ཟླ་༡ ཚེས་ ༤ ཉིན། དུས་དབང་ཉིན་བཞི་བའི་སྔོན་འགྲོའི་གསུང་ཆོས་གྲུབ་རྗེས། གསར་དུ་འོས་འདེམས་བྱས་པའི་བཀའ་བློན་ཁྲི་བ་(བཙན་བྱོལ་བོད་པའི་སྲིད་བློན།) བློ་བཟང་སེང་གེ་ལགས་ཀྱིས་གསུང་བཤད་གནང་། ཁོང་གིས་བོད་ནང་རང་ལུས་མེར་སྲེག་གནང་མཁན་གྱི་བོད་མིའི་དཀའ་སྡུག་མནར་གཅོད་གསེད་བཀྲོལ་གནང་བར་བཀའ་དྲིན་དང་། རང་ལུས་མེར་སྲེག་གཏོང་མཁན་ཚོའི་མཚན་དང་། དགུང་ལོ་སོགས་རེ་རེ་བཞིན་བཀླགས་པ་ལའང་ཐུགས་རྗེ་ཆེ་ཞུ། ༧གོང་ས་ཏྰ་ལའི་བླ་མའི་ཞལ་ལ་སྐབས་དེར་ཆེས་སྐྱོ་གདུང་གི་ཉམས་ཤིག་མངོན་པ་ནི་ཇི་འདྲིའི་སེམས་ལ་གཡོ་འགུལ་ཐེབས་པ་ཞིག་རེད། ཡིན་ཡང་ཧ་ཅང་གལ་གནད་ཆེ་བའི་འདུ་འཛོམས་འདིའི་ཐོག བཀའ་བློན་ཁྲི་བས་༢༠༠༩ ལོར་བོད་ནང་བྱུང་བའི་རང་ལུས་མེར་སྲེག་གི་དོན་རྐྱེན་ཐོག་མ་དེ་གླེང་མ་སོང་ལ། ཁོང་གིས་བཀླགས་པའི་མཚན་གཞུང་ནང་དུའང་། བོད་ནང་རང་ལུས་མེར་སྲེག་གཏོང་མཁན་གྱི་བོད་མི་ཐོག་མ་སྟེ། བཀྲ་བྷེ་མི་འདུག
ངས་རང་ཅག་གི་བཀའ་བློན་ཁྲི་བ་མཆོག་ལ་འདྲི་རྒྱུར། འདི་དོན་ངོ་མར་ག་རེ་བྱས་ནས་རེད།
བཀའ་བློན་ཁྲི་བས་མ་ཤེས་པ་ཡིན་ནམ། ཁོང་ལོ་སྔོན་མའི་ཟླ་ ༡༡ ཟླ་མཇུག་ཏུ་ཡུ་རོབ་ནང་གཟིགས་སྐོར་དུ་ཕེབས་ཏེ་བོད་ནང་གི་གནས་སྟངས་སྙན་སྒྲོན་ཞུས་སྐབས། བོད་མིའི་རང་ལུས་མེར་སྲེག་གི་གྲངས་ཀ་གཅིག་ཉུང་བཤད་བྱས་ཡོད། སྐབས་དེར་ངས་དྲ་ཟིན་དང་ངོ་དེབ་བརྒྱུད་ནས་དྲན་སྐུལ་བཏང་བ་ཡིན། བོད་ནང་གི་རང་ལུས་མེར་སྲེག་གི་དོན་རྐྱེན་དང་པོ་༢༠༠༩ ལོའི་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་བྱུང་བ་དང་། རང་ལུས་མེར་སྲེག་གནང་མཁན་ཐོག་མ་ནི། ཨ་མདོ་རྔ་བ་ཀིརྟི་དགོན་པའི་དགུང་ལོ་ ༢༠ ལ་སོན་པའི་དགེ་འདུན་པ་བཀྲ་བྷེ་རེད། ཁོས་རང་སྲོག་བློས་བཏང་བ་ལ་སྣང་ཆུང་མ་གནང་རོགས། ཁོང་གི་རང་ལུས་མེར་སྲེག་སྐབས་རྒྱ་དམག་གིས་མེ་མདའ་བརྒྱབས་པ་དང་ཡ་ངའི་མནར་གཅོད་བཏང་ཡོད། དེ་རིང་བར་གར་སོང་ཆ་མེད་དང་། ཤི་གསོན་ངེས་མེད་ཆགས་ཡོད། སྐུ་མཁྱེན། བཀྲ་བྷེ་མ་བརྗེད་པ་གནང་རོགས།
