ནགས་ཤོད་ཟླ་བ་རྡོ་རྗེ། མི་ཡི་བསྟན་བཅོས།

ནགས་ཤོད་ཟླ་བ་རྡོ་རྗེ།

དཔལ་འབྱོར་འཕེལ་རྒྱས་གློག་བཞིན་མྱུར་བའི་དུས། །
རུལ་སུངས་དམུ་ཆུ་ས་ཕྱོགས་གང་སར་ཐོན། །
དམུ་བློའི་དབུ་ཁྲིད་རེ་རེའི་འགུལ་སྤྱོད་ལས། །
མི་གཙང་མི་མཛེས་དངུལ་དང་དབང་ཆ་བརྗེ། །

རླབས་ཆེན་སྐད་ཆ་རེ་རེའི་ཧྲག་བར་ནས། །
ལག་ལེན་གློག་བརྡ་གཏོང་ལྟར་སྐད་ཅིག་མ། །
མིའུ་ཐུང་དཔྱོད་ཤེས་མི་ཤེས་བཅོས་ཤེས་ཅན། །
མཐོ་ནས་ཀྲུང་དབྱང་དམའ་སར་གཞི་རིམ་ཁྱབ། །

སྤྱི་ཚོགས་རིང་ལུགས་འཕྲུལ་སྣང་ཁྱད་ཆོས་ལས། །
གླིང་འདིར་མང་ཤོས་ལང་ཕྱོགས་འཕྱར་གཡེང་ཏང་། །
བླ་ན་མེད་པའི་དབང་སྒྱུར་སྟོང་གཏམ་རེས། །
གློག་གཞུའི་འོད་ལྟར་མུན་ནག་མདའ་འཕེན་ཙམ། །

དབུ་ཁྲིད་ཕོར་པའི་ཁ་ནས་རུལ་དྲི་བྲོ། །
ཁྲོམ་རྭའི་དཔལ་འབྱོར་གླིང་ནས་རྫས་དྲི་བྲོ། །
ས་ཆེན་གོ་ལའི་སྙིང་ལས་རྡུལ་ཕྲན་འབར། །
ཉིས་སྟོང་བཅུ་གཉིས་འཇིགས་པ་འདི་ཡང་སློང་། །

ཏང་གིས་ནག་ཚོགས་རྡུང་ཞེས་སྐད་འབོད་རྒྱག།
དམངས་ཀྱིས་ནག་ཚོགས་རྡུང་ཞེས་ངུ་འབོད་རྒྱག།
ནག་ཚོགས་རྡུང་བའི་འགལ་ཟླའི་གློག་དམར་ཁྲོད། །
མདོར་ན་སོ་སོའི་སེམས་ནང་ནག་ཚོགས་རེ། །

སྤྱི་ཚོགས་རིང་ལུགས་དངུལ་གྱིས་སྦྲིད་པ་དང་། །
བརྗོད་བྱ་གཙོ་བོ་དཔལ་འབྱོར་གླེང་བ་སྟེ། །
སློབ་གསོའི་ལྟེ་བ་དངོས་པོའི་དཔལ་ཡོན་འདི། །
ཡོད་ཚད་སྦྲིད་དང་བྲིད་པའི་ཐབས་ལམ་མོ། །

ལུས་ནས་མ་བྲལ་ལྐོག་གླ་ལེན་རྒྱུ་དང་། །
ངག་ནས་བཟློ་རྒྱུ་ལང་ཕྱོགས་བརྟན་རབས་ཙམ། །
ཡིད་ནས་རྩོད་རྒྱུ་དཔོན་གནས་ཁོ་ན་ཡིན། །
དཔོན་ངན་རུལ་སུངས་ཚོགས་དེ་ཨ་ཁ་ཁ། །

སྲིད་གྲོས་གཞུང་ལས་ཁང་ལ་སྤྲུལ་པའི་སྐུ། །
འཐབ་ཕྱོགས་གཅིག་གྱུར་པུའུ་ལ་སྤྲུལ་པའི་གསུང་། །
མི་རིགས་ཆོས་དོན་ཅུས་ལ་སྤྲུལ་པའི་ཐུགས། །
སྤྲུལ་སྐུའི་ཡོན་ཏན་སྲིད་ཁྲིའི་མངའ་ལ་གསོལ། །

སྐབས་རེ་སྲིད་ཀྱི་རང་བཞིན་གསོད་རྒྱུ་ཙམ། །
དེ་དུས་སྤྲུལ་སྐུ་ཤན་པ་ལག་དམར་འདྲ། །
མཚམས་རེ་ཆོས་ཀྱི་གནས་ལུགས་སྐྱོབ་རྒྱུ་ཙམ། །
དེ་དུས་སྤྲུལ་སྐུ་སྲོག་སྐྱོབ་དྲིན་ཆེན་འདྲ། །
ཆོས་སྲིད་ཟུང་འབྲེལ་འགལ་འདུའི་གློག་དམར་འོག།
ངོ་གཉིས་མ་དེ་སྤྲུལ་སྐུའི་རང་གཟུགས་ཡིན། །

དབུ་ཁྲིད་གར་སོང་ས་ལ་ཟུར་པོས་བསྐོར། །
ཁྲལ་འཇལ་དམངས་ཀྱི་རྔུལ་ཁྲག་ཧབ་འཐུང་རྒྱག །
སྤྲུལ་སྐུ་གར་ཕེབས་ས་ལ་འཁྱུན་པོས་བསྐོར། །
དད་ལྡན་དམངས་ཀྱི་ཤ་ཁྲག་དམར་ཟ་བྱ། །

ཡང་སྲིད་ལམ་ལུགས་ཆབ་སྲིད་ལམ་ལུགས་ཆགས། །
ཆོས་སྲིད་ཟུང་འབྲེལ་སྤྲུལ་སྐུའི་ལུགས་ཀྱིས་མཚོན། །
སྤྲུལ་སྐུ་ཕེབས་སར་སྲིད་ཀྱི་འཁོར་ལོ་བསྐོར། །
ཆབ་སྲིད་མི་ཤེས་སྲིད་ཀྱི་ལག་ཆ་གྲུབ། །

ལྷག་བསམ་སྙིང་སྟོབས་ཡལ་བའི་སྤྱི་ཚོགས་ནང་། །
ངེས་དོན་དགེ་བའི་རིགས་རྣམས་རྒྱང་དུ་ཡལ། །
སྙིང་རྗེའི་རྣམ་པ་དགེ་བའི་ཚུལ་འཆོས་ཀྱིས། །
རུལ་སུངས་བླ་གྲྭའི་ཚོགས་དེ་དཔལ་འབྱོར་བྲན། །

རྩ་ཁྲིམས་བརྗོད་དོན་རོབ་ཙམ་མ་ཤེས་པར། །
དཔོན་པོ་རྫིག་པོས་ཁྲིམས་ལུགས་འཆད་འདི་མཚར། །
ཆོས་ཀྱི་ངོ་བོ་ཙམ་ཡང་མ་རྟོགས་པར། །
སྤྲུལ་སྐུ་རྒྱག་པས་ཆོས་ལུགས་འཆད་འདི་མཚར། །
རིག་གཞུང་མགོ་རྔ་ཙམ་ཡང་མ་རྟོགས་པར། །
མཁས་པ་ཟེར་ནས་གཞུང་ལུགས་འཆད་འདི་མཚར། །
ཀ་ཁའི་འབྲི་ཀློག་ཙམ་ཡང་མི་ཤེས་པར། །
འཁྱམ་པོ་འདི་ཚོས་ལ་རྒྱ་བཤད་འདི་མཚར། །

