1
ས་ཡི་གོ་ལ་ཆགས་ནས་བསྐལ་བ་ཇི་ཙམ་ཟད་པ་ན་ད་གཟོད་གོ་ལ་འདིར་ཚེ་སྲོག་གི་གཏམ་རྒྱུད་ཐོག་མ་བྱུང་བ་ཡིན། དེ་རྗེས། ཡང་བསྐལ་བ་ཇི་ཙམ་བགྲོད་པ་ན་འཇིག་རྟེན་འདིར་ད་གཟོད་མི་ཟེར་བའི་སྲོག་ཆགས་བྱུང་བ་ཡིན།
འཇིག་རྟེན་འདིར་ཟད་པའི་མཐའ་དང་བྲལ་བའི་ཆོས་དང་བྱུང་བ་ཡོད་ཅིང་དེ་དག་གི་ཁྲོད་ལས་གང་མང་མང་ནི་རང་སྟོབས་རིག་པའི་སྤྱོད་ཡུལ་ལས་འདས་ཏེ་ཡིད་ཆེས་ཁོ་ན་ལ་བསྟེན་དགོས་པ་བསྙོན་མེད་ཡིན་བཞིན་དུ། ཚེ་སྲོག་གི་ཐོག་མའི་བྱུང་རིམ་དང་མི་ཡུལ་འཇིག་རྟེན་ཁམས་ཀྱི་བྱུང་བའང་མི་རིགས་སོ་སོ་དང་རིག་གནས་སོ་སོའི་གླེང་ཕྱོགས་ལ་དགོས་ངེས་ཀྱིས་རུང་བསྟུན་མི་བྱ་ཐུ་མེད་རེད།
གཅན་གཟན་སྲོག་ཆགས་ཀྱིས་ས་ཡི་གོ་ལ་བདག་གེར་བཟུང་བའི་ལོ་རྒྱུས་མཇུག་རྫོགས་ཏེ་འགྲོ་བ་མི་ཡི་རིགས་ཀྱིས་སྐྱེ་རྒུའི་ཁ་ལོ་དབང་བསྒྱུར་བྱས་པ་ནས་བཟུང་གོ་ལ་འདི་ལ་མིང་གསར་བ་ཞིག་ཐོགས། དེ་ནི་མི་ཡུལ་ཁམས་རེད།
མི་ཡུལ་ཁམས་ཀྱི་བྱ་བ་གླེང་དགོས་ན་མི་ནི་སྲོག་སྙིང་ཡིན་པ་བཤད་ཅི་ལ་དགོས། མི་ཟེར་བའི་རིགས་རྒྱུད་བྱུང་བས་སྤྱི་ཚོགས་ཟེར་བའི་འཁོར་ཡུག་ཆེན་པོ་ཆགས། མི་ཡི་ཤེས་རབ་དང་ནུས་པ་ཇི་ལྟར་མཐོན་སོན་བྱུང་བ་དེ་བཞིན་དུ་སྤྱི་ཚོགས་ཀྱང་སྔརབས་སྙོགས་འཛིང་དང་སྣ་མང་རང་བཞིན་ཅན་དུ་གྱུར། མིའི་རིགས་ཀྱིས་ད་ཕན་ལོངས་སུ་སྤྱོད་ཐུབ་པའི་དཔལ་ཡོན་ཡོད་ཚད་དེ་རིག་གནས་། ལག་རྩལ། ཚན་རིག ཆོས་ལུགས། སྒྱུ་རྩལ་ལ་སོགས་པ་ཀུན་ནི་མིའི་ཁྱད་འཕགས་ཕུལ་བྱུང་གི་ཤེས་རབ་ལས་བྱུང་བ་ཡིན་ལ། དེ་བསྟུན་དུ་འགྲོ་མིའི་སྡུག་བསྔལ་ཀུན་ཀྱང་དེ་ལས་བྱུང་བ་རྩོད་མེད་རེད། དེས་ན་སྐྱིད་སྡུག་གཉིས་བསྐྱེད་དང་བཟང་ངན་གཉིས་འཛོམས་ཀྱི་རྩ་བ་ལྟ་བུར་གྱུར་བའི་མིའི་ཤེས་རབ་རྒོད་པོ་ལ་ཡིན་མིན་ལེགས་ཉེས་ཀྱི་དཔྱོད་པ་ཇི་ལྟར་བྱ་དགོས་ཟེར་ན། རིག་གནས་སོ་སོའི་ངོས་ནས་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔྱད་འབྲས་བཀོད་ཟིན་མོད། འཇིག་རྟེན་པ་ཞིག་ཡིན་པའི་ཆ་ནས་ཅི་ནས་ཀྱང་རང་གི་ལངས་ཕྱོགས་ཡོད་དགོས་པ་ཡིན། ཅིའི་ཕྱིར་ན། ཁྱོད་ཀྱི་ལངས་ཕྱོགས་ཀྱིས་ཁྱོད་ཀྱི་མི་ཚེའི་ལམ་ཁ་ཐག་གཅོད་པ་མ་ཟད་ཀྱི་ཁྱོད་ཀྱི་སྐྱིད་སྡུག་ཀྱང་ཐག་གཅོད་པས་རེད།
ཅིག་སྲིད་ན་ལངས་ཕྱོགས་འདིས་ཁྱོད་ལ་ལྕགས་ནག་འདྲ་བའི་སྙིང་རུས་ཞུམ་མེད་བྱིན་ཐུབ་ལ། ཡང་མིན་ན་ཤ་རུས་ཀྱི་གསེང་ན་ཨ་འཐས་སུ་གྱུར་བའི་བྲན་གཤིས་གཞོམ་མེད་ཅིག་ཀྱང་བཞེངས་ངེས།
གོང་ནས་གླེང་བ་ལྟར། མཐར་གཏུགས་ན་མིའི་ཤེས་རབ་རྒོད་པོ་དེ་རང་དབང་གི་རིན་ཐང་གི་ཁོངས་ལ་གཏོགས་པ་ཡིན། ཞིབ་ཀྱིས་བཀྲལ་ན་དེ་ནི་རང་དབང་གི་ཆ་ཤས་ཡིན། མིའི་ཤེས་རབ་བམ་བློ་རྩལ་ནི་ཡོད་ཚད་ཀྱི་རྩ་བ་ཡིན། དེ་ཡི་ཕྱིར་ན། གཏུམ་རྒྱལ་གང་མང་གིས་མིའི་རིག་པ་ལ་བཙོན་ཁང་ལྟ་བུའི་སྒྲོམ་གཞི་བཟོ་འདོད་པ་ཡིན།
