བོད་ཀྱི་ཟ་ཁང་དག་ལ་ཕུལ་བའི་བསམ་ཚུལ་འགའ།


བོད་མིའི་ཁྲོམ་དུ་ཟ་ཁང་གསར་པ་ཞིག་ཕྱེ་ཡོད་པ་སྔ་ནས་གོ་ཐོས་བྱུང་ཡང་ལས་བྲེལ་གྱི་དབང་གིས་ཡུན་རིང་པོ་ཞིག་ལ་འགྲོ་ཁོམ་མ་བྱུང་། ད་ཐེངས་ཀྱི་གཟའ་སྤེན་པ་ལ་ཆེད་དུ་གྲོགས་པོ་གྲོགས་མོ་འགའ་ཤས་དང་མཉམ་དུ་ཟ་ཁང་དེའི་ནང་སོང་བ་ཡིན། སྤྱི་ང་ཚོའི་སྒོར་མོ་ཁ་ཤས་དེས་བོད་པའི་ཟ་ཁང་དག་ཕྱུག་པོ་ཆགས་མི་སྲིད་ལ། ང་ཚོ་ལྟ་བུའི་འགྲུལ་པ་ཁ་ཤས་མེད་སོང་ན་ཡང་ཁོ་ཚོ་ལ་གྱོང་གང་ཡང་ཐེབས་སྲིད་རྒྱུ་མ་རེད། ད་དུང་ང་ལྟ་བུའི་ཁ་ངན་པའི་འགྲུབ་པ་མ་ཡོང་བ་ཤོག་ཟེར་ནས་ཞབས་ཞུ་བ་ཚོས་སྨོན་ལམ་བརྒྱབ་བཞིན་ཡོད་ན་ཡང་ཐང་། གང་ལྟར་ཡང་ང་རང་ལ་མཚོན་ན་བོད་མིའི་ཁྲོམ་དུ་འགྲོ་དུས་ནམ་ཡང་བོད་པའི་ཟ་ཁང་རེ་བཙལ་ནས་འགྲོ་བཞིན་ཡོད་ལ། དུས་ཚོད་རིང་པོ་རེ་ཡོད་དུས་ནམ་ཡང་བོད་པའི་ཟ་ཁང་ནང་འགྲོ་བཞིན་ཡོད། འདི་ནི་ང་མི་གཅིག་ཡིན་རྒྱུ་མ་རེད་གྲོང་ཁྱེར་ཆེན་པོ་ནང་འདུག་པའི་བོད་མི་ཚང་མ་འདི་འདྲ་ཡིན་རྒྱུ་རེད། གང་ལགས་ཟེར་ན་གྲོང་ཁྱེར་ཆེན་པོ་ནང་འགྲན་རྩོད་ཆེ་བས་ཟ་ཁང་དང་ཚོང་ཁང་། ལས་ཀ་སོགས་བྱས་ནས་ཡག་པོ་རེ་ཡོང་རྒྱུ་ནི་དངོས་གནས་ལས་སླ་བོ་ཞིག་མ་རེད། དེར་བརྟེན་གྲོང་ཁྱེར་ཆེན་པོ་ན་ཡོད་པའི་སྤུན་ཟླ་བར་ལ་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་རེ་སྙམ། དེ་འདྲའི་བསམ་པ་ཞིག་བཟུང་ནས་གསར་དུ་ཕྱེ་བའི་བོད་ཀྱི་ཟ་ཁང་ནང་དུ་སོང་བ་ཡིན། ཡིན་ཡང་བོད་ཀྱི་ཟ་ཁང་གང་མང་ཞིག་དང་འདྲ་བ་ཞབས་ཞུ་དང་ཟ་མ་ལས་ཡུན་ཚང་མའི་ཐད་ནས་ཡིད་ཕངས་པོ་བྱུང་བ་མ་ཟད། ཞབས་ཞུ་མ་ཞིག་ལ་ཆུ་ཚོད་ཕྱེད་ཀ་འགོར་སོང་ད་དུང་དཀྲུག་ཇ་ཁུར་མ་ཡོང་ན་འགྲོ་རྒྱུ་ཡིན་ཟེར་བའི་ཚིག་ཅིག་ཀྱང་ཁ་ནས་རང་དབང་མེད་པ་ཤོར་སོང་། སྒོར་མོ་འདི་འདྲ་མང་པོ་ཞིག་བཏང་ནས་ཟ་ཁང་འདི་འདྲ་ལེགས་པོ་ཞིག་བཙུགས་པ་ནི་དངོས་གནས་ལས་སླ་བོ་ཞིག་མ་རེད། དེར་བརྟེན་ང་རང་སེམས་དཀར་ཁུལ་བྱས་ནས་གཤམ་གྱི་བསམ་ཚུལ་འགའ་བཏོན་པ་ཡིན།