མི་རིགས་མཐུན་སྒྲིལ་གླེང་ན་ཀུན་ལ་བདེ། །
ཆོས་ལུགས་རིན་མེད་སྐྱོང་ན་འཇིག་རྟེན་འཆམ། །
སྐབས་རེ་དབང་སྒྱུར་ཕོར་ཁ་སྲུང་བའི་ཕྱིར། །
མི་རིགས་ཆེན་པོའི་འདུ་ཤེས་འཛུགས་འདི་སྨད། །

སྤྱོད་ཚུལ་འཛུགས་སྐྱོང་བྱེད་སྒོའི་ཚོགས་འདུ་རེ། །
རུལ་སུངས་སྟོན་མོ་གཤམས་པའི་འདུ་འཛོམས་རེ། །
རྩུབ་སྤྱོད་ངན་དགུ་འཕྲུལ་བའི་མཉམ་འཛོམས་ཤིག།
རུལ་སུངས་དཔོན་ངན་ཚོགས་རྣམས་ལག་གདང་སྦྲེལ། །

ཁ་ནས་ཤེས་པ་ཁ་བྲལ་ངོ་རྒོལ་ཙམ། །
ལག་ལེན་འཆང་བ་ཨ་རག་ཤེལ་དམ་ཙམ། །
སྟེང་ནས་སྤྲད་པ་རྒྱུག་ཁྱིའི་ཆོ་ལོ་ཞིག།
འོག་ཏུ་སྲུང་བ་ཉི་ཚེའི་རྐུབ་སྟེགས་ཤིག།

ཇག་པ་འཇུས་ནས་ཐད་ཀར་དམར་གསོད་བཏང་། །
རྐུ་མ་བཟུང་ནས་ཚེ་གང་བཙོན་ལ་བཅུག།
ཁྲམ་པ་བཙིར་ནས་མགོ་བོ་དུད་པར་བཟོས། །
དཔོན་ངན་དངུལ་གྱིས་བསླུས་ནས་ཕྱི་རྒྱལ་ཕྱིན། །

སྐྱེས་པའི་རྒྱལ་ཁོངས་བྱས་ན་འདྲ་འདྲ་རེད། །
ཐབས་དང་ཤེས་རབ་བྱས་ན་གཅིག་མཚུངས་རེད། །
དཔོན་པོའི་བུ་དེ་ནམ་ཡང་དཔོན་པོ་གདའ། །
གཡོག་པོའི་བུ་དེ་ནམ་ཡང་གཡོག་པོ་རེད། །

ལྐོག་རྔན་སྒོར་མོ་ལྔ་སྟོང་བླངས་པ་ཡིས། །
གྱོད་ཀྱི་ཁོངས་སུ་གཏོགས་པའི་ཁྲིམས་ཡོད་རུང་། །
འཆིང་རྒྱ་གཏོར་ནས་རྒྱུན་གཏན་བཟོ་མཁན་འདི། །
དཔོན་ཚོགས་ཡིན་པ་ཕལ་ཆེའི་སེམས་ལ་ཡོད། །

མི་དམངས་ཁྲིམས་ཁང་མཐོང་དུས་མི་དམངས་ཞེད། །
མི་དམངས་ཞིབ་དཔྱོད་ཐོས་དུས་མི་དམངས་འཇིགས། །
མི་དམངས་ཉེན་རྟོག་དྲན་དུས་མི་དམངས་སྐྲག།
མི་དམངས་མིང་འཁྱེར་མི་དམངས་སྡུག་ལ་སྦྱར། །

གཞན་གྱི་རྟ་ཕོ་ཞོན་པར་བདག་པོ་འདྲི། །
མི་ཡི་ཅ་དངོས་སྤྱོད་པར་དོ་བདག་ཞུ། །
ཅི་ཡང་མི་ལྟ་གང་ལ་མི་སྐྲག་པར། །
གཞན་གྱི་ཆུང་མ་རྐུ་བ་དེང་གི་དཔོན། །

རང་ཁྱིམ་མ་ལོག་དུས་ཚོད་ཇི་ཙམ་ཕྱིན། །
ཆུང་མ་མ་མཐོང་དུས་ཡུན་ག་ཚད་འགོར། །
ཕྲུ་གུར་ཡི་གེ་མ་བསླབ་ཅི་ཙམ་སོང་། །
མཚན་མོ་འདི་དག་གཞུང་ལས་བྱས་ལགས་སམ། །

ཚལ་ཁྲོམ་མ་ཕྱིན་ལོ་དང་ལོ་གྲངས་འགོར། །
དམངས་ཀྱི་འཚོ་བ་ལེགས་པ་ཁྱེད་ཀྱིས་བཤད། །
དཔེ་དེབ་མ་བལྟས་ཟླ་བའི་ཁ་གྲངས་འགོར། །
འཛམ་གླིང་འགྱུར་བ་རྟོགས་ཞེས་འཆོས་གཏམ་སྤེལ། །

དྲང་གཏམ་མ་བཤད་ཉི་མ་ཇི་ཙམ་ཕྱིན། །
རྒྱུ་འབྲས་འགལ་བའི་བྱ་སྤྱོད་ཅི་ཙམ་སྤེལ། །
བློ་ཡི་མདའ་མོ་ནང་དུ་བཀུག་དང་དཔོན། །
ད་དུང་ཡིན་མིན་ཡོད་མེད་ཆུ་ལྟར་བརྡོལ། །

གཞི་རིམ་སྨན་ཁང་བདེ་སྡུག་རྟོགས་ལགས་སམ། །
སྨན་གྱི་རིན་གོང་ཞིབ་ཕྲ་ཤེས་ལགས་སམ། །
སྲིད་གཞུང་རྒྱལ་སྒོའི་སྟེམས་ལས་མ་བརྒལ་བར། །
སྨན་བཅོས་འཕྲོད་བསྟེན་འབྲས་བཟང་ཐོབ་ཅེས་སྨྲ། །

རང་ཁྱིམ་བདེ་སྡུག་དགོས་མཁོ་ཤེས་ལགས་སམ། །
ཕྲུ་གུའི་རིག་གནས་རྨང་གཞི་མཁྱེན་ལགས་སམ། །
རྒན་འཁོག་ཤི་ཁའི་རེ་ལྟོས་མ་ཤེས་པར། །
རྫོང་དང་གྲོང་ཁྱེར་སྐྱོང་བའི་དགོད་གཏམ་མཚར། །

རང་གི་ཁང་པ་སྔར་ནས་ཉོས་ཡོད་རུང་། །
སྤུན་གྱི་སྡོད་ཁང་སྔར་ནས་བརྒྱབ་ཡོད་ཀྱང་། །
ཉེ་དུས་ཁྲོམ་རྭའི་ཁང་རིན་མ་རྟོགས་པར། །
ཁང་རིན་དམའ་བའི་ལོང་གཏམ་སྨྲ་དོན་ཅི། །