སྐབས་དེར་བྱེས་བཞུགས་སྤུན་ཟླ་ཞིག་གིས་དྲ་ལམ་ནས་ང་ལ། ངའི་དྲན་སྐུལ་དེ་དག་བཀའ་བློན་ཁྲི་བར་བརྡ་ལན་སྤྲད་ཟིན་ཚུལ་དང་། བཀའ་བློན་ཁྲི་བས་ཀྱང་དེ་དོན་མཁྱེན་ཆུབ་བྱུང་བའི་རྣམ་འགྱུར་བསྟན་སོང་ཟེར། དེས་ང་ལ་སེམས་གསོ་ཞིག་ཐེབས་ཤིང་། རང་ཅག་གི་བཀའ་བློན་ཁྲི་བས་ཁོང་གི་གསུང་སྟངས་ལ་བཟོ་བཅོས་གནང་ངེས་ཡིན་པའི་ཡིད་ཆེས་བྱས། རྒྱུ་མཚན་ཁོང་གི་ཞལ་སྔ་ནས་ཀྱང་། བོད་མིའི་རང་ལུས་མེར་སྲེག་ནི་‘‘གྲངས་ཀ་ཙམ་མིན་པར། དེས་ཚེ་སྲོག་མཚོན་གྱི་ཡོད།’’ཅེས་གསུངས་མྱོང་ཡོད་པས་ཡིན། ཟླ་གཅིག་ལྷག་འགོར་རྗེས། བཀའ་བློན་ཁྲི་བས་ཐེངས་འདིའི་གལ་ཆེའི་བསྔོ་སྨོན་མཆོད་འབུལ་གྱི་མཛད་སྒོའི་ཐོག བོད་ནང་གི་རང་ལུས་མེར་སྲེག་གནང་མཁན་ཚོའི་མཚན་གཞུང་ཀློག་སྐབས། དེ་སྔའི་གསུང་སྟངས་ལ་བཟོ་བཅོས་བྱས་ཡོད་པ་དངོས་འབྲེལ་ཡིན་ནའང་། ‘‘༢༠༡༡ ལོ’’ ཁ་སྣོན་ཙམ་བྱས་ནས་དུས་བཅད་བཟོས་ཡོད། བཟོ་བཅོས་བྱེད་སྟངས་འདིས་མུ་མཐུད་ནས་བཀྲ་བྷེ་ཟུར་ལ་བཏོན་ཡོད། འདི་ལ་དམིགས་བསལ་སྐྱོན་སེལ་མ་བྱས་ཀྱང་འགྲིག རྒྱུ་མཚན། ༢༠༡༡ ལོའི་རང་ལུས་མེར་སྲེག་གི་གྲངས་འབོར་ལ་བཀའ་བློན་ཁྲི་བས་གསུང་ནོར་ཐེབས་མེད། འོན་ཀྱང་། བཟོ་བཅོས་བྱེད་སྟངས་འདིས་ཏག་ཏག་གྲངས་ཀའི་སྒང་ནས་གླེང་གཞི་བཟོ་བཞིན་ཡོད་པ་མིན་ནམ། འདིས་རང་ལུས་མེར་སྲེག་གནང་མཁན་གྱི་སྤུན་ཟླ་ཚོ་གྲངས་ཀ་མང་ཉུང་གི་ངོ་བོར་བསྒྱུར་བཞིན་ཡོད་པ་མིན་ནམ།
ངས་འདྲི་འདོད་པ་ནི། བཀའ་བློན་ཁྲི་བས་ག་རེ་བྱས་ནས་བཀྲ་བྷེ་ཟུར་འདོན་བྱེད་པར་ཨུ་ཚུགས་མཐར་སྐྱེལ་གནང་གི་ཡོད་པ་རེད། བཀྲ་བྷེ་བོད་དོན་ཆེད་རང་སྲོག་བློས་གཏོང་བྱས་པའི་ཚེ་སྲོག་ཅིག་མ་ཡིན་ནམ། བཀྲ་བྷེ་ ༢༠༡༡ ནས་༢༠༡༢ བར་བོད་ནང་རང་ལུས་མེར་སྲེག་གནང་མཁན་༡༥ བྱུང་ཡོད་པ་དག་གི་ཆེས་ཐོག་མའི་མིག་དཔེ་དེ་མ་ཡིན་ནམ། བཀྲ་བྷེའི་ནང་མི་དང། ཕ་ཡུལ་གཅིག་པ། ཆོས་གྲོགས་ཚོས་ངང་སྒུག་དང་རེ་སྨོན་ལྟར། རང་ཅག་གི་བཀའ་བློན་ཁྲི་བས་༧གོང་ས་མཆོག་དབུ་བཞུགས་ཀྱིས་བླ་སྤྲུལ་འདུས་སྡེ་སར། བཀྲ་བྷེའི་མིང་བཀླག་པ་ཡིན་ན་ཁོང་ལ་ཐོབ་དགོས་ངེས་ཀྱི་ངོས་འཛིན་དང་། ཆེ་མཐོང་། བསྔོ་སྨོན་ཞིག་མ་ཡིན་ནམ། བཀའ་བློན་ཁྲི་བར་མཚོན་ན། བཀྲ་བྷེ་མིང་བཀླག་རྒྱུ་དེ་ཞལ་ལྕེ་མང་ཙམ་འགུལ་རྒྱུའི་དཀའ་ངལ་ལས་མེད། བོད་ནང་གི་བཀྲ་བྷེའི་ནང་མི་དང་གཉེན་ཉེ་ཚོར་མཚོན་ན། དེ་ནི་བཀྲ་བྷེའི་རང་སྲོག་བློས་གཏོང་གི་རིན་ཐང་དང་། ཁོང་ཚོ་ལའང་ཧ་ལས་པའི་སེམས་གསོ་ཞིག་ཆགས་ཡོད། ཡིན་ནའང་ག་རེ་བྱས་ནས། ངེད་ཅག་གི་བཀའ་བློན་ཁྲི་བས་འདི་ལྟར་གསུང་ཚིག་འགའ་འདོན་པར་སེར་སྣ་བྱས་ནས། བཀྲ་བྷེའི་ནང་མི་དང་། ཕ་ཡུལ་གཅིག་པ། ཆོས་གྲོགས་ཚོར་ཁོང་བརྗེད་ཚར་བའི་ཚོར་སྣང་སྤྲད་པ་མ་ཡིན་ནམ།
