མཚན་མོ་ཞིག་ལ།༼རང་མོས༽ སྐྱབས་ཆེན་བདེ་གྲོལ།

མཚན་མོ་ཞིག་ལ།༼རང་མོས༽

སྐྱབས་ཆེན་བདེ་གྲོལ།

མཚན་མོ་ཞིག་ལ
ཆང་ཁང་གྲངས་མེད་པ་ཞིག་མཆོད་མེ་གྲངས་མེད་ཀྱི་ཚུལ་དུ་བཞད
སྙན་ངག་པ་རྣམས་ཀྱི་ལང་ཚོ  མར་ཁུ་དང་མཉམ་དུ་ཐགས1

མཚན་མོ་ཞིག་ལ
ཁྱོད་ཀྱིས་གཏམ་རྒྱུད་བཤད་ནས
ང་རང་ལུང་སྟོང་ཞིག་ཏུ་ཁྲིད
ལུང་བའི་ཕུག་གི་ཁ་མ་གྲག་པའི་བུ་མོས2
ང་ལ་སྐྱེ་བ་གསུམ་གྱི་སྡུག་བསྔལ་བཤད

མཚན་མོ་ཞིག་ལ
ཅེ་སྤྱང་གི་ངུ་ཟུག་དང་རོལ་མོ་བའི་ཆོ་ངའི་ཁྲོད་དུ
ང་རང་གཅེར་བུར་བུད་དེ
གངས་དང་ལྷགས་པ་ལུས་ལ་གྱོན
ཐག་རིང་ལ་འགྲོ་རྩིས་བྱས
སེམས་ཀྱི་བརྩེ་བ་ཡོད་ཚད
ལམ་ལམ་དུ་འཁྱུག་པའི་གློག་དམར་ལ་བསྲེ་རྩིས་བྱས

མཚན་མོ་ཞིག་ལ
 རླུང་འཚུབ་ཀྱི་ནང་གི
ཉེས་མེད་ཉེས་འགེལ་བྱས་པའི་རྣམ་ཤེས་འཁྱམ་པོ་དག་གི
རུས་པ་རྣོན་པོས ང་ཡི་སོག་སྲུབས་ལ་རྨ་ཁ་བཏོད
དགུ་ཚིགས་ཀྱི་དཔུང་བའི་ངོས་སུའང་རྨ་ཁ་བཏོད
༢༠༡༣ལོའི་ཟླ་༤བའི་ཚེས་༣༠ཉིན་ལན་ཀྲུ་ནས་བྲིས།

1 ཐགས་ནི་འབྲོག་སྐད་དེ། བཤེར་བའི་རིགས་དལ་མོར་འཛད་ཀྱིན་པའི་དོན།
2 བོད་ཀྱི་དམངས་སྒྲུང༼མི་རོ་རྩེ་སྒྲུང༽ནང་གི་མི་ཞིག

http://www.tibetcm.com/specialist/deydrol/2014-12-11/7027.html

མིང་མེད།༼རང་མོས༽

སྐྱབས་ཆེན་བདེ་གྲོལ།

ང་རང་སུ་ཞིག་གིས་བཟོས་ཏེ་བར་སྣང་འདིར་བཏགས་ཡོད་པ་འདྲ
ངའི་གློ་བས་གྲོགས་པོ་ཚོས་འཐེན་པའི་ཐ་མག་གི་དུ་བ་རྔུབ་ཅིང
དེ་ཉིད་ཕྱིར་བཏང་བའི་ཚེ་ན་ཁ་དོག་ཀྱང་མེད་པ་ལྟ་བུར་འདུག
ང་དང་འབྲེལ་བ་མེད་པའི་མི་དག་ཚོགས་འདུར་ཞུགས་པ་ཇི་བཞིན
ཐག་རིང་གི་ལྗོན་པའི་གསེབ་ན་ཁུ་བྱུག་དག་གྲག་བཞིན་འདུག

ཉི་མས་ང་རང་དུམ་བུ་གཉིས་སུ་བཏང
སྤང་གིས་ང་ལ་གདན་བཏིང
རྒྱ་མཚོས་ང་ཡི་འདོད་པ་འཕེལ་བར་བྱས
ནམ་མཁས་ང་རང་རྨི་ལམ་གྱི་གཟེབ་ཏུ་བཅུག
ང་ཡིས་ཟུངས་ཁྲག་གངས་རིའི་གསེབ་ཏུ་བཞུར