དམིགས་བསལ་ཨང་གྲངས་བཀལ་བའི་རླངས་འཁོར་ལ། །
གླ་གུག་ཉེན་རྟོག་ཚོ་བའི་གུས་འདུད་རེ། །
ཞིང་འབྲོག་མི་སྣའི་རླངས་འཁོར་གཏོང་ལམ་དུ། །
དོན་མེད་གཅར་རྡུང་མྱོང་བ་སུ་ཡིས་རྟོགས། །

དངུལ་དང་དབང་ཆ་བརྗེ་བཞིན་རྩ་འཛུགས་གླེང་། །
དངུལ་དང་འདོད་ཆགས་བརྗེ་བཞིན་ཐོབ་ཐང་གླེང་། །
ཕལ་ཆེར་དངུལ་ལས་ཐོན་པའི་རུལ་སུངས་ཏེ། །
ལྐོག་ཟ་ལྐོག་རྔན་ལེན་པ་དཔོན་པོའི་གཤིས། །

གཞུང་ལས་ཁང་ལ་ཅུས་ཀྲང་གཉིད་འཐོམ་རྒྱག།
ནང་མ་ཁང་ལ་ཅུས་ཀྲང་གཉིད་འཁྱོམ་རྒྱག།
རང་ཁྱིམ་ནང་ལ་ཅུས་ཀྲང་ལག་འཛིང་རྒྱག།
ཅུས་ཀྲང་གཅུན་པའི་དུས་དེ་ག་དུས་ཡིན། །

ལོ་ན་ཆུང་བར་བར་ཐག་མ་གླེང་ལ། །
དཀར་ནག་གཉིས་དེ་གནད་དོན་མ་བཤད་པར། །
མི་ནག་ཨ་རིའི་རྒྱལ་སར་འཛེགས་པ་འདི། །
བཙན་རྒྱལ་རུལ་སུངས་ཕྱོགས་ལ་ཟུར་ཟ་ཕོག།

ཞིང་གསུམ་གནད་དོན་བཀྲ་ཤིས་བདེ་ལེགས་ཟེར། །
གཞི་རིམ་སློབ་གསོ་བཀྲ་ཤིས་རྟགས་བརྒྱད་བཤད། །
མི་རིགས་མཐུན་སྒྲིལ་གཡུང་དྲུང་རང་འཁྱིལ་ལབ། །
ཡིག་རྨོངས་མ་སེལ་མི་དམངས་འཐུས་མི་ཚོས། །
དམངས་དང་ལྡོག་ཕྱོགས་ལངས་པ་ཐེངས་གཅིག་མིན། །

ཁ་ལས་ཅི་བཤད་མེད་པའི་དཔོན་ངན་འགས། །
ཁ་ཙམ་ཁྲིམས་ལུགས་ཁྱབ་བརྡལ་ཡིན་ཞེས་བཤད། །
དོན་དུ་རང་ཉིད་ཁྲིམས་རྨོངས་གནས་སུ་ལྷུང་། །
ཁྲིམས་ལས་འགལ་བའི་འཆལ་གཏམ་སྣ་ཚོགས་བཤོད། །

བོད་ཀྱི་སློབ་གསོ་འཛམ་གླིང་གྲལ་མཐར་ལྷུང་། །
མི་རིགས་སྐད་ཡིག་སྐྱ་ཆད་སྔོ་སྡུག་ཆགས། །
རྣོ་ངར་ལྡན་ལ་ཡུན་རིང་ཡོད་སྲིད་ན། །
འདི་ལ་དགོས་ཞེས་ཁོ་བོས་རྟག་ཏུ་སྨྲ། །

ཞོ་བཞིན་ལྟེམ་མེར་ཆགས་པའི་འཚོ་བའི་ནང་། །
ཁྲག་བཞིན་གང་སར་དཀྲུག་མཁན་ཉེན་རྟོག་འདུག །
བརྟན་ལྷིང་གནོད་པའི་འབྱུང་རྩ་གཏོར་བའི་སྐབས། །
སྲུང་མཁན་འདྲ་འདི་གཏོར་བའི་དུས་ཡོད་དམ། །

དུས་ཆེན་རེ་ལ་དྲག་རྡུང་རེ་རེ་ཡོད། །
སྐྱིད་པོའི་ཉི་མར་སྡུག་པོའི་མུན་པ་ལྡན། །
དམངས་སེམས་འཁྱག་ལ་འབྱར་བའི་ལོ་ཟླ་འདིར། །
དབང་སྒྱུར་པ་ཡི་དྲག་རྡུང་ཇི་ཙམ་འཁྱོངས། །

གྲོང་གསེབ་གསར་པ་རྒྱ་ལམ་འགྲམ་དུ་ཡོད། །
རྒྱ་ལམ་འགྲམ་དེ་ཕྱི་མཛེས་ཁོག་སྟོང་རེད། །
རིམ་པ་དམའ་བའི་ས་ཆེན་འགུལ་ཐེངས་རེ། །
ཐལ་བའི་རྡུལ་དུ་བརླག་ནས་མི་སྲོག་བཅད། །

རིམ་པས་རིམ་པ་ལམ་བཟོའི་རྣམ་གྲངས་སྤྲད། །
རིམ་པས་རིམ་པ་ཤ་ཤུན་བརྒྱབ་བརྒྱབ་ནས། །
བརྙན་འཕྲིན་ཚགས་པར་གྲགས་པའི་ལམ་ཆེན་དེ། །
ཞིང་འབྲོག་ཚེ་སྲོག་གཅོད་པའི་རྐང་ལམ་གྲུབ། །

ལྐོག་གླ་བླངས་ནས་བསམ་བློའི་རྨང་གཞི་འཛུག། །
མགོ་སྐོར་བཏང་ནས་མང་ཚོགས་རྨང་གཞི་སྐྲུན། །
སྒྲིག་ལམ་གཏོར་ནས་རྩ་འཛུགས་རྨང་གཞི་བཞེང་། །
འགལ་ཟླ་སློང་ནས་བརྟན་ལྷིང་རྨང་གཞི་བཟོ། །
འབྱུང་ཁམས་གཏོར་ནས་འཕེལ་རྒྱས་རྨང་གཞི་བཅའ། །
མི་སྲིད་པ་དེ་སྲིད་པའི་དཔོན་གྱིས་ལས། །

མི་རིགས་རང་སྐྱོང་ཤོག་བུའི་ཐོག་ཏུ་བཀོད། །
ལག་ལེན་ངོ་མ་སོ་སོའི་སེམས་ལ་ཡོད། །
སྐད་ཡིག་བརྩི་སྲུང་རྒྱང་གྲགས་ནང་ནས་བཤད། །
སྐད་བསྒྱུར་རིགས་བསྒྱུར་སློབ་གྲྭའི་ནང་ནས་མཐོང་། །

ཤེས་བྱ་རིག་གནས་སྦྱོང་བའི་སློབ་གྲྭའི་ནང་། །
རུལ་སུངས་མཁའ་དབུགས་ཆར་རྗེས་སྨུག་པ་རེད། །
སློབ་མའི་ལག་ནས་སྒོར་མོ་བླངས་བླངས་ནས། །
ཁྱིམ་བདག་ཨ་ཐང་ཆད་པ་གྲངས་མེད་རེད། །

རང་དབང་བརྩོན་པའི་ཁ་ཕྱོགས་མ་ཤེས་ལ། །
ཐོབ་ཐང་མངའ་བའི་ཁོར་ཡུག་བཅོམ་པའི་གནས། །
མི་གཤིས་ལ་རྒྱའི་མགོ་རྔ་མ་རྟོགས་པར། །
རུལ་སུངས་འཆིང་རྒྱའི་ནང་དུ་རུལ་བཞིན་པའི། །
ཤུལ་འཛིན་བྱིས་པ་འདི་ཚོའི་མདུན་ལམ་སྐྱོ། །

