བཙོན་ནས་སྤྲིངས་པའི་འཕྲིན་པ་ཐེངས་བཅུ་གཅིག་པ།

གྲོགས་པོ། ཁམས་བདེ། འུ་ཅག་གི་གཅེས་ཕྲུག་ཤར་གྱི་གནས། དུང་གི་མདོག རིའི་གཟུགས། ཡི་གེའི་ཁྲབ། བསམ་བློའི་སྲོག་ཅན་དེ་རྐྱེན་ངན་བར་ཆད་མེད་པར་བདེའམ། ད་ལྟ་ལོ་ན་སོ་དུ་ལ་བུད་ཟིན། སྨྲ་ལྕེ་དང་སྒལ་ཚིགས་རང་དབང་ན་གནས་སམ། ཞོགས་དང་འགྱན་དང་བྱང་དང་མེ་སོགས་བདེ་སྒང་དུ་གནས་སམ། ཆར་རླུང་ཁྲོད་སྐད་སྒྲ་སྒྲོག་གིན་འདུག་གམ། ད་རུང་།

སྤུན་ཟླ་མཆེད་གྲོགས་ཞོགས་ལྗང་། རྣོ་སྦྲེང་། སྤྱན་དུངས། སྒྲེན་པོ་སོགས་བདེ་མོ་ཡིན་ནམ། ནུབ་བྱང་ཚང་གི་རུ་ཐུར་དང་འཛུམ་དྲུག་སྔར་ལྟར་རྣོ་ངར་དང་འོད་སྣང་གིས་ཡོད་དམ། ཐུན་མོང་གི་རྨི་ལམ་ལ་སྨོན་ལམ་གཅིག་ཏུ་འདེབས་པའི་རོགས་ཚོའི་བསམ་དོན་ལྷུན་གྱིས་འགྲུབ་པར་སྨོན། འདི་ན། ལས་དབང་གཅིག་པ་གཉན་དང་། མགར་མི། སྤྱང་ནག གཙག་འབིག ཅོ་ལེབ་ཟླ་བ་སོགས་བདེ་བར་ཡོད་ལ། གནས་གང་ལ་སོང་ཀྱང་སྐད་ནི་སྐད་སྒྲ་ཡིན་པའི་བདེན་པ་སྒྲོག་གིན་སྲུང་ཡོད།

འདི་ན། རོ་དང་མཚུངས་པའི་ལུས་པོ་ནང་ལ་བཏགས་ཀྱང་། གསེར་དང་མཚུངས་པའི་རྣམ་དཔྱོད་ཕྱོགས་སུ་མཆེད་ཡོད། ཐོལ་སི་ཏའོ་དང་། རུའུ་སོལ། དབྱི་ཀོ་བྷོ་རྡི་ལིར་སོགས་སྐྱེས་བུ་ཆེན་པོའི་ཤེས་རབ་བློ་མིག་གིས་ང་ལ་རང་དབང་གི་ནམ་མཁའ་མཐའ་མེད་པ། འོད་གསལ་བ། དཀྱེལ་ཡངས་བ་གནང་ཡོད། གྲོགས་པོ། དེས་ང་ལ་ཐུན་མོང་ཐོན་སྐྱེད་རིང་ལུགས་བའི་མུན་ནག་གི་ངོ་གདོང་གཞན་ཞིག་མཐོང་དུ་བཅུགས་སོང་བ་མ་ཟད། སྤྱི་ཚོགས་ཅེས་པའི་མགར་ཁང་དེའི་ལྗན་ལྗིན་དང་། རྫབ་རྫོབ། གཞོག་གཏུབ་ལས་རང་ཉིད་བོར་བའི“ལན་ཆགས”ཉོ་དགོས་མ་སོང་ཡེ། གཞུང་གི་བྱ་བ་དང་སྒེར་གྱི་ཕུག་བསམ་གཉིས་ཀའི་གདམ་ག་ལས་ཁྱོད་ཀྱིས་དངོས་ནས་རང་ཚུགས་ཟིན་སོང་། གལ་ཏེ། ངའང་བདེ་ལེགས་ངང་མཐར་ཕྱིན་ཚེ། གདམ་ག་ཅི་ཞིག་བྱེད་དམ། བཤད་དཀའ་མོ་རེད་སོང་། ཁྱོད་ཀྱི་གདམ་ག་དེར་ཡི་རང་དང་མོས་གུས་བསྐྱེད་དོ།

གྲོགས་མེ་ལྕེས་གཙོ་སྒྲིག་བྱས་པའི་བློ་འབྱེད་ཀློག་དེབ《ན་གཞོན་རབ་བྱེད》ཀློག་སྐལ་ལྡན་སོང་། མི་ཆེན་གསུམ་འཛོམས(ཕྱི་གླིང་བ། རྒྱ་དང་བོད།)ཀྱི་ཤེས་རབ་གཅིག་འདུས་ཀྱི་དེབ་དེ་ཞེ་དྲག་ལེགས་པོ་འདུག ངོ་སོ་བསྟོད། འདིར་ང་ལ་དཔེ་དེབ་ཁ་ཤས་མཁོ་བ་ཡོད་པས་ཉིད་ནས་བཙལ་ཏེ་སྐུར་རོགས་ཞུ། ཞལ་དྲོ་བཀྲ་ཤིས།

2012ལོའི་ཟླ9པའི་ཚེས་26ཉིན་ཐེའུ་རང་གིས་རྒྱ་ནག་མཱེན་དབྱང་བཙོན་ཁང་ནས་ཕུལ།

[ གདོན། ] [ 2012-11-4 ]

གནས་ཚུལ་ཡོངས་ཁུངས: http://www.sangdhor.com/blog_c.asp?id=9293&a=dong

 

Leave a Comment

Your email address will not be published. Required fields are marked *

*