སྣང་བ་ཡོད་ཚད་བཟློག་ནས་ཚེ་སྲོག་གཅིག་བུ་སྲུང་དུས
དུས་ཚོད་ཁོ་ན་མ་ཡུམ་བཞིན་འདུག་པ་ལས
གཞན་ཅི་ཡང་མི་འདུག

རི་རྩེའི་གྲོག་ཚང་གིས་རླུང་འཚུབ་ཅིག་སྒུག་པ་ཇི་བཞིན
ངས་ཀྱང་འཆི་བདག་བསྒུགས་ཡོད

༢༠༡༣ལོའི་ཟླ་༨པའི་ཚེས་༢༢ཉིན།

http://www.tibetcm.com/specialist/deydrol/2014-12-11/7019.html

སྙན་ངག་པ།༼རང་མོས༽

སྐྱབས་ཆེན་བདེ་གྲོལ།

ཁོ་ནི་རྩིག་པའི་གསེབ་ཀྱི་རི་དྭགས་དང
འོད་ཀྱི་གསེང་དུ་སྦེད་པའི་གཟུགས་མེད་ཀྱི་སེམས་ཅན་ཞིག
ཁོས་མི་དྲེད་ཅིག་ལྟར་ཉི་མའི་ཕྱོགས་སུ་མཆན་རྡོ་འཕེན་ཞིང
གྲིབ་མ་ནག་པོའི་གསེང་གི་འབུ་སྲིན་དང་གྲོག་མ་རྣམས་གཅིར་བར་བྱེད

ཁོ་ནི་སྨྱོན་པ་ཞིག་རེད
དེ་བཞིན་ཁོ་ནི་སྙན་ངག་པ་ཞིག་རེད
མི་རྣམས་ཀྱིས་ཁོའི་རྩིབས་མའི་གསེང་ནས་སྙིང་དང་གློ་བ་མཐོང་ཐུབ
ཁོས་མི་རྣམས་ཀྱིས་བོར་བའི་རྨི་ལམ་དང་བརྩེ་བ་མཐོང་ཐུབ

ཁོ་ནི་མཁའ་དབྱིངས་སུ་རྐྱལ་བའི་ངང་བ་ཞིག་སྟེ
ཁོས་གཤོག་པ་རྡེབ་ཙམ་བྱས་པས
ཟླ་བ་དམར་པོ་དེ་ཁྲག་ནག་པོས་སྦགས་ཤིང
སྤྲང་མོ་ཚོས་གད་སྙིགས་སུ་དོར་བའི་བྱིས་པ་རྣམས་སླར་ཡང་ཐེངས་གཅིག་ངུ
ཁོས་སྤྲིན་དང་ཆར་བའི་གསེབ་ནས་རྣོ་སྦྲེང་དཀྲོལ་ཅིང
ཆུ་གྲང་མོ་ལས་མེ་དམར་པོ་སྐྱེ་རུ་འཇུག
ཁོས་བརྩེ་དུང་གི་རལ་གྲིས་གང་སར་གཡུག་ནས
མཛེས་མ་ཚོར་མཚན་ཁེབས་བཟོ་བྱེད་ཀྱི་རས་གོས་གཏུབ་

ཁྱོད་ཀྱིས་མཁར་གྱང་མཐོན་པོར་སྒོ་ལྕགས་བརྒྱབ་ནས
རང་ཉིད་ཇི་ལྟར་བསྲུངས་ཀྱང
ཁོ་རང་རོ་ལངས་ཤིག་ལྟར་ཁྱོད་ཀྱི་སྡོད་ཤག་གི་གནམ་གཅལ་དུ་ཡོད་དེ
ཁྱོད་རང་རྒས་པས་མནར་དུས
དེ་ལས་རུལ་དྲི་བསམ་གྱིས་མི་ཁྱབ་པ་ཞིག་འཐུལ་ཡོང

དེང་འདིར ཁོས་བཟི་བོ་ཞིག་མགོ་བོ་བསྐོར་ནས་ཐག་རིང་དུ་ཁྲིད་ཅིང
བཟི་བོ་དེའི་ཁོག་པའི་ནང་གི་ཨང་ཀི་རྣམས་ནང་ཁྲོལ་དང་འདྲ་བར
སྒོར་ཕྱུང་སོང