ཞི་བདེ་དུས་བདེའི་འཆམ་མཐུན་སྤྱི་ཚོགས་ནང་། །
མ་འདོད་བྱུང་ན་ངོ་རྒོལ་ཚིག་འདི་ཐོན། །
མ་འཆམ་བྱུང་ན་འཐབ་རྩོད་སྐད་ཆ་བཤོད། །
འགལ་བ་བྱུང་བ་རྩ་མེད་གཏོང་དགོས་ལབ། །
རིག་གནས་གསར་བརྗེའི་སྐད་ཆ་འདི་ནས་བརྡོལ། །
ཤེས་དཔལ་རིག་གནས་ཁོར་ཡུག་ཇེ་འགྱངས་རེད། །

སྐད་ཡིག་ཐམས་ཅད་གཅིག་གྱུར་བཟོ་བའི་ཐབས། །
མི་རིགས་ཡོད་ཚད་རིགས་གཅིག་བསྒྱུར་བའི་ཇུས། །
ཆོས་ལུགས་ཐམས་ཅད་རིམ་གཞིག་འགྲོ་བའི་འཕྲུལ། །
འདུ་ཤེས་འཛིན་སྟངས་གཅིག་གྱུར་བཟོ་བའི་སྲིད། །

ལུང་འཛིན་རིང་ལུགས་རྩ་དོན་འཛིན་པ་ཡི། །
ར་རོས་པ་ལྟར་རླུང་ཁམས་མཐོ་བའི་ཚོགས། །
ལམ་ནོར་ལྡོག་ཤེས་མེད་པའི་ཨུ་ཚུགས་ཀྱིས། །
ཉི་མའི་གླིང་ལ་ལིང་ཏོག་སྐྱེས་འདི་སྐྱོ། །

སློབ་གྲྭ་ཐམས་ཅད་སྲིད་འཛིན་དོ་དམ་བཅའ། །
དགེ་རྒན་ཐམས་ཅད་དཔོན་གྱི་འདུ་ཤེས་ཆགས།།
སློབ་གྲྭའི་ཁོར་ཡུག་ངན་གཡོའི་ཡོ་ལང་འཁྲུག།
སློབ་གསོའི་ལམ་ལུགས་འགྱུར་བ་གཏོང་ཚོད་རེད། །

ནང་ལ་སྟོང་ཞིང་ཕྱི་ལ་རྫིག་པ་ཡི། །
སྡང་གི་སློབ་གྲྭའི་རྒྱལ་སྒོ་ཕྱེ་ཕྱེ་རེད། །
མིང་གིས་གྲགས་ཤིང་དོན་གྱིས་དབུལ་བ་ཡིས། །
ཧྲོ་ཧྲེ་པོ་ཧྲེའི་སློབ་གནས་ཇེ་མང་རེད། །
སྡང་གི་ཕྱི་ཚུལ་གཟུགས་བརྙན་མཛེས་བཟོའི་ཕྱིར། །
གཟིག་ལྤགས་གྱོན་པའི་བོང་བུ་གང་སར་ཡོད། །

མི་དམངས་འཐུས་མིའི་ཟ་ཁ་བཀག་པའི་ཡུལ། །
ཞིབ་དཔྱོད་མིའི་མིའི་མིག་ཟུང་སྒྲིབ་པའི་གནས། །
རང་དབང་གསར་འགོད་གོམ་ཁ་བཀག་པའི་ས། །
གླིང་བཞི་དྲྭ་བའི་བཀག་སྡོམ་མང་བའི་ཁུལ། །
རུལ་སུངས་དཔོན་གྱི་ལྐོག་གླ་མང་ས་རེད། །

མི་ཡི་ཐོབ་ཐང་རྩ་བ་འཇོག་མཁན་དང་། །
བདེན་པའི་དོན་དུ་བརྡར་ཤ་གཅོད་སྤོབས་པའི། །
ངེས་པ་དོན་གྱི་རྒྱལ་གཅེས་མི་སྣ་ལ། །
རྒྱལ་ཁབ་མགོ་རྟིང་སློག་པའི་ཉེས་མིང་མཚར། །

སྲིད་གཞུང་ཅ་དངོས་ཉོ་སྒྲུབ་བྱ་བའི་སྐབས། །
སྲིད་པའི་འཁོར་ལོ་བསྐོར་བའི་བལྟས་མོ་ཡོད། །
དཔོན་དང་ཚོང་པ་ཁྱི་སྤྱང་ལག་འབྲེལ་གྱིས། །
ཤ་མེད་སྒྲོ་ལྷག་བཏང་བ་རྟག་ཏུ་ཡོད། །

བརྟན་ལྷིང་སྐྱོང་བའི་འགྲོ་གྲོན་འབོར་ཆེན་ཞིག།
རླངས་འཁོར་ཉོ་བའི་སྒོར་མོ་ཁྲི་ཕྲག་འགའ། །
ཁང་པ་རྒྱག་བྱེད་ཆེད་དངུལ་མང་དག་ཅིག །
སྣེ་ལེན་ཞུ་བྱེད་ཆེད་མངགས་དངུལ་ལོར་སོགས།
དཔོན་ངན་ལག་ཉོབ་བྱས་ཀྱང་སྒོར་མོ་ཡིན། །
མི་གཞིའི་ལ་རྒྱ་སྒོར་མོའི་ནང་དུ་ཐིམས། །

སྲིད་གཞུང་ཁང་པ་རྒྱག་པའི་རོལ་རྩེད་ནང་། །
སུས་འཇོན་དེ་འགུག་སུ་འཇོན་དེ་ལེན་གྱི། །
ཕྱི་ཚུལ་འཁྲབ་པའི་རང་དབང་འདྲ་མཉམ་གར། །
གར་མཁན་དཔོན་པོས་སྔར་ནས་གཏན་འཁེལ་ཚར། །

བཅིངས་འགྲོལ་ཟེར་བའི་ཚིག་འཇམ་ནང་རོལ་ནས། །
བྲན་བདག་བརྗེ་བའི་གཡོ་འཕྲུལ་རེ་རེ་ཡོད།།
གསར་བརྗེ་ཞེས་པའི་གཏམ་སྙན་ནང་སྙིང་ནས། །
སྲིད་ཇུས་གསར་པའི་ངན་ཇུས་རེ་རེ་ཡོད། །

བྲན་གཤིས་འདུ་ཤེས་རུས་ལ་ཟུག་འདུག་ལ། །
བྲན་གཡོག་སྲོག་བདག་གོང་ལ་བཀུར་དགའ་བའི། །
རྙིང་ཞེན་ལྕགས་ཕོར་རྟག་བརྟན་ངོས་འཛིན་པའི། །
བོད་པའི་གཞུང་ཞབས་པ་ཚོས་ཞབས་ལ་འདྲེན། །