ངན་གཡོ་དང་ཟོལ་ལ་མཁས་པའི་སྲིད་གཞུང་གང་གིས་ཀྱང་འདི་ནི་ཐག་སྒུལ་འདྲ་གཟུགས་སུ་བཅོས་འདོད་ཡོད་པ་ཡིན། མཐར་དེད་ན་ཤེས་རབ་ལ་རྒོལ་བའི་རྩིང་སྤྱོད་གང་དང་གང་ཡང་རང་དབང་ལ་རྒྱ་བཟོ་བའི་རྔམ་སེམས་ཡིན།
རང་དབང་ལ་འདུན་མོས་མེད་པའི་མི་ནི་འཇིག་རྟེན་འདིར་ཡོད་མི་སྲིད། ཐ་ན་སྒེར་གཅོད་དང་དྲག་ཤུགས་ཁོ་ན་ལ་ཤེ་དག་གིས་སྤྱོད་པའི་སྲིན་པོ་དག་གིས་ཀྱང་ཕྱི་ཚུལ་ནས་རང་དབང་ལ་བསྟོད་པ་མི་བྱེད་ཐབས་མེད་དང་། ཆོས་དང་མི་མཐུན་ལུགས་དང་འགལ་བའི་ཁྱད་དབང་འགེབས་སྲུང་གི་ཆེད་དུ་གཏུམ་སྤྱོད་ཁོ་ན་ལྷུར་བླངས་པའང་ཁོའི་ལྟོས་མེད་ཀྱི་རང་དབང་གི་ཆེད་དུ་མིན་པ་སུ་ཡིས་ཁྲུན་ཐག་ཆོད། འགྲོ་མིའི་ལོ་རྒྱུས་ལ་འཁྱུག་ཙམ་བལྟས་ན་འདི་ལྟར་གྱི་མཇུག་སྡོམ་འཇོག་ཐུབ་སྟེ། མི་རྣམས་རང་དབང་ལ་དུངས་པ་བདེན་མོད་ཀྱང་མི་རྣམས་ཀྱིས་ཤས་ཆེར་མྱངས་ཟིན་པ་དང་མྱོང་གིན་པ་ནི་གཞན་དབང་དང་སྒེར་གཅོད་ཡིན། ཅིག་ཐང་ན། མི་རྣམས་ཀྱིས་གཞན་དབང་དང་སྒེར་གཅོད་མྱངས་ཆེས་པས་ད་གཟོད་རང་དབང་ལ་དེ་ལྟར་མོས་པ་དང་དེའི་དོན་དུ་ཡོད་ཚད་བློས་གཏོང་ཐུབ་སོང་བ་རེད། རང་དབང་ཟེར་བའི་ཐ་སྙད་ལ་གཞན་ལས་ལྷག་པའི་རིན་ཐང་ཡོད་པའི་རྒྱུ་མཚན་དེའི་རྐྱེན་གྱིས་ཡིན་གྱི་རེད་འདོད།
2
ཨ་རིའི་རྩོམ་མཁན་གྲགས་ཅན་ཧྥན་ལུན་གྱིས《དཀྱེལ་ཡངས》ཞེས་པའི་དཔེ་ཆ་གྲགས་ཆེན་ཞིག་བརྩམས་པ་ཡིན། ངས་དཔེ་ཆ་དེ་ཐེངས་གཅིག་བཀླགས་པ་ན་དེའི་ཁྲོད་ཀྱི་ཡ་ང་བའི་བྱུང་བ་མང་བོས་ཧང་སངས་པར་བྱས། ལྷག་ཏུ་རྩོམ་པ་པོའི་དཔེ་ཆའི་མིང་བཏགས་ལུགས་ལ་ཧ་ལས་སོང་། སྐྱུག་ལངས་ཤིང་སྐྱུར་དྲི་བྲོ་བའི་མིའི་རིགས་ཀྱི་སྔར་གྱི་བྱུང་བ་ལ་དེ་འདྲའི་མིང་སྙན་མོ་བཏགས་པ་ལས་ཁོང་གི་ལྷག་བསམ་དྲི་མ་མེད་པ་མཚོན་ཐུབ་ལ། ལྷག་ཏུ་ལྷད་ཀྱིས་མ་གོས་པའི་འགྲོ་མིའི་ཕུགས་ཀྱི་འདུན་པ་དང་སྡུག་གི་མྱོང་བ་ལས་སྐྱིད་ཀྱི་ཉི་མ་བསུ་བའི་སྙིང་སྟོབས་མཚོན་འདུག
མི་རྣམས་རང་དབང་ལ་དགའ་ཞིང་དུངས་པ་ལུང་དང་རིགས་པས་སྒྲུབ་པའི་ངལ་བ་བསྟེན་མི་དགོས། འོ་ན་ཅི་ཞིག་ནི་རང་དབང་དང་དེ་ནི་ཇི་ལྟར་འཐོབ་དགོས་པ་གནད་ཀྱི་དམ་པ་རེད།
རང་དབང་ནི་མཁས་པ་སུ་ཞིག་གིས་དུས་ག་ཤེད་ཅིག་ཏུ་གསར་བཏོད་བྱས་པ་དང་ཡང་ན་རིག་གཞུང་གང་གིས་གཏན་འཁེལ་བྱས་པ་མ་ཡིན་ནོ།(རིན་ཐང་གི་ངོས་ནས) ཐུན་མོང་གི་ཕུགས་བསམ་མཚོན་བྱེད་ཀྱི་ཐ་སྙད་འདིའི་སྟེང་ལ་མི་རྣམས་ཀྱི་སྐྱིད་སྡུག་དང་རེ་བ། མིག་ཆུ་དང་ཚེ་སྲོག ཡུལ་ཁམས་མི་ཡིས་སྟོངས་པའི་འོ་དོད་དང་བཟའ་ཚོ་གསོན་བྲལ་བྱས་པའི་སྙིང་ནད་འགོས་ཡོད་ཅིང་། རེ་བ་དོན་གྱིས་ཟད་པའི་ཡི་ཆད་དང་བདེ་བ་བཙན་གྱིས་ཕྲོགས་པའི་སེམས་ཀྱི་གཅོང་ནད། རེ་བའི་མྱུ་གུ་བཙན་པོའི་རྡོག་འོག་ནས་སྐམ་སོང་བའི་ཕངས་སེམས། ཕ་ས་གོར་མོ་གཞན་ཡུལ་ལུང་པར་གྱུར་བའི་སྐྱོ་ངལ་སོགས་མིའི་རིགས་ལ་སྡུག་བསྔལ་དང་མི་བདེ་བ་དང་མི་སྐྱིད་པའི་རྒྱུ་མཚན་ཇི་ཙམ་བརྗོད་དུ་ཡོད་ན་རང་དབང་ལ་དུངས་པའི་རྒྱུ་མཚན་དེ་ཙམ་བརྗོད་དུ་ཡོད།
