྔོན་བརྙན་འཕྲིན་ཁང་གི་རྫུན།

མེ།

ནམ་མཁའ་གཉིས་ཀྱི་བར་དུ་བཙིར་བའི་རླིག་འབྲས འབར་གས་འབྱུང་དུས་ཀྱི་སྐད་ཅིག་མའི་ཚག་སྒྲ

འབུ་མེ་ལྕེབས་ཤིག་ལས་ཀྱང་ཉམ་ཐག་པའི་རང་དབང

ཉི་ནུབ་ཀྱི་དུས་སུ་མིག་གིས་མི་བཟོད་པའི་འོད་མདངས

མདུན་དུ་མཆོངས་མཁན་དང ཕྱི་རུ་ནུར་མཁན

འདི་དག་ཐམས་ཅད་ནི་མེ་སྟེ མེ་ནི་སྟོང་བ་དེའོ

༢༠༡༢།༡༡།༢༨

2012 06 28 Lies of Tso Ngon Broadcasting

མཚོ་སྔོན་བརྙན་འཕྲིན་ཁང་གི་རྫུན།

མཚོ་སྔོན་བརྙན་འཕྲིན་ཁང་ནི་བོད་ཁུལ་གྱི་བརྙན་འཕྲིན་ཁང་ལེགས་ཤོས་ཀྱི་གྲས་ སུ་བགྲང་གིན་འདུག་ལ། མ་མཐའ་ཡང་ཨ་མདོའི་ཕྱོགས་ཀྱི་བོད་སྐད་བརྙན་འཕྲིན་ཆེ་ཤོས་དེ་རེད། ཨ་མདོ་པ་མང་པོ་ཞིག་གིས་མཚོ་སྔོན་བརྙན་འཕྲིན་ཁང་བརྒྱུད་ནས་གསར་འགྱུར་དང་གནས་ ཚུལ་མང་པོ་ཞིག་ཤེས་རྟོགས་འབྱུང་གིན་ཡོད་ཅིང་། ཁོ་པ་ཚོར་མཚོན་ན། བརྙན་འཕྲིན་ཁང་འདི་ནི་མིག་གི་ལྟ་ས་དང་རྣ་བས་ཉན་སར་གྱུར་ཡོད། ཁོ་ཚོའི་མང་པོ་ཞིག་གིས་མཚོ་སྔོན་བརྙན་འཕྲིན་ཁང་ལ་བརྒྱ་ཆའི་བརྒྱ་ཡི་ཡིད་ཆེས་ གནང་གིན་འདུག་པས། འདི་ནི་བརྙན་འཕྲིན་ཁང་གང་དེར་མཚོན་ན་ཡང་བསམ་གཞིག་ཡང་ཡང་གནང་དགོས་སའི་གཞི་ ཞིག་རེད།

ཉེ་བའི་ལོ་འདི་དག་ལ་དམངས་ཁྲོད་དང་དྲ་དེབ་གང་རུང་དུ་མཚོ་སྔོན་བརྙན་འཕྲིན་ ཁང་དང་འབྲེལ་བའི་གླེང་ཕྱོགས་མང་པོ་འདུག དཔེར་ན། “ཅིན་ལིས་མར”དང“ཧུ་ཅིའུ་བཅིངས་ཁེབ།”“མེ་ལེན་ཁབ་ལེན་དོར་མ།” ད་དུང་། “མཚོ་སྔོན་ཏུང་ཏཱ་སྨན་ཁང”དང“ཁྲང་ཁྲིན་སྨན་ཁང”སོགས་ལྟ་བུའོ། ། འདི་དག་ནི་ཉེ་བའི་ལོ་འདི་དག་ལ་མཚོ་སྔོན་བརྙན་འཕྲིན་ཁང་བརྒྱུད་ནས་བོད་ཁུལ་ མང་ཚོགས་ལ་མཚམས་སྦྱོར་བྱས་པའི་བརྡ་ཁྱབ་རེད། ཨ་མདོ་ཕྱོགས་ཀྱི་མང་ཚོགས་ཁྲི་འབུམ་མང་པོས་སྔ་མོ་ནས་མཚོ་སྔོན་བརྙན་འཕྲིན་ཁང་ ལ་ཡིད་ཆེས་བཅོལ་ཡོད་པས། ཁོ་ཚོས་བརྡ་ཁྱབ་དེ་དག་བརྒྱུད་ནས་བརྟག་དཔྱད་ཅི་ཡང་མེད་པར་ཚོང་རྫས་དེ་དག་ཉོས་ ཤིང་། མཐར་མི་ལུས་བདེ་ཐང་ལ་གནོད་ཚབས་ཆེན་པོ་ཐེབས་པའི་གནས་ཚུལ་ཤིན་ཏུ་མང་པ་དེ་ བཞིན་རེད།