དམངས་གཙོ་ཡིན་པ་སྲིད་དབང་སྒེར་འཛིན་ཞིག།
རང་དབང་ཡིན་པ་སྨྲ་འགྲོའི་བཀག་སྡོམ་ཞིག།
འདྲ་མཉམ་ཡིན་པ་རིགས་ཀྱི་མཆོག་དམན་ཞིག །
དབུ་ནས་མི་འདེགས་ཞབས་ནས་འདེགས་བཞིན་པའི། །
གཞུང་མིང་སྒེར་བཟུང་རུལ་ཚོགས་ཚོ་བའི་ལུགས། །

མེ་ཏོག་མཉམ་བཞད་གླིང་ག་ཡང་རབས་དང་། །
མཁས་བརྒྱ་འགྲན་གླེང་ཁོར་ཡུག་སྐྱིད་རབས་སོགས། །
རྣ་སྙན་དོན་སྟོང་སྲིད་པའི་དྲིལ་བསྒྲགས་གཏམ། །
རིག་གནས་གསར་བརྗེའི་སྐབས་ཀྱང་ཡོད་པ་ཡིན། །

ལས་གྲྭའི་རྣམ་གྲངས་བསྐྲུན་པའི་བར་གསེང་ནས། །
བར་མི་འཚོལ་ནས་འོག་ནས་ལྐོག་གླ་ལེན། །
ལྐོག་གླ་ལེན་རྒྱུ་ཀུན་ཤེས་གསང་བ་འདི། །
ལམ་ལུགས་ངན་པས་བསྐྱེད་པའི་ནད་ངན་ཞིག །

དུས་བསྟུན་འཕེལ་རྒྱས་གཏོང་བའི་འབོད་སྐུལ་ནང་། །
གསར་བརྗེའི་དམར་ཤོག་གླུ་དབྱངས་སླར་ཡང་ལེན། །
དངོས་ཐོག་བདེན་འཚོལ་དགོས་པའི་བཀའ་སློབ་འོག །
ཁེ་ཕན་ཚོ་བའི་དྲིལ་བསྒྲགས་འགྲོས་དང་བསྟུན། །
སྤྱི་དམངས་རྩ་བར་འཛིན་པའི་སྲིད་ཇུས་ནང་། །
མང་ཚོགས་ཚབ་མཚོན་སྡུག་ལ་སྦྱར་རྐྱང་ཡིན། །

སྐབས་ཤིག་གུང་ཁྲན་རིང་ལུགས་ཕུགས་བསམ་ཟེར། །
མཚམས་རེ་སྤྱི་ཚོགས་རིང་ལུགས་ཁྱད་ཆོས་ཟེར། །
རྨང་གཞིའི་དུས་རིམ་འབྱོར་འབྲིང་སྤྱི་ཚོགས་ཞེས། །
གཏམ་སྙན་ཚིག་གི་རྒྱན་ཆ་བཏགས་ཀྱང་རུང་། །
ལོང་བ་ཐང་ལ་འཁྱམ་པའི་གཞུང་ལུགས་ཙམ། །

ཁྱད་ཆོས་ཡོད་པའི་རུལ་སུངས་མཁའ་དབུགས་ཁྲོད། །
ཐབས་རྩལ་སྣ་དགུའི་ལྐོག་གླ་ལེན་སྟངས་ཡོད། །
ཁྱད་ཆོས་མེད་པའི་སྲིད་དབང་སྒེར་འཛིན་འོག །
བརྒྱ་ཁ་གཅིག་ཆོད་བླ་མེད་གཡོ་གཏམ་ཡོད། །

མི་རིགས་འགལ་ཟླ་མེ་བཞིན་གང་སར་མཆེད། །
ཐོབ་ཐང་བརྩོན་སེམས་རླུང་བཞིན་གང་སར་གཡོ། །
དཔལ་འབྱོར་འཕེལ་བས་ཡོད་ཚད་སེལ་འདོད་ལ། །
དྲག་རྡུང་ཙམ་པོས་ཐམས་ཅད་གཡོལ་འདོད་པའི། །
བྱིས་བློའི་རྣམ་ཐར་སྐྱོང་བའི་ལམ་ལུགས་མཚར། །

དཔལ་འབྱོར་འཕེལ་བའི་མིག་མདུན་ཁེ་ཕན་ཆེད། །
ཁོར་ཡུག་གཏོར་ཕམ་ཚད་ལས་བརྒལ་བ་བཏང་། །
མི་རབས་རྗེས་མ་གནས་པའི་ཤུལ་མེད་ཀྱང་། །
ཚན་རིག་མཐུན་པའི་གོང་འཕེལ་ལྟ་བ་སྨྲ། །

ཁ་ནས་བཤད་ཚད་ཚན་རིག་མཐུན་རབས་དང་། །
ཁོག་ནས་བསམ་ཚད་ཚན་རིག་ལྟ་བ་ཟེར། །
ཚན་རིག་ཅེས་པའི་གཏམ་གྱི་གསོན་པོ་འདི། །
ཁེ་ཕན་ཚོ་བའི་གཡོ་སྒྱུའི་ལག་ཆ་གྲུབ། །

མིང་གིས་སྙན་པའི་ལས་དོན་རུ་ཁག་ཅིག །
གཅིག་རྗེས་གཉིས་མཐུད་ཤང་དང་གྲོང་རྡལ་མྱུལ། །
ཁྱི་རྐུན་བཞིན་དུ་སྡེ་བའི་སྒོ་མོ་འཛུལ། །
ལྩི་བའི་ལས་འགན་མར་གྱི་ཁྲལ་བསྡུ་སོགས། །
བདེ་བ་མི་སྟེར་སྡུག་བསྔལ་རྫོགས་མེད་སྐྱེལ། །

ཁྲིམས་ཀྱི་ཡན་ན་སྡང་ཡོན་བླ་ན་མེད། །
མི་ཡི་ཡན་ན་དཔལ་འབྱོར་བླ་ན་མེད། །
དམངས་གཙོའི་ཡན་ན་སྒེར་འཛིན་བླ་ན་མེད། །
སྤྱི་ཚོགས་རིང་ལུགས་ཁྱད་ཆོས་བླ་ན་མཐོ། །

གཙོ་འཛིན་ཟེར་ནས་མི་ལས་ལྷག་པར་བརྗོད། །
མཚོན་གསུམ་བརྗོད་ནས་རྩ་ཁྲིམས་ལས་ལྷག་སྨྲ། །
དཔལ་འབྱོར་ཟེར་ནས་ཐམས་ཅད་ལས་ལྷག་བཤད། །
བརྟན་ལྷིང་ལབ་ནས་དོན་མེད་གཅར་རྡུང་གཏོང་། །
ལོ་འཁོར་བཅུ་གཉིས་ཞག་མ་སུམ་བརྒྱའི་ནང་། །
བརྟན་ལྷིང་མེད་པའི་བསྐོར་བསྐོར་དྲག་རྡུང་བསྐོར། །

བཤད་ལ་དགའ་བའི་ལས་དོན་རུ་ཁག་ཚོས། །
སྐྱག་པ་སྒོ་ཁར་བཏང་བ་གྲངས་མེད་རེད། །
རྒྱན་འཇོག་ཐོབ་ཤོར་བཏང་བ་ཚོད་མེད་རེད། །
བརྗོད་བྱ་གཙོ་བོའི་བག་ཆགས་གཤམ་འོག་བཞག །