ཡང་། རང་གི་སྐད་ཡིག་དང་རིག་གནས་རང་ངོས་ནས་དར་སྤེལ་གཏོང་བ་དང་། མི་མང་བོའི་བདེ་བ་མངོན་གྱུར་ཡོང་ཆེད་ཐུན་མོང་གི་བྱ་བ་ལ་བརྩོན་ཆོག་པ། ཕ་ཤུལ་བུས་འཛིན་དང་རང་ལུས་རང་དབང་། རང་གཟུགས་རང་བདག་གི་བདེ་བ་ཆེན་པོ། གང་ལ་མོས་པ་དེ་ལ་སྤྱོད་ཆོག་པ། རང་དང་བཅས་པའི་མི་བུ་སྒེར་པ་དག་ནི་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་བདག་པོ་ཡིན་སྙམ་པའི་རང་རྟོན་སོགས་མིའི་རིགས་ཀྱིས་དགའ་མགུ་བྱེད་པའི་འཇིག་རྟེན་ལུགས་བཟང་གི་བྱ་བ་ཇི་ཙམ་ཡོད་ན་རང་དབང་ལ་དུངས་པའི་རྒྱུ་མཚན་དེ་ཙམ་ཡོད།
ནུབ་ཕྱོགས་ཀྱི་ཆབ་སྲིད་མཚན་ཉིད་རིག་པ་བ་མང་བོས་རང་དབང་ལ་འགྲེལ་བ་ཇི་རིགས་ཤིག་བཀོད་ཟིན། སོ་སོའི་ལྟ་ཚུལ་ལ་ཧེ་བག་ཧ་ཅང་ཆེ་མོད་ཀྱང་། རང་དབང་ནི་སུས་ཀྱང་སྤྱོད་ཆོག་ཞིག་ཡིན་པ་ལ་ཤས་ཆེར་གྱིས་ཁས་ལེན་པ་རེད།
དེ་ཡང་བསྐལ་བ་ཡ་ཐོག་གི་སྐབས་སུ་མིས་ནི་རང་གི་བསམ་པ་བསྐོང་བ་དང་ལྟོ་འདུན་བསྒྲུབ་ཕྱིར་གཞན་ལ་ཅི་བསམ་བསམ་གྱིས་བཙན་འཛུལ་བྱེད་ཆོག་པ་དང་། རང་གི་དངོས་ཟོག་དང་ཚེ་སྲོག་སྲུང་ཕྱིར་གཞན་གྱི་འཚེ་བ་ལ་ཅི་འདོད་འདོད་ཀྱི་རྒོལ་བ་བྱེད་ཆོག་པ་ལས་ཁྲིམས་ལུགས་དང་ཀུན་སྤྱོད། རིག་གནས་ལ་སོགས་པའི་བཀག་རྒྱ་མེད། དེའི་སྐབས་ཀྱི་རང་དབང་ནི་ཚད་མེད་དམ་ལྟོས་མེད་ཀྱི་རང་དབང་ཡིན།
ཡང་ཆབ་སྲིད་རིག་པའི་ངོས་ནས་རང་དབང་ནི་ཚད་ཡོད་དམ་ལྟོས་བཅས་ཡིན་དགོས་པར་འདོད་དེ། མི་རྣམས་སྤྱི་ཚོགས་ཤིག་ཏུ་འདུས་པ་ནས་ཐུན་མོང་གི་ཁྲིམས་ལུགས་ལ་གནས་དགོས་པས་ན་མི་རྣམས་ཀྱི་རང་དབང་ཡང་ཚད་ཡོད་དུ་མ་བཅོས་ན་སྤྱི་ཚོགས་འཁྲུག་ངེས་པ་དང་། སྤྱི་ཚོགས་སམ་ཐུན་མོང་གི་སྟོབས་ཤུགས་ཟེར་བའང་མཐར་དེད་ན་ཀུན་གྱིས་བརྩི་ཁུར་བྱེད་པའི་སྤྱི་ལུགས་རེད།
ཁྲིམས་ཀྱིས་ཚད་མེད་པའི་རང་དབང་སྒྲོག་ཏུ་བཙུད་ཅིང་མི་ལ་ཕྱོགས་ཀུན་ནས་རྒྱ་མང་བོ་བཟོས་པ་དང་བསྟུན་ཏེ་མི་རྣམས་ལ་རང་གི་ནུས་པའི་སྤྱོད་ཡུལ་དུ་མ་གྱུར་བའི་ཐོབ་བྱ་གང་མང་མང་སྟེར་སོང་། དེའི་ཕྱིར་ཆོས་ཁྲིམས་སམ་ཁྲིམས་སྲོལ་ལུགས་མཐུན་ཡོད་པའི་སྤྱི་ཚོགས་ནི་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་དང་དེ་གའི་མི་རྣམས་ནི་ཁྲིམས་ལ་གནས་པའི་སྙིང་སྟོབས་ཅན་ཤ་སྟག་དང་ཁྲིམས་ཀྱི་དོན་དམ་པའི་བདག་པོ་ཡིན།