ངས་བསམ་ན། བཀའ་བློན་ཁྲི་བས་འདྲེན་ཐུབ་པའི་གནས་ལུགས་གཅིག་བུ་ནི། བཀྲ་བྷེས་རང་ལུས་མེར་བསྲེགས་ནས་ལོ་གསུམ་འགོར་སོང་། ད་མ་གླེང་ནའང་འགྲིག་ཅེས་པ་འདི་ཡིན། ཡིན་ཡང་དུས་ཚོད་ཕྱིར་དྲན་དང་དྲན་གསོ་མེད་བརླག་ཏུ་གཏོང་བའི་རྒྱུ་མཚན་དུ་འདྲེན་རུང་ངམ། གལ་སྲིད་ལོ་གསུམ་སྔོན་དུ་བློས་གཏོང་ཆེན་པོ་གནང་མཁན་གྱི་དཔའ་རྒོད་ཅིག་འདི་ལྟར་གླེང་རིན་མེད་པར་འཇོག་ན། དུས་རབས་ཕྱེད་ཀའི་རིང་བོད་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་མཁན་གྱི་དཔའ་བོ་དེ་ཚོ་ཡང་། དུད་སྤྲིན་ཡལ་བ་ལྟར། ད་སེམས་ནང་མ་ཉར་ན་འགྲིག་གམ།
གཅིག་བྱས་ན། བཀའ་བློན་ཁྲི་བས་དུས་ཚོད་ལ་ཚད་ཐིག་བརྒྱབས་ནས་རང་ལུས་མེར་སྲེག་གཏོན་མཁན་ཚོར་སྡོམ་རྩིས་བརྒྱག་རྒྱུ་གཅིག་པུ་བསམ་པ་ཡིན་སྲིད། དེས་ན་ང་ཚོས་ད་ལྟ་ནས་འདི་ལྟར་བཤད་ཆོག ༢༠༡༢ལོར་བོད་ནང་བོད་མི་གསུམ་གྱིས་རང་ལུས་མེར་བསྲེགས་བཏང་། འདི་ལྟར་བཤད་ཚེ། ༢༠༡༡ ལོའི་རང་ལུས་མེར་སྲེག་གཏོང་མཁན་༡༢ གླེང་མ་དགོས་པ་མིན་ནམ། དེ་ལས་ཀྱང་༢༠༠༩ ལོའི་བཀྲ་བྷེ་གླེང་མ་དགོས་པ་མིན་ནམ།
དོན་གནད་འདིའི་ཐད། གལ་སྲིད་ངེད་ཅག་གི་བཀའ་བློན་ཁྲི་བས་མུ་མཐུད་ཨུ་ཚུགས་མཐར་སྐྱེལ་གྱིས་བཀྲ་བྷེ་མི་གླེང་ཚེ། དེས་ན། དགོངས་དག ངས་ཀྱང་འདི་ནས་ཇི་སྲིད་དོན་དངོས་འདི་བསྐྱར་གླེང་མ་བྱུང་བར་དུ་མཚམས་མི་འཇོག་པར་མུ་མཐུད་འབྲི་ངེས་ཡིན།
དེས་ན་ང་ཚོས། བྱེས་འབྱོར་བོད་མིའི་ཁྲོད། དགུང་ལོ་༦༠ ལོན་པའི་ཐུབ་བསྟན་དངོས་གྲུབ་ཀྱིས་ཕྱི་ལོ་ ༡༩༩༨ ལོར་རྒྱ་གར་ལྡི་ལི་གསར་པར་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སུ་ཕྱིན་པ་དང་། ན་ནིང་ཕྱི་ཟླ་ ༡༡ ནང་། བལ་ཡུལ་ཀ་ཊ་མན་ཌི་དང་རྒྱ་གར་ལྡི་ལི་གསར་པ་རང་ལུས་མེར་བསྲེགས་ཀྱིས་རྨས་སྐྱོན་ཕོག་པའི་དགེ་འདུན་པ་བུ་ཕྲུག་དང་། མི་སྐྱ་མིག་དམར་ཚེ་རིང་ཡང་སེམས་ནང་མ་བརྗེད་པར་བརྟན་པོར་ཉར་དགོས།
གནས་ཚུལ་ཡོངས་ཁུངས http://www.tibettimes.net/news.php?id=5416
Related
Follow Us!