སློབ་གྲྭར་མ་ཕྱིན་ཡིག་རྨོངས་ལུས་འདི་སྐྱོ། །
སློབ་གྲྭར་ཕྱིན་ནས་ལས་ཀ་མ་རག་སྐྱོ། །
ལས་ཀ་རག་ཀྱང་བྲན་གཡོག་བཞིན་དུ་བཀོལ། །
༼ཞིང་བྲན་བྲན་གཡོག་དུས་ཆེན༽ ཉིན་ལྟར་གཏོང་། །

འཕེལ་རྒྱས་ཡུལ་ལ་བྲན་གཡོག་དུས་ཆེན་ཡོད། །
དུས་ཆེན་ཡོད་སར་དྲག་རྡུང་ཉི་མ་ཡོད། །
དྲག་རྡུང་སྤེལ་ནས་སྤྱི་ཚོགས་ཟིང་ཆ་སློང་། །
འཆམ་མཐུན་སྤྱི་ཚོགས་མི་སྲིད་ས་ནས་བསྐྲུན། །

དབུ་ཁྲིད་སླེབས་ཁར་སྲིད་གཙང་ལམ་ལུགས་བཟོ། །
དབུ་ཁྲིད་འགྲོ་ཁར་ལྟག་སྒོའི་རླུང་འཚུབ་གཡོ། །
རྣམ་པའི་གར་དང་གཡོ་རྒྱུའི་འདྲ་གཟུགས་འདིས། །
ཨ་ཐང་ཆད་པ་ལས་བྱེད་ཁོ་ན་མིན། །

ཤ་འོད་ཇི་ཙམ་མཐོ་ནས་བབས་ན་ཡང་། །
དམའ་སར་དེ་བས་གནོད་སྐྱོན་ཆེ་བ་གསལ། །
རྫུན་གཏམ་ཇི་ཙམ་གོང་ནས་བསྒྲགས་ན་ཡང་། །
གཤམ་འོག་གནོད་སྐྱོན་དེ་བས་ཆེ་བ་ཡོད། །

དབུ་ཁྲིད་དགའ་བ་ཁ་ཡག་ངོ་དགའ་ཡིན། །
ཁ་ཡག་བཤོད་མཁན་དམིགས་བསལ་ལྟ་སྐྱོང་ཡོད། །
ལས་དོན་གྲུབ་ཀྱང་ཁ་ཡག་མ་བཤད་ན། །
འདྲ་མཉམ་དྲང་བདེན་ཟེར་བ་སྐྱག་རྫུན་འདྲ། །

གཟེངས་བསྟོད་དཔེ་བཟང་ཐམས་ཅད་དབུ་ཁྲིད་དབང་། །
ཐམས་ཅད་ཚབ་དེ་དབུ་ཁྲིད་ཡིན་པའི་ཕྱིར། །
སྐྱོན་དང་འགན་འཁྲི་ཡོད་ཚད་མངའ་འོག་ཡོད། །
དོན་དངོས་བདག་པོ་མངའ་འོག་ཡིན་པའི་རྐྱེན། །

མ་ལེའི་རིང་ལུགས་དད་པའི་ཚུལ་འཆོས་འཁྲབ། །
ཉམ་ཆུང་སྐྱོང་བའི་གཡོ་གཏམ་གང་སར་སྤེལ། །
རྫུན་མ་བདེན་པར་སྨྲ་བའི་ཚོགས་ཤོག་དེ། །
སྤྱི་ཚོགས་སྐྱོང་མི་མི་འདྲ་གཏོར་མི་འདྲ། །

ནུབ་ཕྱོགས་ས་ལ་མ་ལེ་ཞི་བའི་ལུགས། །
ཨེ་ཤེ་ཡ་ལ་མ་ལེ་དྲག་པོའི་ལུགས། །
ཞི་བར་མི་དགའ་དྲག་པོའི་གསར་ལྷད་བཟོ། །
ཐམས་ཅད་དཔོན་གྱི་ཁེ་ཕན་སྲུང་བའི་ཕྱིར། །

དཔོན་པོའི་མི་རབས་གཉིས་པའི་སྲོལ་ཞིག་ཆགས། །
ཕྱུག་པོའི་མི་རབས་གཉིས་པའི་གོམས་ཤིག་ལོབས་། །
ཅི་ཡང་མེད་པའི་དཔོན་གྱི་གཡོག་པོ་དང་། །
གང་ལ་བརྟེན་མེད་ཁང་པའི་བྲན་གཡོག་འདི། །
ཞིང་འབྲོག་དམངས་ཀྱི་གཞོན་ནུའི་ལས་དབང་ཡིན། །

སློབ་གྲྭ་ཆེ་འབྲིང་མཐོ་དམན་གང་ཡང་རུང་། །
གཞི་རིམ་མཐོ་རིམ་སྲིད་གཞུང་སྡེ་ཚན་ནང་། །
དམངས་ཀྱི་འདུ་ཤེས་སློབ་གསོའི་སློབ་སྦྱོང་མེད། །
དཔོན་འབངས་ཆབ་སྲིད་བྱང་ཚད་ཇི་ལྟར་སྤེལ། །

སྲོལ་རྒྱུན་རྙིང་ཞེན་ཞིག་གིས་ཁུར་པོས་མནན། །
རུལ་སུངས་དཔོན་ངན་ཚོགས་ཀྱིས་རྣམ་པ་འཁྲབ། །
རིག་པ་ཤེས་ཡོན་ཅན་ཚོས་སྟོང་གཏམ་གླེང་། །
སྟོང་གཏམ་རྣམ་པའི་འགལ་འདུ་དྲག་པོའི་ཁྲོད། །
བོད་འབངས་རྣམས་ནི་ཅི་བྱ་གཏོར་མེད་ཆགས། །

སྔོན་ལ་ཉུང་ཤས་ཤིག་གིས་ཕྱུག་ལམ་བསྐྱོད། །
དེ་ཡིས་ཐམས་ཅད་ཕྱུགས་ཀྱི་ལམ་དུ་འཁྲིད། །
ཕྱུགས་ཀྱི་ལམ་དུ་དབུལ་ཕྱུག་འགལ་ཟླ་མང་། །
ཕྱུགས་ཀྱི་ལམ་དུ་གྲལ་རིམ་འཐབ་རྩོད་མཐོང་། །

དཔལ་འབྱོར་འཕེལ་རྒྱས་མིག་མདུན་སྟོན་སྟོན་དང་། །
སྤྱི་ཚོགས་འགལ་བ་བཙན་གནོན་བྱས་བྱས་ནས། །
ཡོད་ཚད་རྐང་རྗེས་ལག་སུབ་ཇུས་འགོད་འདི། །
རུལ་སུངས་དཔོན་གྱི་ཉི་ཚེའི་འཚོ་སྟངས་ཤིག །

རྩ་ཁྲིམས་ཡིད་ལ་མེད་པའི་དཔོན་པོ་ཞིག །
རྒྱུ་འབྲས་སེམས་ལ་མེད་པའི་དཔོན་པོ་ཞིག །
མང་ཚོགས་མིག་ནང་མེད་པའི་དཔོན་པོ་ཞིག །
དམ་བཅའ་འཇོག་ཚུལ་འདི་ཡང་ཚུལ་འཆོས་ཙམ། །