ད་དུང་བོད་སྔ་རབས་པའི་མཁས་པ་རེ་འགའི་གསུང་རྩོམ་ལས་ཟུར་ཙམ་རྟོགས་པ་ལྟར་ན། མི་རྟག་པའི་རང་བཞིན་རྟོགས་པ་དང་སེམས་ལ་དོན་གྱི་བདེ་བའམ་ལྷིང་འཇགས་ཐོབ་ཕྱིན་དེ་ནི་མཐའ་མེད་པའི་རང་དབང་ཡིན་ཚུལ་བརྗོད་པ་ནི་ངོ་མ་དོན་དང་མཐུན་སྙམ། གང་ཞེ་ན། སེམས་ཀྱི་རང་དབང་ལ་མཐའ་ཡོད་མེད་སུས་ཀྱང་དཔོག་དཀའ་ནའང་། ཆབ་སྲིད་རང་དབང་ལས་ལྟོས་བཅས་ཀྱིས་ཐོད་བརྒལ་བྱས་ཡོད་པ་རྩོད་མེད་རེད། བདེ་སྐྱིད་ཀྱི་མཐར་ཐུག་ནི་སེམས་ཀྱི་རང་དབང་ཡིན། སེམས་ལ་རང་དབང་ཇི་ཙམ་ཆེ་ན་བདེ་བའང་དེ་ཙམ་ཆེ་བ་སྙོན་མེད་ཡིན་ཚུལ་བསམས་ན་དེ་ལ་མཐའ་མེད་ཅེས་བཏགས་ཀྱང་མི་ཆོག་པ་མེད་སྙམ།
འགྲོ་བ་མིའི་རིགས་ལ་རྣམ་པ་མི་འདྲ་བའི་རིག་གནས་ག་ཙམ་ཡོད་པ་དེ་ཙམ་གྱིས་རང་དབང་ལ་འགྲེལ་ལུགས་ཡོད་པ་དང་། མི་ལ་བསམ་པ་ཇི་ལྟར་ཡོད་པ་དེ་ལྟར་གྱིས་རང་དབང་ལ་གོ་བ་ལེན་ལུགས་ཡོད། ཧྲིལ་གྱིས་བསྡུས་ན་བརྒྱ་ཁ་གཅིག་ཆོད་ཀྱི་ཚད་མའི་ལན་ཞིག་མེད་པ་དངོས་ཡོད་གནས་ལུགས་ཀྱིས་ར་སྤྲོད་བྱས་ཟིན།
3
རང་དབང་ནི་ཧ་ཅང་རླབས་ཆེན་ཡིན་ལ་ཆེས་སྤྱི་བཏང་བ་ཞིག་ཀྱང་ཡིན། དཔེར་ན་སྲིད་འཛིན་ནི་ཀུན་གྱིས་བརྩི་བའི་མི་སྣ་ཆེན་པོ་ཡིན་པ་རྩོད་མེད་ཡིན་མོད། ཡང་ཅིག་བཤད་ན་ཁོ་ཡང་ང་ཚོ་དང་འདྲ་བར་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་ཞིག་ཡིན་པ་ཇི་བཞིན་རེད། མི་རྣམས་རང་དབང་ལ་དུངས་པ་ནི་མ་གཞི་ནས་རང་དབང་ཟེར་བ་ང་ཚོ་དང་ཐག་རིང་དྲགས་པས་མ་ཡིན་པར་རང་དབང་མྱང་བ་ལ་དེ་འདྲའི་བར་ཆད་ཆེན་པོ་ཡོད་སོང་བས་ཡིན།
གལ་སྲིད་མིའི་རིགས་ཀྱིས་རང་དབང་ལ་བསྐྱོན་པའི་ལྟ་བ་མང་བོ་བགྲང་དགོས་ཚེ་དེ་ནི་བདག་གི་ཤེས་འཇོན་ལས་འདས་པས་ཐབས་མེད། འོན་ཏེ། མི་མང་བོས་རང་དབང་ནི་ཤིན་ཏུ་མཐོ་བའི་མཆོད་སྟེགས་སུ་བཤམས་ཏེ་ཕྱག་འབུལ་གྱི་འདུག་ལ། བལྟས་ཚོད་དུ་ཁོ་ཚོའི་རང་དབང་ནི་གཞན་ལས་ཐོབ་དགོས་པ་མ་གཏོགས་རང་ངོས་ནས་བརྩོན་དགོས་པ་ཞིག་མིན་ཚོད་རེད། ཡང་ན་ཁོང་ཚོའི་རང་དབང་ནི་རི་ཆུ་སྟོང་ཕྲག་གིས་བསྐལ་བའི་ཡུལ་ག་ཤེད་ཅིག་ན་ཁེར་རྐྱང་དུ་ལུས་ཡོད་པ་འདྲ། ང་ལ་དོགས་པ་ཞིག་ཡོད་དེ། གཞན་ལ་བརྟེན་པའི་རང་དབངགིས་དོན་དམ་དུ་ཁྱོད་ལ་ཅི་ཞིག་སྟེར་ཐུབ། ཁྱོད་ཀྱི་སྐྱིད་སྡུག་ནི་རང་དབང་ཉི་ཚེ་བ་ལ་རེ་དགོས་ན་ཁྱོད་ལ་དོན་གྱི་རང་དབང་མེད་སོང་བ་རེད།
དེང་སང་གི་མིའི་རིགས་ནི་ཁྲིམས་སྐྱོང་སྤྱི་ཚོགས་སུ་གནས་ཡོད་པ་ཡིན།(དོན་དུ་ཁྲིམས་སྐྱོང་ཡིན་མིན་རྒྱལ་ཁབ་སོ་སོའི་བར་ལ་ཧེ་བག་ཤིན་ཏུ་ཆེ) ལྷག་ཏུ་མི་ལ་སྤྱི་ཚོགས་ཀྱི་ངོ་བོ་ཤུགས་ཆེ་བར་དཔགས་ན་རང་དབང་ཟེར་བའང་ཁྲིམས་ལས་ཐོབ་དགོས་པ་དང་ཁྲིམས་ཀྱིས་སྐྱོང་དགོས་པ། ཁྲིམས་ནི་སྤྱི་དམངས་ཀུན་གྱི་ཕུགས་བསམ་དང་རེ་བ། ཁས་ལེན་དང་ཆོག་མཆན། སྙིང་སྟོབས་བཅས་མཚོན་དགོས་པ་མ་མཐའི་ཆ་རྐྱེན་རེད།