དང་པོ། ཟ་མ་བཟང་པོ་ཞིག་ལས་རྒྱུ་ནི་གཙོ་བོའི་ནང་གི་གཙོ་བོ་རེད།

དེ་ཡང་ཟ་ཁང་གང་དང་གང་ཞིག་ཡིན་རུང་ཐོག་མ་བཙུགས་པའི་སྐབས་ནས་བསམ་བློ་གཏོང་ཕྱོགས་གཙོ་བོ་འདི་ཡིན་རྒྱུ་རེད། དེའི་ཕྱིར་ཟ་ཁང་གཅིག་ལ་ངེས་པར་དུ་ཁྱད་ཆོས་ལྡན་པ་ཡང་ན་བྲོ་བ་དམིགས་གསལ་ལྡན་པའི་ཟ་མ་ཞིག་དགོས། དེ་ཡང་ཤ་མི་ཟ་བའི་ང་ལྟ་བུ་ཞིག་ལ་མཚོན་ན། ངས་ཟ་ཁང་འདི་ཚང་གི་ཤ་མེད་ཐུག་པ་ཞིམ་པོ་འདུག ཟ་ཁང་དེ་ཚང་གི་ཞོག་ཁོག་མོག་མོག་ཞིམ་པོ་འདུག་སོགས་ཟེར་བ་བཞིན། གཞན་པ་ཚོས་ཀྱང་ཟ་ཁང་ཞིག་གླེང་ཡོང་དུས་ཟ་མ་ག་གེ་མོ་ཞིག་ངེས་པར་དུ་ཡིད་ལ་དྲན་དུ་བཅུག་པ་བྱ་དགོས་ལ། དེ་དང་མཉམ་དུ་ཟ་མ་གཞན་དག་ཀྱང་སྤུས་དག་པ་ཞིག་ལས་རྒྱུ་ཧ་ཅང་གལ་ཆེ་སྙམ།

གཉིས་པ། ངེས་པར་དུ་ཟ་མ་ལས་ཡུན་དེ་ཇེ་ཐུང་གཏོང་དགོས།

དེང་སང་བོད་མིའི་ཁྲོམ་དུ་ཟ་ཁང་གཅིག་གཉིས་ཙམ་མ་གཏོགས་ཕལ་ཆེར་ཟ་མ་ལས་ཡུན་དེ་ཆུ་ཚོད་གཅིག་ནས་ཆུ་ཚོད་གཅིག་དང་ཕྱེད་ཀ་བར་འགོར་གྱིན་འདུག དེར་བརྟེན་ལས་བྲེལ་ཡོད་པའི་མི་ཞིག་ཡིན་ན་བོད་ཟས་ཁང་དུ་འགྲོ་གྲངས་ཧ་ཅང་ཉུང་། ང་རང་ཚོའི་བར་དུ་ཡང་རྒྱུན་དུ་སྐད་ཆ་འདི་འདྲ་ཞིག་བཤད་བཞིན་ཡོད། རྗེས་མ་ཁོམ་པ་ཡོད་དུས་བོད་ཟས་ཟ་འགྲོ། ཁ་སང་ཡང་དེ་བཞིན་ཆུ་ཚོད་ཕྱེད་ཀྱི་རྗེས་ལ་ངས་མངགས་པའི་ཟ་མ་དང་པོ་དཀྲུག་ཇ་ཁུར་སོང་ལ། ཆུ་ཚོད་གཅིག་དང་ཕྱེད་ཀའི་རྗེས་སུ་ངས་མངགས་པའི་ཟ་མ་རྟིང་མ་ཞོག་ཁོག་མོག་མོག་ཁུར་སོང་། དེ་འདྲ་བྱས་ན་ལས་བྲེལ་ཡོད་པ་དང་སྒུག་རྒྱུ་ལ་མི་དགའ་བའི་འགྲུལ་པ་མང་པོ་ཞིག་ཡོང་རྒྱུ་མ་རེད། གལ་ཏེ་ཟ་མ་ལས་ཡུན་གྱི་དུས་ཚོད་ཇེ་ཐུང་དུ་གཏོང་ཐུབ་ན། འགྲུབ་པ་འདུག་པའི་དུས་ཚོད་ཇེ་ཐུང་དུ་གཏོང་ཐུབ་ལ་རྗེས་ཀྱི་འགྲུབ་པ་ཚོ་ཡང་འདུག་ས་ཡོད། ད་དུང་ལས་བྲེལ་ཆེ་བ་རྣམས་ཀྱང་བོད་ཟས་ཟ་མཁན་དུ་ཡོང་རྒྱུ་རེད། དེ་འདྲ་ཡིན་ན་ཚོང་དེ་རང་བཞིན་དུ་ཇེ་ཡག་འགྲོ་སྲིད།