དེ་རིང་ཁོ་བོས་གླེང་བར་འདོད་པ་ནི་དེ་དག་རེ་རེ་ནས་མིན་པར། ཉེ་སྔོན་ཤིན་ཏུ་གྲགས་ཆེ་བའི་ཟི་ལིང་མཁར་གྱི་ཁྲང་ཁྲིན་སྨན་ཁང་ཞེས་པ་དེ་ཡིན། མཚོ་སྔོན་བརྙན་འཕྲིན་ཁང་ལས་བརྡ་ཁྱབ་བཏང་བ་ལྟར་ན། སྨན་ཁང་འདིར་འབྱོར་བའི་ནད་པ་སུ་ཡང་དྲག་སྐྱེད་བྱུང་བར་མ་ཟད། སྨན་ཁང་གཞན་ལས་བཅོས་ཐབས་མེད་པའི་ནད་ཀྱང་སྨན་ཁང་འདིས་གསོ་ཐུབ་པར་བཤད། དངོས་གནས་དེ་འདྲ་ཞིག་ཡིན་ན། ང་ཚོའི་མང་ཚོགས་དག་འདི་ཡིས་མི་དགའ་གང་གིས་དགའ། འདི་ཡིས་མི་ཚིམ་ཅི་ཡིས་ཚིམ།

དེ་བས། མཚོ་སྔོན་བརྙན་འཕྲིན་ཁང་ལ་ཡིད་ཆེས་མཐའ་གཅིག་ཏུ་བྱས་པའི་ནད་པ་དག་གཙོ་བྱས་ པའི་དྲག་སྐྱེད་དཀའ་བའི་ནད་པ་མང་པོ་ཞིག་སྨན་ཁང་དེར་འཚང་ཁ་བརྒྱབ་ཅིང་། ཉེ་ལམ་ད་དུང་སྨན་ཁང་དེར་བོད་མི་དག་རུབ་འདུས་བྱས་འདུག་པས། ཁྱོད་རང་ཟི་ལིང་མཁར་དུ་སྡོད་པའི་མི་ཞིག་ཡིན་ཚེ་དེར་སོང་ནས་ཉམས་ཞིབ་བྱོས་དང་ གསལ་པོར་ཤེས་འོང་། རེ་བ་དང་ཡིད་ཆེས་འཁྱེར་ནས་སླེབས་པའི་ནད་པ་དག་ལ་དྲག་སྐྱེད་འབྱུང་བ་ཕར་ཞོག ལྡོག་སྟེ་སྔར་མེད་པའི་ནད་རིགས་མང་པོ་ཞིག་གིས་ཇེ་མང་དུ་སོང་བར་མ་ཟད། ཐ་ན་ཚེ་སྲོག་ལའང་ཉེན་ཁ་འབྱུང་གིན་འདུག་པས། གནས་ཚུལ་འདི་ཉིད་དམངས་ཁྲོད་བོད་རིགས་སེར་སྐྱ་དག་ལ་གསལ་ཞིང་། ལྷག་པར་དུ། མཚོ་སྔོན་ཕྱོགས་ཀྱི་ནད་པ་མང་པོ་ཞིག་ལ་སྨན་ཁང་འདིས་གནོད་འཚེ་ཚབས་ཆེན་ཐེབས་ འདུག ཡིན་ན་ཡང་། དངོས་ཡོད་གནས་ཚུལ་འདི་ལ་བརྙན་འཕྲིན་ཁང་གིས་ཁ་ཡ་ཁྱོན་ནས་མི་བྱེད་པ་འདི་ཨ་ མཚར།