༢༠༡༢ལོའི་ཟླ་༦པའི་ཚེས་༡ཉིན།

ཟླ་བ།༼བཅད་མ༽

སྐྱབས་ཆེན་བདེ་གྲོལ།
            _____མདའ་ཚན་པ་བླ་མ་སྐྱབས་ལ་བྲིས་པ།

 

༄༅།། མཁའ་ཡི་ཟླ་བ།། རི་དྭགས་གཉིད་མ།། ང་ཡི་རྣམ་ཤེས།། གཟེབ་ཏུ་ཚུད་མ།། ཕྱི་ལ་བུད་ཀྱང་།།ནང་ལ་འཁྲེང་མ།། ལུས་ཀྱི་ཁུར་བོ།།རབ་ཏུ་ལྕི་མ།། ཞིབ་ཏུ་བསམ་ན།། སྡིག་པའི་སྣོན་མ།། ཟླ་བ་ཟླ་བ།། ནམ་མཁར་གཡེང་མ།། ང་དང་མི་རྣམས།། འཚང་ཁ་རྒྱག་མ།། དཔྱོད་ཀྱིན་དཔྱོད་ཀྱིན།། མགོ་བོ་འཁོར་མ།། རིག་པ་རྣོ་ཡང་།། ཆང་རག་བསྟེན་མ།། དེ་ཡིས་མནར་ནས།།གཉིད་དུ་འཐིབས་མ།།རྐས་ཐེམ་བར་ནས།། སྐྱེད་ཚལ་བཞད་མ།། ཁ་དོག་སྣ་ཚོགས།། ཕན་ཚུན་འཐབ་མ།། ཕྱེ་ལེབ་མང་པོ།།རྡུང་ག་རྒྱག་མ།།ཟླ་བ་ཟླ་བ།། རྨི་ལམ་གསལ་མ།། གློག་གི་རྩེད་མོ།། འཇིག་པ་མེད་མ།། ནམ་གུང་བར་དུ།། རྡོག་སྒྲ་གསལ་མ།། ཁང་བརྩེགས་གསེབ་ཏུ།། འདོད་སྲེད་འཁྲིགས་མ།། ངེད་ཅག་འབྲོག་པ།། སྙིང་ཆུང་ལྡིང་མ།། ཨར་འདམ་ཚ་བོ།།ཀུ་ཅོ་སྒྲོག་མ།། ཟླ་བ་ཟླ་བ།། སྤྱན་རས་གཟིགས་མ།། བརྩེ་བའི་འོད་ཀྱིས།། གོས་དཀར་བཟོ་མ།།འབུ་དང་གྲོག་མ།། ཤི་གོད་ཐེབས་མ།། གྲོང་དང་གྲོང་རྡལ།། སྤྲིན་དཀར་འཐིབས་མ།། དེ་ཡིས་བཏེགས་ནས།། སྟོང་བར་གྱུར་མ།། ང་དང་འགྲོ་བ།། དེ་ལ་སྦྲེལ་མ།།འཕྲུལ་འཁོར་དག་ནི།། མཆེ་བ་བགྲད་མ།། ང་རོའི་སྒྲ་དབྱངས།། ཁྲོ་ཆུ་བཞུར་མ།།གཉིད་དང་གཉིད་ལོག། མཉམ་དུ་བསྲེས་མ།། ཟས་དང་ནད་ཀྱིས།། རབ་ཏུ་མནར་མ།། ཟླ་བ་ཟླ་བ།། སྒྱུ་མའི་ཨ་མ།། སྒྲ་གཅན་བདུད་པོས།། ལན་ཅིག་བཟའ་མ།། བར་དོའི་གནས་ནས།། ཕྱི་མིག་ལྟ་མ།། སླར་ཡང་སྐྱེས་ནས།། མེ་ཏོག་འདེབས་མ།།འབྲས་བུའི་འོད་དང་།།ཟིལ་བ་ལྕི་མ།།མིག་གི་བུང་བ།། ཀེམ་ཀེམ་གཡོ་མ།།མཛེས་པའི་ལྕང་ལོ།། ཆུ་མིག་བཞུར་མ།།སྙན་ངག་འདི་ནི།།སྣང་བ་འཁྱུག་མ།།

 

༢༠༡༣ལོའི་ཟླ་༧པའི་ཚེས་༢༧ཉིན་སོག་ཡུལ་གྱི་རྒྱལ་ས་ཨོ་ལན་པཱ་ཐུར་ནས་བྲིས་པའོ།།

Leave a Comment

Your email address will not be published. Required fields are marked *

*