གསུམ་པ། ངེས་པར་དུ་གཙང་སྦྲ་ཡག་པོ་དགོས།

འདི་ནི་ཆེད་དུ་ཟ་ཁང་བཙུགས་ནས་ཡུན་རིང་འགོར་བ་རྣམས་ལ་བཤད་པ་ཡིན། གྲོང་ཁྱེར་ཆེན་པོ་ནི་བོད་ཁུལ་ནང་བཞིན་ས་གཙང་མ་དང་མཁའ་དབུགས་གཙང་མ་ཡོད་མ་རེད། དེར་བརྟེན་གཙང་སྦྲ་ཡག་པོ་བྱ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་རེད་འདོད། དེ་ཡང་ང་ལ་གྲོགས་པོ་ཤིག་གིས་སྤྱི་ང་རང་བོད་ཟས་ཟ་རྒྱུ་ལ་ཧ་ཅང་དགའ་ལ་ད་དུང་བོད་མིའི་ཁྲོམ་ལམ་གྱི་ཟ་ཁང་ག་གེ་མོ་ཞིག་གི་ནང་རྒྱུན་དུ་འགྲོ་བཞིན་ཡོད་ཟེར། ཡིན་ཡང་ཉིན་ཞིག་ལ་དེ་ཚོའི་ཇ་ཁང་དུ་བསེ་སྦྲང༼蟑螂༽་མང་པོ་ཞིག་རྒྱུགས་བཞིན་ཡོད་པ་མཐོང་སོང་། དེ་ནས་བཟུང་ཟ་ཁང་དེའི་ནང་སོང་མ་མྱོང་ཟེར། སྐབས་དེ་དུས་ངས་མ་དགའ་བའི་རྣམ་འགྱུར་སྟོན་ནས་བོད་ཀྱི་ཟ་ཁང་ནང་མིན་ན་ཡང་ཡོད་པའི་སྐོར་གྱི་སྐད་ཆ་མང་པོ་ཞིག་བཤད་ཡོད། ཡིན་ཡང་ཞིབ་ཏུ་བསམ་བློ་ཞིག་གཏོང་ན་འདི་ནི་ངོ་མ་གནད་དོན་ཞིག་རེད་འདོད་ཀྱིན་ཡོད། འདི་ནི་གཙོ་བོ་གཙང་སྦྲ་ལ་ཡིད་གཟབ་མ་བྱེད་པའི་གནད་དོན་ཞིག་རེད། དེའི་ཕྱིར་ཟ་ཁང་ཞིག་ཡིན་ཕྱིར་ངེས་པར་དུ་གཙང་སྦྲའི་ཐད་ལ་ཧ་ཅང་གཟབ་དགོས་སྙམ་གྱིན་ཡོད། དེ་ཡང་ཉིན་རེ་ལ་དུས་ཚོད་གཏན་འཁེལ་བྱས་ནས་གཙང་སྦྲ་ཡག་པོ་རེ་བྱ་རྒྱུ་གལ་ཆེན་སྙམ། གསར་དུ་ཕྱེ་བའི་ཟ་ཁང་དེ་ལ་མཚོན་ན་གནས་སྐབས་གཙང་མ་འདུག་ལ་དེ་རྒྱུན་འཁྱོངས་བྱ་རྒྱུ་གལ་ཆེ་སྙམ།