གནས་ཚུལ་འདི་དག་ཇེ་མང་དུ་གྱུར་བ་དང་བསྟུན་ནས་དམངས་ཁྲོད་དུ་དོགས་འདྲ་འདི་ འདྲ་ཞིག་འདུག་སྟེ། “ཨ་ཙི། མཚོ་སྔོན་བརྙན་འཕྲིན་ཁང་གིས་ཀྱང་རྫུན་བཤད་ནི་རེད།” ཅེས་པ་དེའོ། ། སྐད་ཆ་འདི་ལས་ང་ཚོས་མང་ཚོགས་དག་གིས་གཞི་ནས་བརྙན་འཕྲིན་ཁང་ལ་མིག་ཟུང་གཞན་ ཞིག་གིས་བལྟ་རྒྱུ་ཡིན་པ་ཤེས་ན་ཡང་། ཁོ་ཚོས་མཚོ་སྔོན་བརྙན་འཕྲིན་ཁང་ལ་བཅངས་པའི་ཡིད་ཆེས་དེ་ཉིད་ཕངས་སེམས་དང་བཅས་ འདོར་གྱིན་པ་མཐོང་ཐུབ། ལོས་ཡིན་ཏེ། ལོ་ངོ་འདི་དག་གི་རིང་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱ་སའི་བརྙན་འཕྲིན་ཁང་གིས་ ཀྱང་ད་ལྟ་རང་ཉིད་ཡོངས་སུ་སླུ་བཞིན་པ་ཚོར་དུས། ཁོ་ཚོར་འགྱོད་སེམས་དྲག་པོ་སྐྱེས་པར་ཁག་མི་འདུག

ཡིན་ན་ཡང་། ད་ལྟ་མཚོ་སྔོན་བརྙན་འཕྲིན་ཁང་གི་སྣང་བརྙན་སྲུང་རྒྱུ་དེ་གཙོ་བོ་མིན་པར། མང་ཚོགས་ཁྲི་འབུམ་མང་པོའི་ཚེ་སྲོག་ལ་འགན་སྲུང་ཐུབ་རྒྱུ་དེ་ཤིན་ཏུ་གལ་ཆེན་ པོ་རེད་པས། ད་ནས་བཟུང་ཁྱོད་ཚོས་མཚོ་སྔོན་བརྙན་འཕྲིན་ཁང་ལ་ཡིད་ཆེས་གཏན་ནས་མ་བྱེད་ཅེས་ བསྒྲགས་པ་ཡིན་ལ། ཡིད་ཆེས་མི་བྱེད་པ་འདི་ནི་ཁྱོད་ལ་གདོད་བཅས་ནས་ཡོད་པའི་ཐོབ་ཐང་ཞིག་ཡིན་པ་ རེད། ལྷག་པར་དུ། ཁྱོད་རང་མཚོ་སྔོན་ཁྲང་ཁྲིན་སྨན་ཁང་སོགས་སུ་མ་འགྲོ་རོགས། སྨན་ཁང་དེས་ཁྱོད་ཀྱི་ནད་ལ་དྲག་སྐྱེད་འབྱུང་པ་ཕར་ཞོག སྨན་ཁབ་སྣ་ཚོགས་བཀོལ་ནས་ཁྱོད་ལ་ནད་རིགས་གཞན་མང་པོ་ཞིག་འབྱུང་དུ་འཇུག་པས། རང་གི་ཚེ་སྲོག་ལ་གཅེས་པའི་མི་ཞིག་ཡིན་ཚེ། ཁྱོད་ཀྱིས་བརྡ་ཁྱབ་བརྒྱུད་ནས་ཤེས་པའི་སྨན་ཁང་དང་ཅ་ལག་སོགས་ལ་ཡིད་ཆེས་གཏན་ ནས་བྱེད་མི་རུང་།

སྤྱིར་ན། འདི་ནི་འགྲོ་མིའི་ཚེ་སྲོག་གི་གནད་དོན་ཞིག་རེད་པས། སྤྱི་དམངས་ཀྱི་ཚེ་སྲོག་ལ་འགན་སྲུང་བྱེད་རྒྱུ་འོས་འགན་དུ་བཟུང་བའི་སྲིད་ གཞུང་ཞིག་ལ་མཚོན་ན། མཚོ་སྔོན་བརྙན་འཕྲིན་ཁང་གཙོ་བྱས་ནས་བརྡ་ཁྱབ་འདི་དག་ལ་བརྟག་དཔྱད་ནན་ཏན་གཏོང་ རི་མོད། འགན་འཁྲིའི་འདུ་ཤེས་ཡོངས་སུ་ཤོར་ཟིན་པའི་སྲིད་གཞུང་ཞིག་ལ་མཚོན་ན། རེ་བ་དང་ཡིད་ཆེས་བྱ་ཐབས་མེད་པ་ནི་མཚོ་སྔོན་བརྙན་འཕྲིན་ཁང་དང་འདྲ་བོ་ཡོད། དེ་བས། རེ་བ་གཞན་ལ་མ་བཅོལ་ཞེས་པ་ནི་བདག་གི་སེམས་གཏམ་ཡིན།