1776ལོའི་ཟླ8ཚེས4ཉིན་ཡོངས་ཁྱབ་གསལ་བསྒྲགས་བྱས་པའི་ཨ་རིའི《རང་བཙན་བསྒྲགས་གཏམ》ལས་གོང་གསལ་གྱི་ལྟ་བ་བཏོན་ཡོད་ཅིང་། མི་ནི་བཙས་པ་ནས་བཟུང་འདྲ་མཉམ་ཡིན་ཞིང་ལྷན་སྐྱེས་ཀྱི་ཐོབ་ཐང་མང་བོ་ཡོད་ལ་དེ་དག་ནི་ཁྲིམས་མཐུན་ལུགས་མཐུན་ཡིན་པ་བཤད་ཡོད། 1879ལོར་བྱུང་བའི་ཧྥ་རན་སིའི་གསར་བརྗེ་ཆེན་མོ་ནི་ཀུན་གྱིས་ཤེས་པའི་ལས་འགུལ་གྲགས་ཆེན་ཡིན། དེ་ལས《འགྲོ་མིའི་ཐོབ་ཐང་གི་བསྒྲགས་གཏམ》ཞེས་པའི་ཡིག་ཆ་གལ་ཆེན་གསལ་བསྒྲགས་བྱས། བསྒྲགས་གཏམ་དེའི་དཔེ་ལེན་ས་ཨ་རིའི《རང་བཙན་བསྒྲགས་གཏམ》ཡིན་ལ་དེའི་མཛུབ་ཁྲིད་བསམ་བློ་ནི་རུའུ་སོ་ཡི་ལྟ་བ་ཡིན། རུའུ་སོསཐོབ་ཐང་གཞི་གྲུབདངབདག་དབང་དམངས་ལ་དབང་བ་ཡི་ལྟ་བ་གསར་དུ་བཏོན་པ་མ་ཟད་ལྟ་བ་དེ་ནི་ལས་འགུལ་དེའི་སྲོག་ཤིང་ལྟ་བུར་གྱུར། ལས་འགུལ་དེ་ལ་དྲང་ཕྱོགས་དང་ལྡོག་ཕྱོགས། ལེགས་ཉེས་ཀྱི་བཤད་པ་མང་ནའང་སྐབས་སུ་བབ་པའི་བརྗོད་དོན་མིན་པས་བཏང་བར་བྱ།
གང་ལྟར། མི་ལ་ལྷན་སྐྱེས་སུ་ཡོད་པའི་རང་དབང་ལ་ལུགས་མཐུན་ཁྲིམས་ཀྱིས་རྟིང་ནོན་བྱེད་དགོས་པ་ནི་མིའི་རིགས་ཀྱིས་སྲོག་བསྡོས་ཀྱི་དཀའ་ངལ་གང་མང་མྱངས་པའི་ཉམས་མྱོང་གསེར་གྱི་ཞུན་ཐིགས་ཡིན།
ཡང་ན་མི་རྣམས་དམུ་རྒོད་ཀྱི་དུས་རབས་ལས་བརྒལ་ཏེ་དཔལ་ཡོན་རྣམ་པར་རྒྱས་པའི་དུས་རབས་ལ་སླེབས་པའི་དན་རྟགས་སུ། ཐུན་མོང་གི་སེམས་སྟོབས་མཚོན་པའི་ཚོགས་པ། ཐུན་མོང་གི་དགའ་ཕྱོགས་མཚོན་པའི་ལྟ་བ། ཐུན་མོང་གི་བདེ་སྐྱིད་སྲུང་བའི་སྤྱི་ཚོགས། ཐུན་མོང་གི་སྟོབས་ཤུགས་གཅིག་སྒྲིལ་བྱས་པའི་རྒྱལ་ཁབ་བཅས་བྱུང་བ་རེད།
4
གདོད་མའི་སྤྱི་ཚོགས་དང་མིས་སྐྱོང་རྒྱལ་ཁབ་ལ་མཚོན་ན། མིའི་ལྷན་སྐྱེས་ཀྱི་རང་དབང་ཁས་མི་ལེན་པ་མ་ཟད་དེ་ནི་ཉེས་རྒུའི་འབྱུང་ཁུངས་དང་སྡུག་གི་རྩ་བར་ངོས་འཛིན་བྱེད། དེའི་རྐྱེན་གྱིས་སྤྱི་ཚོགས་དེ་ལྟ་བུ་ན་རང་དབང་སྲོག་ལྟར་གཅེས་པའི་དཔའ་རྒོད་རེ་འགའི་རྩོད་ལེན་གྱི་ལོ་རྒྱུས་མ་གཏོགས་མི་ཐམས་ཅད་ཀྱི་སྨྲ་ལྕེ་སྨག་སྣག་གི་རལ་གྲིས་བཅད་ཟིན།
དེང་རབས་སྤྱི་ཚོགས་སམ་ཁྲིམས་སྐྱོང་སྤྱི་ཚོགས། ཡང་ན་སྤྱི་དམངས་སྤྱི་ཚོགས་ལ་མཚོན་ན། སྲིད་དོན་བརྟན་བརླིང་དང་མི་དམངས་བདེ་སྐྱིད་ཡོང་ཐབས་ཀྱི་རྩ་བ་ནི་མིའི་རང་དབང་ལ་རྩིས་ཐང་ཆེ་མིན་ལ་རག་ལས་ཡོད་པ་ཀུན་གྱིས་ཁས་ལེན་བྱེད།
ཚོགས་སྤྱི་ཞིག མི་རིགས་ཤིག རྒྱལ་ཁབ་ཅིག་ལ་བདེ་སྐྱིད་ལྡན་མིན་ནི་རང་དབང་ལ་མཐོང་ཆེ་མིན་དང་རང་དབང་ཇི་ལྟར་སྲུང་བའི་ཐབས་ལ་རག་ལས་པ་ཡིན། མཐོང་ཆེ་བས་ཐུན་མོང་གི་རིན་ཐང་ལྟ་ཚུལ་ཆགས་ངེས་ལ། ཐུན་མོང་གི་རིན་ཐང་ལྟ་ཚུལ་ལ་ཐུན་མོང་གི་སྟོབས་ཤུགས་ཀྱིས་བརྒྱབ་ནོན་བྱས་ན་གནོད་པ་མང་བོ་ངམ་ངམ་ཤུགས་ཀྱིས་བཟློག་འགྲོ་བ་རེད། དེ་ལྟར། མཐོང་ཆེ་བ་ཙམ་མ་ཟད་དེ་ལ་ཐབས་ཀྱིས་སྲུང་སྐྱོབ་བྱེད་དགོས་པ་རེད། འོ་ན་གང་གི་ཐབས་ཟེར་ན། དེ་ནི་སྤྱི་དམངས་ཀྱིས་བརྩི་ཁུར་མི་བྱེད་པའི་སྙིང་སྟོབས་དང་ཁྲིམས་ཀྱི་སྙིང་སྟོབས་ཡིན།