བཞི་པ། ཞབས་ཞུ་བྱེད་མཁན་ཚོ་ལ་ངེས་པར་དུ་སྦྱོང་བརྡར་བྱ་དགོས།

བོད་ཀྱི་ཟ་ཁང་གང་མང་ཞིག་ནང་གི་ཞབས་ཞུ་བྱེད་མཁན་ཚོའི་རྣམ་འགྱུར་དེ་འདྲ་ལེགས་པོ་མི་འདུག འདི་ཡང་ཧ་ཅང་གལ་ཆེན་ཞིག་རེད་སྙམ་བཞིན་ཡོད། ཟ་མ་ཟ་མཁན་ཚོ་ཟ་ཁང་འདིའི་ནང་འཛུལ་མ་ཐག་ཏུ་དགའ་བའི་འཛུམ་གྱིས་བསུ་མཁན་ཞིག་ཡོད་ན། ཁྱིམ་ལ་ཐོན་པའི་སྣང་བ་ཞིག་ཡོད་ན། ཟ་མ་མངགས་པའི་སྐབས་སུ་ཡང་ཞིབ་ཏུ་ཉོན་ནས་ཐོ་འགོད་ལ་ད་དུང་ཁྱེད་ལ་གཞན་པ་ཨེ་དགོས། ཡ་ལགས་སོ། ། དེས་ན་ཅུང་སྒུག་རོགས་སོགས་གུས་ཞབས་ཀྱི་རྣམ་པ་རེ་ཡོད་ན། ཞབས་ཞུ་བྱེད་མཁན་ཞེས་འབོད་མ་ཐག་ཏུ་ཨ་ཟེར་ནས་འཛུལ་དམུལ་དམུལ་ངང་ཁྱེད་ལ་ཅི་དགོས་ཟེར་ནས་འདྲི་མཁན་ཞིག་ཡོད་ན། གལ་ཏེ་ཟ་མ་ཁུར་རྒྱུ་ཅུང་འགོར་སོང་ན་དགོངས་པ་མ་ཚོམས་ཁྱེད་ཀྱིས་ཟ་མ་ཡུན་རིང་སྒུག་དགོས་ཡོང་ཐལ་ཞེས་གུས་གུས་ཞབས་ཞབས་ཀྱིས་ཟེར་མཁན་ཞིག་ཡོད་ན། ཞབས་ཞུ་བྱེད་ས་ཡང་མི་ཞིག་ཡིན་པས། འདི་འདྲའི་རྣམ་འགྱུར་ལ་དགའ་ངེས་ཤིང་རྗེས་མ་ལ་ཡང་ཡོང་བའི་བསམ་པ་ཡོད་ངེས། དེ་ལས་ལྡོག་ཏེ་ཐེངས་མ་དྲུག་བདུན་འབོད་ན་ཡང་ཨ་ལན་མེད་ཅིང་བསྐྱར་དུ་འབོད་ན་མི་དགའ་བའི་རྣམ་འགྱུར་སྟོན་ལ། ཡོང་དུས་བསུ་མཁན་མེད་ལ་འགྲོ་དུས་སྐྱེལ་མཁན་མེད་པ། འདི་འདྲ་ཡིན་ན་ཟ་མཁན་ཇེ་ཉུང་འགྲོ་རྒྱུ་རེད་འདོད། དེས་ན་རྒྱ་ཡི་ཟ་ཁང་ནང་བཞིན་སྔ་མོ་ལས་ཀ་འགོ་མ་བཙུགས་དུས་དེ་རིང་ཞབས་ཞུ་བྱེད་མཁན་ཚོས་ཟེར་དགོས་བའི་ཚིག་དང་ངོ་ཡི་རྣམ་འགྱུར་སོགས་སྦྱོང་བརྡར་བྱ་རྒྱུ་ཡང་གལ་ཆེ་སྙམ།