རང་དབང་དམངས་གཙོའི་རྒྱལ་ཁབ་ཅིག་ལ་མཚོན་ན། སྤྱི་དམངས་ཀྱི་ཚེ་སྲོག་འགན་སྲུང་ཨང་དང་པོར་འཇོག་ངེས་ཤིང་། མི་ཞིག་ལ་མཚོན་ན། སྤྱིར་བཏང་དུ་ཚེ་སྲོག་ལས་གལ་ཆེ་བ་ཞིག་མེད་པས་སོ། ། ཚེ་སྲོག་གི་འགན་སྲུང་ཤོར་བའི་མི་དེ་ལ་ནི། རང་དབང་གཞན་དག་ཡོད་མི་སྲིད་དོ། ། མཚོ་སྔོན་ཁྲང་ཁྲིན་སྨན་ཁང་གིས་བོད་རིགས་མང་ཚོགས་མང་པོ་ཞིག་གི་ཚེ་སྲོག་ལ་ གནོད་ཚབས་བསྐྱལ་བས། འདི་ལྟའི་རིགས་དེས་སྤྱི་སྒེར་གང་ལ་ཡང་གནོད་འཚེ་གཏོང་བས་ཐག་གཅོད་ནན་མོ་བྱ་ འོས། འདི་ལྟ་བུ་ལ་ཐག་གཅོད་མི་བྱེད་པའི་སྲིད་གཞུང་གང་དེས། སྤྱི་དམངས་ལ་འགན་སྲུང་ལ་བྱེད་པ་ཡོངས་སུ་ཤོར་ཟིན་པས། དེ་ཉིད་གནས་པའི་ཉིང་དགེ་ཡང་ཤོར་བ་རེད།

བརྙན་འཕྲིན་དང་རྒྱང་སྒྲོག ཚགས་དེབ་སོགས་ནི་མི་མང་གི་མགྲིན་ཚབ་པ་ཡིན་པས། དེ་དག་གིས་སྒེར་གཅོད་ལ་ལྟ་རྟོག་དང་། མི་སེར་གྱི་དཀའ་ཁག་ལ་རྒྱབ་སྐྱོར་བྱ་དགོས། འདི་ཡང་དེ་དག་གནས་པའི་ཉིང་དགོས་རེད། ཡིན་ན་ཡང་། སྒེར་གཅོད་སྲིད་གཞུང་གང་དེ་ལ་མཚོན་ན། གོང་གི་དེ་དག་ཚང་མ་ནི་སྲིད་གཞུང་གི་མགྲིན་ཚབ་པ་ཡིན་པ་ལས། མི་སེར་གྱི་མགྲིན་ཚབ་པ་ཡེ་ནས་མིན། དེའི་ཕྱིར། མཚོ་སྔོན་བརྙན་འཕྲིན་ཁང་གི་ལས་འགན་ནི་སྒེར་གཅོད་དང་མུན་ནག་ལ་ཐེར་འདོན་དང་། མི་སེར་གྱི་དཀའ་སྡུག་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ཡིན་ཞིང་། རིན་ཐང་ཡང་དེ་ཡི་སྟེང་དུ་འདུག དེ་ལྟ་མི་ནུས་ཀྱང་། མང་ཚོགས་ཀྱི་ཡིད་ཆེས་ལ་བརྟེན་ནས་གསར་འགྱུར་དང་བརྡ་ཁྱབ་རྫུན་མ་སྤེལ་བ་ནི་ ཤིན་ཏུ་འཇིགས་སུ་རུང་བའོ། །

2012/4/5

Leave a Comment

Your email address will not be published. Required fields are marked *

*