མཐོ་ནས་ཀྲུང་དབྱང་དམའ་ནས་གཞི་རིམ་བར། །
སྒྲིག་གཞི་སྒྲིག་སྲོལ་རབ་དང་རིམ་པ་འདོན། །
རྩ་ཁྲིམས་མི་གཞིགས་དོན་དངོས་མི་འཛིན་པར། །
ཁྲིམས་སྐྱོང་མ་ཡིན་མི་སྐྱོང་སྤྱི་ཚོགས་འདིར། །
དོན་དངོས་མི་འཆམ་འཆམ་མཐུན་མིང་འདི་སྙན། །

བསྡོམས་རྩིས་ཅུས་ཀྱི་ཨང་གྲངས་ཇེ་མཐོ་དང་། །
མི་དམངས་མང་ཚོགས་སྣང་བ་ཇེ་སྐྱོ་རེད། །
དོན་དངོས་མ་མཐུན་ཨང་གྲངས་འབོར་ཆེན་འདིས། །
མང་ཚོགས་བསམ་བློ་ཐེ་ཚོམ་རྒྱ་རུ་ཚུད། །

མི་གཤིས་མེད་པའི་རིག་གཞུང་རུལ་སུངས་ཤིག །
དྲང་བདེན་ལ་རྒྱ་རྒྱབ་ལ་བསྐྱུར་རྐྱང་དང་། །
བསམ་བློ་མེད་པའི་མཁས་པའི་དཔུང་ཚོགས་ཀྱིས། །
རིག་གཞུང་ཟེར་བ་ལག་ཆ་ཙམ་དུ་ཟད། །

མཐོ་རིམ་ལས་ཀའི་གོ་མིང་རྔམ་པ་ཡི། །
བྱ་གཞག་སྡེ་ཚན་སོགས་ཀྱི་ལས་མི་འགས། །
རྩོམ་པ་མ་ཡིན་བཅོས་པའི་ཟློས་གར་འཁྲབ། །
བཅོས་པ་མ་ཡིན་བཤུས་པའི་གད་མོ་སློང་། །
བཤུས་པ་མ་ཡིན་བརྐུས་པའི་ངོ་ཚ་ཉོ། །

གོང་ནས་ལས་དོན་བསུ་བའི་རྔམ་སྟོན་ཕྱིར། །
མང་ཚོགས་ལྟོགས་པ་རྒྱ་ལམ་གཡས་གཡོན་བསྒྲིགས། །
ཕེབས་བསུ་ཁང་ལ་ནག་ཆང་རྒྱས་སྤྲོས་ལྡན། །
བག་མེད་ལོངས་སྤྱོད་ཟ་ཟ་འཐུང་འཐུང་གྱིས། །
ཟ་དོན་རུ་ཁག་སྨྱོ་ཆུས་སྨྱོས་པ་མང་། །

ཕྱི་ལ་ཁ་ཆག་སྣ་རལ་གསར་འགྱུར་མང་། །
ནང་ལ་བཀྲ་ཤིས་བདེ་ལེགས་གསར་འགྱུར་སྙན། །
མངར་མོ་སྙན་མོ་སྡང་གི་བཀའ་དྲིན་ཡང་། །
ཤེས་རྟོགས་དབང་ཆ་མེད་ན་ཟོག་ལུག་ཙམ། །

ཁྲིམས་ལས་འགལ་བའི་དཔོན་ངན་ཁྲམ་པ་དེ། །
ཡར་ངོའི་ཟླ་ལྟར་དཔོན་གནས་ཇེ་མཐོ་རེད། །
རྩ་ཁྲིམས་བཅའ་ཁྲིམས་དག་ལས་མ་འགལ་ཡང་། །
གོང་རིམ་བདེ་སྡུག་ཞུ་མིར་ཉེས་མིང་བཏགས། །

སྐབས་རེ་སྲིད་དོན་ཡོང་གྲགས་དགོས་རབས་གླེང་། །
མཚམས་རེ་རྒྱལ་ཁབ་གསང་བ་ཡིན་རབས་བཤོད། །
སྲིད་དོན་འགྲོ་ལུགས་དམངས་ཀྱིས་མ་རྟོགས་པར། །
སྲིད་དོན་ལྟ་སྐུལ་ཟེར་བ་གཡོ་གཏམ་ཙམ། །

དཔོན་དང་ཚོང་དཔོན་ངན་པ་ལག་འབྲེལ་གྱིས། །
དམངས་ཀྱི་སྡོན་ཁང་ཙམ་ཡང་བཤིག་སྤོ་བྱ། །
དྲག་རྡུང་བཤིག་སྤོའི་ལས་འགུལ་རེ་རེའི་ནང་། །
མང་ཚོགས་ཚེ་སྲོག་ཤོར་བ་ཉུང་ཉུང་མིན། །

རྒྱན་འཇོག་མི་ཆོག་སྒྲིག་གཞི་ལམ་ལུགས་མང་། །
ལུས་རྩལ་བྱ་དགའི་འཛིན་ཤོག་དར་སྤེལ་གཏོང་། །
གཏེ་པོ་མི་ངན་འཛིན་པའི་སྲིད་ཇུས་སྒྲོག །
དྲག་རྡུང་ལེབ་རྡུང་བཏང་བ་གྲངས་མེད་རེད། །

ལྟག་སྒོ་རླུང་སྒོ་སྒོ་མོ་ཇེ་མང་རེད། །
མགོ་བོ་གྱང་ལ་རྡུང་བ་ཇེ་མང་རེད། །
ལྟག་སྒོའི་སྒོ་ནས་ཁྲག་དམར་འཕྱུར་ན་ཡང་། །
བློ་མཐུན་འཆམ་མཐུན་དགོས་པའི་བཀའ་མངགས་ཡོད། །

མཐོ་ས་ཞིག་ནས་སྲིད་གཙང་ཡིན་རབས་དང་། །
དམའ་ས་འདི་ནས་འཁྱོག་པོར་གྱུར་རབས་གླེང་། །
མཐོ་ས་དེ་ནས་ཆུ་བོ་མ་རྙོག་ན། །
དམའ་ས་འདི་ནས་ཆུ་བོ་ཉོག་དོན་ཅི། །

སྲིད་ཀྱི་ཚད་ཐིག་བྲིས་པའི་སྤྱི་ཚོགས་ནང་། །
རང་དབང་བསམ་བློའི་འདུ་ཤེས་གང་ནས་འཚོལ། །
སློབ་གསོ་རིག་གནས་མཁའ་དབུགས་གང་ན་ཡོད། །
མི་ཡི་སྨྲ་བརྗོད་རང་དབང་ཡོད་སྲིད་དམ། །

དམའ་དུས་ཞོ་ཧྥེང་ངོ་རྒོལ་ཁ་གཏད་ཡིན། །
མཐོ་དུས་ཞོ་ཧྥེང་བསྒྱུར་བཅོས་དཔའ་བོ་ཡིན། །
དབང་ཆ་ཡོད་དུས་དྲུག་བཞིའི་དྲག་གནོན་སྤེལ། །
དབང་ཆ་མེད་དུས་བཙོན་ལ་ལོ་གྲངས་སྡོད། །
སྒེར་འཛིན་ཡུལ་ལ་དབང་ཆ་སུ་ཡོད་ཡིན། །

མི་ཡི་ཐོབ་ཐང་རྩོད་དུས་བཙོན་ལ་བཅུག །
དམངས་ཀྱི་བདེ་སྡུག་ལབ་དུས་བཀག་ཉར་བྱ། །
དབང་སྒྱུར་ཚོགས་པའི་དབང་ཆ་གང་འདོད་སྤྱོད། །
དམངས་ཀྱི་དཔའ་བོར་ཉེས་མིང་བཏགས་པ་མང་། །