ལྔ་པ། མི་སོ་སོ་ལ་འགན་གསལ་པོ་སྤྲོད་དགོས།

བོད་ཟས་ཁང་ཞིག་ལ་མཚོན་ན་ཉིན་གུང་དང་ཕྱི་དྲོར་འགྲུལ་པ་མང་ཤོས་རེད། དེས་ན་སྐབས་དེ་དུས་ཞབས་ཞུ་བྱེད་མཁན་ཚོ་སོ་སོ་ལ་འགན་གསལ་པོ་ཞིག་སྤྲོད་དགོས། དེ་ཡང་དཔེ་གསར་དུ་ཕྱེ་བའི་ཟ་ཁང་དེ་ལ་ཆ་མཚོན་ནས་བཤད་ན། སྤྱི་ཞབས་ཞུ་བྱེད་མཁན་མི་མང་པོ་ཞིག་འདུག་ལ། ཟ་ཁང་ཚང་མར་མིས་གང་ཡང་ཞབས་ཞུ་བྱེད་མཁན་ཚོས་འདང་ས་རེད། ཡིན་ཡང་ཁོ་ཚོ་ལ་ཁྱེད་ཀྱི་འདི་ལས་ཁོས་འདི་ལས་ཟེར་ནས་གསལ་པོ་ཞིག་བཀོད་སྒྲིག་བྱེད་མེད་པས། འགྲུལ་པ་ཅུང་མང་ཡོང་དུས་རང་རང་གི་ལས་ཀ་གང་ཡིན་གསལ་པོ་ཞིག་མ་ཤེས་ནས་ཡར་རྒྱུགས་མ་རྒྱུགས་བྱས་པས། འགྲུལ་པ་མང་པོ་ཞིག་གིས་ཞབས་ཞུ་བྱེད་མཁན་ཚོ་ལ་ཟ་མ་མངགས་དགོས་ཟེར་ནས་ཡང་དུ་བསྐྱར་དུ་འབོད་ན་ཡང་ཡོང་མཁན་མི་འདུག འདིའི་ཐད་ལ་ཡང་དོ་སྣང་བྱས་ནས་འགན་དེ་ཚོ་ར་རེ་བཞིན་བཀོད་སྒྲིག་བྱ་རྒྱུ་དེ་གལ་ཆེན་པོ་རེད་སྙམ།

དྲུག་པ། ཞོར་དུ་ཞུ་རྒྱུ་ཞིག

དེང་སང་ཟ་ཁང་མང་པོ་ཞིག་ཏུ་ཐང་ཀ་གང་མོས་ངང་བཤམས་འདུག འདིར་ཕྲན་གྱིས་ལྟ་ཚུལ་ཡིན་ན་ཡག་པོ་མི་འདུག་སྙམ། ཆང་འཐུང་ས། ཤ་ཟ་ས། དུ་བ་འཐེན་ས། འདི་འདྲའི་གནས་ཤིག་ལ་གནའ་ནས་ད་བར་དུ་སྙིང་དབུས་ནས་དད་སའི་ཐང་ཀ་རེ་བཤམས་ནས་འདུག་ན་མི་འགྲིག་སྙམ། ཁྱིམ་ཚང་རེ་རེ་ལ་ལྷ་ཁང་ཡང་ན་མཆོད་ཁང་ཟེར་བ་ཞིག་ཡོད་པ་ཐང་ཀ་བཤམས་ས་ནི་དེ་ན་རེད་སྙམ། དེ་ཡང་རང་གི་རིག་གནས་ལ་རང་གི་རྩ་ཆེན་འཛིན་ཞིང་རང་གི་སྲོལ་རྒྱུན་བཟང་པོ་རང་གིས་རྒྱུན་སྐྱོང་ནས་མ་ཡོང་ན། གཞན་གྱིས་ནི་དུས་ནམ་ཡང་བརྩི་ལ་བཀུར་དགོས་ཟེར་ནས་མི་ཡོང་། འདིའི་ཐད་ལ་ཡང་དོ་སྣང་རེ་བྱ་དགོས། ང་ཚོས་ཀྱང་སོག་པོའི་ཟ་ཁང་ལ་དཔེ་བྱས་ནས་བོད་རང་གི་དཔའ་བོའི་སྐུ་པར་རྣམས་བཤམས་ན་ཧ་ཅང་ལེགས་སྙམ།
སྤྱི་ཕྲན་ལ་མཚོན་ན་འདིའི་ཐད་ལ་ཉམས་མྱོང་སོགས་གང་ཡང་མེད། ཡིན་ཡང་ང་རང་བོད་ཟས་ལ་དགའ་ཞིང་བོད་པ་ལ་དུང་བའི་མི་ཞིག་ཡིན་པའི་ཆ་ནས་འདིའི་ཕྱོགས་ལ་ཡང་གཟབ་དགོས་ཀྱིན་འདུག་སྙམ་ནས་རང་གི་བསམ་ཚུལ་ཙམ་བཤད་པ་ཡིན། གལ་ཏེ་མ་བསམ་ས་ཕོག་ཐུག་འདྲ་སོང་ན་དགོངས་འགལ་མེད་པ་ཞུ་ཟེར་བ་དེ་ཡིན།
གནས་ཚུལ་ཡོངས་ཁུངས http://blog.amdotibet.cn/yucuo/archives/44290.aspx

Leave a Comment

Your email address will not be published. Required fields are marked *

*