ཁོར་ཡུག་ཅིག་ལ་རང་དབང་ཡོད་མིན་ནི་མི་རྣམས་ཀྱི་རྒྱུད་ན་ཡོད་པའི་རང་དབང་གི་མྱུ་གུ་ལ་སྐྱེ་སྟོབས་ཡོད་མེད་དང་ཁ་འབྲལ་ཐབས་མེད། དེའི་ཕྱིར། ཁེར་རྐྱང་དུ་ལུས་པའི་རང་དབང་མེད་ལ་ས་སྣེ་རི་གུད་ན་སྦས་པའི་རང་དབང་ཡང་མེད། རང་དབང་ནི་མི་རེ་རེའི་སེམས་ན་ཡོད།
5
ད་ཕན་རང་དབང་གླེང་གླེང་བ་དེ་ཧྲིལ་གྱིས་བསྡུས་ན་རིན་ཐང་གི་རྣམ་བཤད་དེ། རང་དབང་ནི་མི་ལ་གཞི་གྲུབ་ཡིན་ཚུལ། གལ་ཆེ་ཚུལ་དང་། མེད་མི་རུང་ཚུལ། དེ་ནི་མིའི་རིགས་ཀྱི་བདེ་བ་དང་མདུན་ལམ་དང་དམ་དུ་སྦྲེལ་བའི་གནས་ལུགས་བཤད་པ་རེད། ད་དུང་ཐབས་ཤེས་ཀྱི་རྣམ་བཤད་ཀྱང་ཡོད། དེ་ནི་རང་དབང་ཇི་ལྟར་རྩོད་ལེན་དང་། ཇི་ལྟར་སྲུང་སྐྱོབ་བྱེད་པ། ཇི་ལྟར་རྒྱུན་བསྲིང་བ་བཅས་ཀྱི་ཐབས་ཤེས་ཡིན།
རིན་ཐང་གི་རྣམ་བཤད་ཡིན་ན་ཆོག ཐབས་ཤེས་ཀྱི་རྣམ་བཤད་ཡིན་ནའང་ཆོག ཐོག་མར་མི་ལས་འགོ་འཛིན་དགོས་པ་རྩ་བ་ཡིན། དེ་ཡང་ང་ཚོས་རང་དབང་ནི་བཤམས་འདུག་རྒྱུ་དང་མཆོད་འདུག་རྒྱུ་ཁོ་ནར་མི་སྒོམ་པར་རང་གི་ཤ་རུས་ཀྱི་གསེང་དང་ཁྲག་རྩའི་སྦུབས་སུ་གནས་འདུག་པ་དང་། རང་ལ་ལྷན་སྐྱེས་སུ་ཡོད་པ་མ་ཟད་སུས་ཀྱང་འཕྲོག་ཏུ་མེད་པའི་འདུ་ཤེས་སྐྱེ་དགོས། དཔེར་ན་ཁྱོད་ཀྱི་ཤེས་རབ་ནི་ཁྱོད་ལ་ལྷན་སྐྱེས་སུ་ཡོད་པ་ཇི་བཞིན་དུ་རང་དབང་ཡང་ཁྱོད་ལ་ལྷན་སྐྱེས་སུ་ཡོད་པ་ཡིན། ཁྱོད་ཀྱིས་ཤེས་བྱ་ལ་བརྩོན་པ་བསྐྱེད་ན་ཤེས་རབ་ཀྱང་དེ་བསྟུན་གྱིས་འཕེལ་བ་ཇི་བཞིན་དུ། རང་དབང་རྩོད་སྲུང་བྱེད་པ་ལ་ཐབས་དང་ཤེས་རབ་སྤྱད་ན་རང་དབང་དེ་ཡང་ལྟོས་བཅས་ཀྱིས་འཐུས་ཚང་དང་སྲ་བརྟན་དུ་འགྱུར་འགྲོ་བ་ཡིན།
བཙོན་ཁང་གིས་མིའི་འགྲོ་འདུག་གི་རང་དབང་ཕྲོགས་ནའང་རང་དབང་ལ་དགའ་བའི་འདུན་སྟོབས་ལྕགས་དྲྭའི་ནང་དུ་བཙུད་མི་ཐུབ་པ་ལྟར། ཕྱི་རྐྱེན་དང་གཞན་དབང་གིས་ཆབ་སྲིད་ཀྱི་རང་དབང་སྒྲོག་ཏུ་བཙུད་ཀྱང་ལྷན་སྐྱེས་སུ་མངའ་བའི་དོན་དམ་གྱི་རང་དབང་སུ་ཞིག་གིས་གཞོམ་ཐུབ་སྟེ་མི་ཐུབ་བོ།
སྔོན་བྱོན་རིགས་པ་སྨྲ་བའི་ལྟ་བ་ལྟར་ན་རང་དབང་ལ་གོ་བ་ཇི་རིགས་ཡོད་ལ་སྲུང་ཐབས་ཀྱང་སྣ་མང་བསྟན་ཡོད། རྒྱལ་པོའི་ལམ་ལུགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པའི་ཆབ་སྲིད་རིག་པ་བ་ཧའོ་པེ་སི་ལྟ་བུ་ཡིན་ན། མི་དམངས་ཀྱི་རང་དབང་ནི་རྒྱལ་པོའི་ཐུགས་རྗེ་དང་རྒྱལ་ཁྲིམས་ལ་བརྟེན་དགོས་པའི་ལྟ་བ་གཞིར་བཟུང་བའི་བརྩམས་ཆོས《ནེ་བས་ཐིན》བརྩམས་གྲུབ་གནང་བ་དང་། མིའི་རང་དབང་ནི་རྒྱལ་པོ་ལ་རེ་དགོས་པའི་རྒྱུ་མཚན་རིག་པས་སྒྲུབ་ཡོད། ཡིན་ཡང་བྱེད་ཐབས་དེའི་སྲུང་བྱར་གྱུར་བའི་རང་དབང་ནི་སྔར་བཞིན་ཉེན་ཁའི་ཁྲོད་དུ་ལྷགས་འདུག་ལ་རྟིང་ནོན་མེད་པའི་རང་དབང་ནི་འཇའ་ཚོན་བཞིན་ཡིད་ཆེས་འོས་པ་མ་ཡིན་ནོ། འབངས་མིའི་རང་དབང་དང་ཡུལ་ཁམས་ཀྱི་བདེ་བ་རྒྱལ་པོ་གཅིག་ལ་རེ་དགོས་ན་སྐྱིད་སྡུག་ཅི་འབྱུང་ཆ་མ་འཚལ་བས་དཀོན་མཆོག་མཁྱེནཟེར་ནས་སྐྱིད་སྡུག་ཅི་འབྱུང་ངང་བསྒུག་བྱེད་པ་ལས་རང་སྟོབས་ཀྱིས་འབད་པའི་གོ་སྐབས་ཤིན་ཏུ་ཕྲ།
