ཞོགས་ལྗང་། དོ་ནུབ། ང་ཕ་ཡུལ་རྩྭ་ཐང་ན་ཡོད།

2014 10 06 Tonight I am in the Grasslands of my Hometown Shokjang དོ་ནུབ། ང་ཕ་ཡུལ་རྩྭ་ཐང་ན་ཡོད།
ཆར་ཞོད་ཆེན་པོ་ཞིག་གི་རྗེས་སུ། 
ང་རང་ཕ་ཡུལ་གྱི་རྩྭ་ཐང་དུ་འབྱོར། ཕ་ཡུལ་རྩྭ་ཐང་དུ་འབྱོར་རྗེས། ཡང་བསྐྱར་ཆར་ཞོད་ཆེན་པོ་ཞིག་བབས་པ་དང་། དུམ་བུར་མཆེད་པའི་སྤྲིན་པ་དག་གི་གསེབ་ནས། མུན་པ་སྟུག་པོ་ཞིག་ཕ་ཡུལ་རྩྭ་ཐང་དུ་ལྷུང་།
 
མུན་པ་སྟུག་པོ་འདིའི་ཁྲོད་དུ། ང་རང་ཕ་ཡུལ་རྩྭ་ཐང་དུ་ཕུབ་པའི་ལྕགས་ཀྱི་ཁང་པ་ཞིག་ཏུ་ཡོད། མང་ཚོགས་དག་གིས་འདི་ལ་སྟབས་བདེའི་ཁང་པ་ཞེས་འབོད། སྟབས་བདེའི་ཁང་པ་འདི་ནི་ད་ལོ་གསར་དུ་ཕུབ་པ་ཡིན། གསར་དུ་ཕུབ་པའི་ཁང་པ་འདིར་ང་རང་དེ་རིང་བསྡད་པ་ཡིན་ལ། ཐོག་དང་པོར་བསྡད་པ་ཡང་ཡིན།
 
ལྕགས་ཀྱི་ཁང་པ་འདི་ནི་གྲོང་ཁྱེར་གྱི་ཐོག་ཁང་དག་དང་འདྲ་བར། སྒོ་དང་སྒེའུ་ཁུང་འགའ་ཞིག་འདུག་མོད། སྒེའུ་ཁུང་དག་ཡོལ་བས་བསྒྲིབས་པས་ཕྱི་རོལ་གྱི་མུན་པ་མཐོང་མི་ཐུབ། མུན་པའི་སྲུབ་ཀ་ལས་བརྡོལ་བའི་འོད་ཀྱི་ཕྲ་མོ་དེ་ཡང་མཐོང་མི་ཐུབ།

སྐབས་འདིར། ངས་སྔོན་ཆད་ཀྱི་སྦྲ་གུར་དྲན་བྱུང་། སྦྲའི་ཁ་ཚུབས་ལས་མཐོང་བའི་སྐར་མའི་དོ་ཤལ་དག་དྲན་འོང་། སུ་ཞིག་གི་ཁུར་ཀོང་ལས་འཐོར་བ་ལྟ་བུའི་ལྷང་མེད་ཀྱི་སྐར་མ་དག སྦྲ་ནག་གི་ཁ་ཚུབས་ལས་རང་གི་མིག་ཀོང་དུ་ལྷུང་འོང་བ་ལྟ་བུའི་འཆར་སྣང་དག་དྲན་འོང་། ལན་རེར། སྐར་མདའ་རེ་གཉིས་སྐར་ཁུང་ལས་ལྷུང་དུས།

 
ཡང་འཇིག་རྟེན་གྱི་ཚེ་སྲོག་ཅིག་ཤོར་སོང་བ་ཡིན་འདུག་ཅེས་མ་ཎི་བདོས་པ་དྲན།

ད་ལྟ། ང་རང་ཕ་ཡུལ་གྱི་རྩྭ་ཐང་དུ་འབྱོར་ཡོད། རྩྭ་ཐང་ནས་ཞག་སྡོད་བྱེད་ས་དེ་ལྕགས་ཀྱི་ཁང་པ་ཞིག་ཡིན། ལྕགས་ཀྱི་ཁང་པ་ལས་ནམ་མཁའི་སྐར་མ་དག་མཐོང་ཐབས་མི་འདུག སྔོན་ཆད། མིག་མཐར་ལྷུང་བའི་སྐར་མ་དག ད་ལྟ་ངས་ཕྱིར་མཁའ་མཐར་གཏོར་གྱི་ཡོད།

 
༢༠༡༤/༧/༢

Leave a Comment

Your email address will not be published. Required fields are marked *

*