ས་བདག་རྩོད་པའི་ལྟག་རྩེའི་རྩེད་མོ་ཞིག །
དགོད་སྒྲའི་ཁྲོད་དུ་རྩེ་བའི་བརྒྱུད་རིམ་ནང་། །
གྲལ་རིམ་འཐབ་རྩོད༼རྡུང་གཅོག་འཕྲོག་གསུམ༽དེ། །
ཡིད་ལ་དྲན་ནས་མིག་ཆུ་མི་ཤོར་རམ། །

གྲལ་རིམ་ཀ་པས་ཁ་པར་དབང་སྒྱུར་ཟེར། །
དེ་ལ་གདུག་རྩུབ་གཉའ་གནོན་མིང་ཞིག་ཡོད། །
གྲལ་རིམ་ག་པས་ཁ་པར་དྲག་འཐབ་བྱེད། །
དེ་ལ་ཞི་བའི་བཅིངས་འགྲོལ་མིང་འདི་སྙན། །

དཔལ་འབྱོར་འཕེལ་རྒྱས་ཇི་ཙམ་མགྱོགས་ན་ཡང་། །
འགྲོ་ས་སྡོད་ས་ཇི་ཙམ་ལེགས་ཀྱང་རུང་། །
མི་ཡི་ཐོབ་ཐང་བརྩི་མེད་རྡོག་རོལ་གྱི། །
དམར་གསོད་ཁྲག་དམར་འཕྱུར་བའི་ལོ་རྒྱུས་དེ། །
བརྗེད་ཐབས་མེད་ལ་སུབ་ཐབས་གང་ན་ཡོད། །

ཁ་ནས་རོགས་སྐྱོར་སྐམ་པོའི་ཐ་སྙད་འཁྱེར། །
དོན་དུ་རིགས་བསྒྱུར་སློབ་གསོའི་ཇུས་གཞི་འདིང་། །
ཤུལ་འཛིན་ཐོབ་ཤོར་ཆབ་སྲིད་དམིགས་འབེན་གྱིས། །
བོད་ཕྲུག་ཕལ་ཆེར་ནང་སའི་སློབ་གྲྭར་སྐྱེལ། །

རྫོང་ཨུད་ཧྲུའི་ཅི་མི་ལོ་བཅུ་གཉིས་དང་། །
སྲིད་གཞུང་རྫོང་དཔོན་མི་ལོ་བཅུ་གསུམ་སོགས། །
ལས་གནས་སྡོད་པའི་དུས་ཚོད་མ་ཡིན་པར། །
རུལ་སུངས་བྱེད་སྒོ་ཅི་ཡོད་སྤེལ་བ་ཡིས། །
དུས་ཡུན་བཙོན་འཇུག་ཆོ་ལོ་རག་པ་ཡིན། །

གྲོང་མིའི་ཐོབ་ཐང་ལག་འཁྱེར་བརླག་པ་ཡིས། །
གྲོང་མིའི་ཐོབ་ཐང་བརླག་པའི་སྤྱི་ཚོགས་མཚར། །
སློབ་ཐོན་སློབ་མའི་ལག་འཁྱེར་བརླག་པ་ཡིས། །
སློབ་མའི་མདུན་ལམ་བརླག་པའི་དགོད་གཏམ་མཚར། །
ཁ་པར་ཨང་གྲངས་ཙམ་ཞིག་བརླག་པ་ཡིས། །
དགའ་ཉེ་སྤུན་གྲོགས་བརླག་པའི་གཏམ་རྒྱུད་མཚར། །

རིག་གནས་གསར་བརྗེ་ཆེན་པོའི་རླུང་འཚུབ་ནང་། །
ལུའུ་ཧྲོ་ཆི་ལ་གྲལ་རིམ་འཐབ་རྩོད་རག །
ཞའོ་ཧྥེང་ཕྱོགས་ལ་གཡས་ཐལ་འཐབ་རྩོད་ཕོག །
མི་བཞི་ཤོག་ཁག་ཁྲིམས་ཀྱི་གཉའ་ལོ་བཀལ། །
ཅི་འདོད་མི་ཡིས་གང་འདོད་ཉེས་མིང་གཡོགས། །

ཀྲུའུ་ཞི་ཆུ་བོ་བརྒལ་དུས་གྲུ་ལ་བསྡད། །
ཙུང་ལི་ཆུ་བོ་བརྒལ་དུས་གནམ་གྲུར་བསྡད། །
ཀྲུའུ་རིན་ཆུ་བོ་བརྒལ་དུས་ཟམ་པ་ཐོན། །
ལྟ་སྟངས་བསམ་ཕྱོགས་མི་འདྲ་དགེ་མཚན་ཡང་། །
གྲལ་རིམ་འཐབ་རྩོད་མི་དགོས་ས་ནས་སློང་། །

ཚོང་དཔོན་ཚོགས་པ་བཙུགས་ནས་ཚོང་ལས་གཉེར། །
ཚོང་ལས་གཉེར་ནས་ཁྲོམ་རྭ་སྒེར་སྡོམ་བརྒྱབ། །
དངོན་པོས་དཔོན་ཚོགས་བསྡུས་ནས་འབྲེལ་ལམ་བཟོས། །
འབྲེལ་ལམ་བཟོས་ནས་ལྟག་སྒོའི་སྒོ་མོ་ཕྱེ། །
མང་ཚོགས་འདུས་ནས་མཉམ་ལས་གཉེར་ན་ཡང་། །
ནག་ཚོགས་ཟེར་ནས་ལེབ་རྡུང་བྱང་པ་མང་། །

བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་འདི། །
དམངས་གཙོ་འཕྲོག་བྱེད་ཤིང་གཅོད་སྟ་རེ་ཙམ། །
ངལ་རྩོལ་སློབ་གཅུན་ཟེར་བའི་བཅའ་ཁྲིམས་འདི། །
རྩ་ཁྲིམས་མ་འགལ་རང་དབང་འཕྲོག་བྱེད་ཙམ། །

བརྗོད་བྱའི་སློབ་གསོ་ཐེངས་གྲངས་སྤེལ་ན་ཡང་། །
ཁྲིམས་ནི་མི་རྟོགས་སྲིད་ནི་མི་ཤེས་པར། །
ལོང་བ་ཐང་འཁྱམ་ལྟ་བུའི་ཧྲུའུ་ཅི་དང་། །
རང་སེམས་རླུང་དང་འགྲོགས་པའི་ཤང་ཀྲང་འདིས། །
གཞི་རིམ་ཆག་སྒོ་སློང་རྒྱུ་ཐེ་ཚོམ་ཅི། །

ཀུང་སིར་དངུལ་བུན་མང་བའི་གཡོ་ཇུས་འཁྲབ། །
ཀུང་སིར་བུན་སྟོངས་སོང་བའི་ངན་ཇུས་སྟོན། །
ལྟག་སྒོ་ལྐོག་རྔན་ནག་ཉེས་བསགས་ན་ཡང་། །
སྲིད་འཛིན་ལས་ཀར་སྤོ་འདི་ཅི་ཞིག་ལགས། །
སླར་ཡང་ཤ་ཟད་སྒྲོ་ལྷག་མི་འདོན་ནམ། །

Leave a Comment

Your email address will not be published. Required fields are marked *

*