དེའི་ཕྱིར་ཧའོ་པེ་སི་ཡིས་ཀྱང་རྒྱལ་ངན་ལ་རྒོལ་ཆོག་པའི་དབང་ཆ་འབངས་ལ་ཡོད་པ་ཁས་ལེན་དང་གཞིར་བཞག་བྱས་ཡོད།
མོན་ཏེ་སི་ཁོའི་《ཁྲིམས་ཀྱི་དགོངས་པ》ན་རང་དབང་ཟེར་བ་ནིཁྲིམས་ཀྱི་ཆོག་མཆན་ཐོབ་པའི་འོག་ནས་ཅི་བསམ་བྱེད་ཆོག་པའི་ཐོབ་ཐང་ཡིནཔའི་ལྟ་བ་བཟུང་ལ། རང་དབང་ནི་ངེས་པར་ཁྲིམས་ལུགས་ཚད་ལྡན་གྱིས་སྲུང་དགོས་པ་དང་། གཞུང་དང་གཞུང་འབྲེལ་མི་སྣའི་བྱ་སྤྱོད་ཁྲིམས་ཀྱིས་སྡོམ་གཅུན་མ་བྱས་ན་སྤྱི་འབངས་སྒེར་གྱི་རང་དབང་བརླག་འགྲོ་བའི་ཕུགས་ཐག་རིང་བོའི་བསམ་བློ་མངོན་འདུག ཁོང་གིས། རྒྱལ་ཁབ་ཅིག་སྟེ། ཡང་ན་ཁྲིམས་ལ་རེ་བ་བཅའ་ཆོག་པའི་སྤྱི་ཚོགས་ཤིག་ཏུ། རང་དབང་ཟེར་བ་ནི་ཁོས་ཅི་ཞིག་བྱ་འདོད་པ་དེ་བསྒྲུབ་པ་དང་ཁོས་བྱ་མི་འདོད་པ་གང་དེ་བཙན་གྱིས་མི་འགེལ་བ་དེ་ཙམ་ཡིན་ཞེས་གསུངས་འདུག།
རང་དབང་རིང་ལུགས་ཀྱི་ཡབ་ཆེན་དུ་སྔགས་པའི་ཇོན་ལུའུ་ཁུའི་ལྟ་བ་ཡང་གོང་དང་ཁྱད་པར་ཆེན་པོ་མི་འདུག ཁྲིམས་སྐྱོང་སྤྱི་ཚོགས་སུ་རང་དབང་ནི་ལྟོས་བཅས་ཡིན་དགོས་པ་མ་ཟད་ཁྲིམས་ཀྱིས་འགན་ལེན་བྱེད་དགོས། ཁྲིམས་ནི་སྤྱི་དམངས་ཀུན་གྱི་སྙིང་སྟོབས་དང་འདུན་མོས་ལས་ཐོན་དགོས་པའི་རྩ་དོན་བསྟན། སྲིད་གཞུང་ཚུགས་པའི་དམིགས་ཡུལ་ནི་མིའི་རང་དབང་ལ་འགན་སྲུང་དང་མི་ལ་བདེ་བ་སྐྲུན་ཆེད་ཡིན་པ་མ་ཟད་ཀྱི། གོམ་གང་མདུན་སྤོས་ཀྱིས་སྲིད་གཞུང་གི་དབང་ཆ་གསུམ་དུ་བགོས་ཏེདབང་གསུམ་ཁེར་ཚུགས་ཀྱི་ཆབ་སྲིད་ལམ་ལུགས་གསར་བཏོད་བྱས་པ་རེད། ལམ་ལུགས་འདི་ནི་དེང་གི་ཨ་རི་དང་དབྱིན་ཇིའི་ཆབ་སྲིད་ལམ་ལུགས་ཀྱི་མཛུབ་ཁྲིད་བསམ་བློ་ཡིན། ཆབ་སྲིད་ལམ་ལུགས་འདི་ལ་མཚོན་ན་མཐོ་སྲིད་འཛིན་ནས་དམའ་མི་སེར་བར་ཚང་མའི་བྱ་སྤྱོད་ལ་ཁྲིམས་ཀྱི་རྒྱབ་སྐྱོར་ཡོད་ལ་ཁྲིམས་ཀྱི་རྗེས་གཅོད་ཀྱང་ཡོད་པས་ལེགས་ཉེས་གང་བྱུང་རང་ངོས་ནས་འགན་ལེན་དགོས་པ་རེད། སྲིད་ཚོགས་དང་སྲིད་གཞུང་གི་དབང་ཆ་ཚད་བཀག་བྱས་ཏེ་ཡོད་ཚད་ཁྲིམས་ལ་གནས་དགོས་པའི་ལམ་ལུགས་འོག་ཏུ་རང་དབང་ནི་དོན་གྱི་རང་དབང་དང་ཐོབ་ཐང་ཡང་དོན་གྱི་ཐོབ་ཐང་ཡིན། འཛམ་གླིང་མི་དམངས་ཀྱིས་རང་དབང་གི་སྙིང་སྟོབས་དང་དམངས་གཙོའི་བསམ་བློ་ལས་ཐོན་པའི་ཆབ་སྲིད་ལམ་ལུགས་འདི་ལ་དགའ་མགུ་བྱེད་པའི་རྒྱུ་མཚན་ཡང་དེ་ཙམ་རེད།
6
མི་ཡི་སྤྱི་ཚོགས་ཆགས་པ་ནས་རིམ་གྱིས་རྒྱལ་ཁབ་ཟེར་བའི་གཟུགས་མེད་སྟོབས་ལྡན་དེ་ཆགས་པ་རེད། འགྲོ་མིའི་ལོ་རྒྱུས་ལ་རྒྱུན་ཤེས་ཨེན་ཙམ་ཡོད་ན་ཤེས་ཐུབ་སྟེ།
གཞན་དབང་ངམ་སྒེར་གཅོད་ནི་དབང་བསྒྱུར་བས་དབང་བསྒྱུར་ཡུལ་ཇི་ལྟར་བརྙས་པའི་ལོ་རྒྱུས་ཡིན། ཡང་ན། ཁེ་ཐོབ་ཚོགས་པས(既得利益集团)ཐོབ་མེད་ཚོགས་པ་ལ་བསམ་བསམ་བྱས་པའི་ལོ་རྒྱུས་ཡིན།
རང་དབང་ནི་མིའི་བདེ་བ་ཡོད་ཚད་ཀྱི་རྩ་བ་ཡིན་པས་ང་ཚོས་དེའི་གལ་ཆེན་རང་བཞིན་ཡང་ཡང་གླེང་དགོས་ཐུག་སོང་བ་རེད། ཐུན་མོང་གི་སྟོབས་ཤུགས་ཏེ་ཁྲིམས་དང་ཀུན་སྤྱོད་ཀྱི་རྣམ་གཞག རིན་ཐང་ལྟ་ཚུལ་སོགས་ཐབས་ཤེས་སྣ་མང་བཀོལ་སྤྱོད་བྱེད་པ་ནི་མི་གཤིས་ཀྱི་མི་དགེ་བའི་ཆ་ཤས་དེས་གཞན་ལ་གནོད་འཚེ་བྱེད་པར་དོགས་པས་ཡིན། དེ་ལྟར་མོད་ཀྱང་། རྩ་བའི་རྩ་བར་གྱུར་བ་ནི་མི་རེ་རེའི་རྒྱུད་ན་རང་དབང་གི་མྱུ་གུ་ཡོད་དགོས་པ་མ་ཟད་མྱུ་གུ་སྐྱེ་བ་ལ་ཆུ་ལུད་དྲོད་གསུམ་གྱི་མཐུན་རྐྱེན་རང་ངོས་ནས་བསྒྲིག་དགོས།
ཁྱོད་དང་ང་སྟེ་མི་དཀྱུས་མ་རེ་རེའི་རྒྱུད་ན་ང་ནི་རང་དབང་ཡིན་སྙམ་པའི་ཡིད་ཆེས་དང་། ངས་ནི་གཞན་གྱི་རང་དབང་དབྲོག་པར་མི་རྩོམ་ལ་གང་དེའི་རང་དབང་ནི་ང་རང་བདེ་བའི་མཐུན་རྐྱེན་དུ་འཛིན་ཐུབ་ན་རང་དབང་གི་གོ་བ་དོན་གྱིས་རྟོགས་སོང་བ་ཡིན་ལ་སྐྱིད་ཀྱི་སྣེ་མོ་ཟིན་སོང་བའང་ཡིན།
བརྒྱ་བཤད་ཚིག་གི་རྩ་བ་ལ། རང་དབང་ཞེས་པའི་ཐ་སྙད་ཁོ་ནའི་ངོས་ནས་བཀྲལ་ན། རང་དབང་ནི་མཐའ་མེད་ཚད་མེད་ཡིན་པ་རྩོད་དུ་མེད། འོན་ཏེ། མི་ནི་སྤྱི་ཚོགས་ཀྱི་ངོ་བོ་ཤུགས་ཆེ་བའི་སྲོག་ཆགས་ཤིག་ཡིན་པའི་ངོས་ནས། རང་དབང་ནི་ལྟོས་བཅས་ཡིན་དགོས། ལྟོས་མེད་ཀྱི་རང་དབང་མངའ་བའི་མི་མང་བོ་འདུས་ཏེ་སྤྱི་ཚོགས་ཤིག་ཚུགས་ནའང་གང་དེ་འགོ་ཚུགས་པ་ཉིད་ནས་རྒུད་འགོ་བཟུང་བ་ཡིན།
མཐར་དེད་ན་མི་དེ་ཚོས་སྤྱི་ཚོགས་ཤིག་གཟུག་ཀྱང་ཐུབ་རྒྱུ་མ་རེད།
རང་དབང་ནི་སུས་ཀྱང་སྟེར་ཐུབ་པ་ཞིག་མིན། གནས་ལུགས་དེ་རྟོགས་སོང་ན་རང་དབང་ནི་ལག་པའི་མཐིལ་ན་ཡོད། མ་རྟོགས་ན་ཇི་ལྟར་སྐྱིད་སྐྱིད་དང་རྫིག་རྫིག་བྱས་ཀྱང་མིག་ཁ་རུབ་ཀྱི་མཐོང་སྣང་ཙམ་དུ་ཟད།
དེ་ཡང་རུའུ་སོ་ནས། མི་ནི་གཞི་ནས་འདྲ་མཉམ་ཡིན་ནའང་མི་འདོད་སྒྲོག་གིས་མ་གཅུན་ནམ་ཡང་མེད་ཅེས་གསུངས་མྱོང་བ་རེད།།
【མཆན】རྩོམ་ཐུང་འདིར་དྲངས་པའི་རྒྱལ་ཁབ་གཞན་གྱི་མཁས་པ་རེ་འགའི་མཚན་བྱང་དང་གསུང་སྒྲོས་ཐོལ་བུ་དག་དོན་བསྒྱུར་བྱས་པ་ཡིན། རང་གི་ཉམས་མྱོང་ལྟར་ན་ནུབ་ཕྱོགས་ནས་དར་བའི་ཐ་སྙད་དེ་དག་རྒྱ་འགྱུར་བྱེད་སྐབས་བརྗོད་དོན་མཚོན་མི་ཐུབ་པའི་འགྱུར་སྐྱོན་མང་བ་དང་། གཉིས་སུ་རང་གིས་ཕྱིའི་རྒྱལ་ཁབ་ཀྱི་ཡིག་རིགས་མི་ཤེས་པས་གཟབ་གཟབ་བྱས་པའི་ཁུལ་དུ་ཟད་ཀྱང་སྐྱོན་མི་ཉུང་བ་ཡོད་ངེས་པས་མཁྱེན་སྤྱན་ཡངས་པ་དག་གིས་ཡོ་བསྲིང་བྱེད་པར་བཀའ་དྲིན་ཆེ་ཞེས་དང་། མི་ལོ་བཞི་ལ་ངག་བསྡམས་ནས་དེ་རིང་རང་གིས་རང་ལ་འཁོར་ཡུག་ཆུང་ཆུང་ཞིག་བཟོས་པས་གཞན་སུ་དང་སུ་ལ་གནོད་པ་མེད་པའི་སྨོན་ལམ་དང་ཆབས་གཅིག་ཏུ་དུས་ནམ་ཡང་གཞན་དུ་མི་སེམས་པའི་བརྩེ་བ་ཆེན་པོས་ང་རང་བསྐྱངས་པའི་ཁྱིམ་མི་དག་ལ་ལེགས་སྐྱེས་སུ་འབུལ་བ་བཀྲ་ཤིས་པར་གྱུར་ཅིག་ཅེས་རྔ་བ་བུ་དྷས་སྤྱི་ལོ་2014.11.31ཉིན་སྦྱར་བའོ།།
http://www.korawa.com/index.php?c=content&a=show&id=145
Follow Us!