དེང་རབས་ལས་བྱེད་པ་དང་འགོ་ཁྲིད་ཁ་ཤས་ལ་ཁ་གཏད་དུ་བྲིས་པ།


ཡོད་ཚད་ལ་ཚེ་སྲོག་རྒྱས་ནས་གཉིད་ལས་སད་པའི་དུས་འདིར་ང་ཚོས་གསེར་མདོག་གི་ཕ་ས་བཟང་པོ་བདག་སྐྱོང་བྱེད་ཆེད་ཕུ་ནུ་མང་པོ་ཞིག་གིས་སད་རྟོགས་ཀྱི་ཀི་རིང་འདེབས་ཀྱིན་ཡོད་ལ་བདེ་སྡུག་གི་དབྱངས་རྟ་གྱེར་བཞིན་ཡོད་པ་ནི་དགའ་འོས་པ་ཞིག་ཡིན་མོད། ཁང་བརྩེགས་དྲོན་མོའི་ཐེམ་སྐས་ན་མི་རིགས་ཀྱི་བདེ་སྡུག་བོར་བའི་ལས་བྱེད་པ་དང་འགོ་ཁྲིད་རེ་འགས་དབྱངས་རྟ་དེ་ཧབ་ཆ་ཞིག་དང་ཀི་རིང་དེ་འཛེར་སྒྲ་ཞིག་དུ་ངོས་བཟུང་བའི་ཚུལ་འདིས་བདག་སེམས་ཀྱི་གཏིང་རིམ་ལ་རྨ་ཁ་ཞིག་བཟོ་བཞིན་ཡོད་པས་སྨྱུག་ཁ་ནང་དུ་བསྐོར་ནས་ཁོ་ཚོར་ཐེངས་གཅིག་བོས་ན་འདོད།
༡ ཀྭ་ཡེ་ཕ་སྐད་ལ་དོ་སྣང་མི་བྱེད་པའི་རང་རློམ་ཅན།
ངས་འདི་ལྟར་འབོད་དོན་ཕ་སྐད་གཙང་མ་ཞིག་ཤོད་ཐུབ་པ་བྱ་རྒྱུ་ནི་རང་གི་རྒྱན་དང་ལེགས་ཆ་ཞིག་ཏུ་བརྩི་བཞིན་པའི་སྐབས་འདིར་ཁོ་ཚོས་རྒྱ་སྐད་བཤད་ཤེས་པ་གཟི་བརྗིད་དང་ཕ་སྐད་དག་མོ་བཤད་པ་ངོ་ཚ། སྦྲགས་སྐད་བཤད་པ་རྒྱུན་ལྡན་དུ་རྩིས་པའི་འདུ་ཤེས་འདི་ཇི་འདྲའི་བཙོག་པ་ལ། རྒྱབ་ཁུག་ཕྲག་ཏུ་ཁུར། སྐྲ་ལོའི་ཁ་མདོག་བསྒྱུར། བཞིན་ལ་ཚོན་གྱིས་བྱུགས་ནས་གཞུང་ལས་ཁང་གི་སྒོ་ཐེམ་ནས་རྒྱ་མོ་བཅོས་མ་ཞིག་གི་རྣམ་འགྱུར་བསྟན་པ་དེ་སྙིང་རྗེ་པའི་ཚུལ་ཤིག་ཡིན་མོད། ཁོ་ཚོས་དེ་ནི་གཟི་བརྗིད་དང་བདེ་སྐྱིད་ཅིག་ཏུ་འདོད་པའི་མགོ་དགྱེ་དགྱེ་དང་སེམས་སྐྱིད་སྐྱིད་ཀྱི་ངང་ཚུལ་འདི་ལས་རང་ཉིད་ནི་དུས་རབས་དང་བསྟུན་པའི་མི་ཞིག་ཏུ་གྱུར་ཡོད་སྙམ་པ་ཤ་སྟག་ཡིན། དོན་དམ་བསམ་བློའི་རིན་ཐང་བོར་ལ་འཚོལས་སྙེག་ཀྱི་ཕུགས་རེ་མེད་པར་ཡིད་ཚིམས་པའི་རྣམ་པ་དེ་ཇི་འདྲའི་སྐྱོ་འོས་པ་ཞིག་རེད་ཨང་།
ཕར་ལ་ཕ་སྐད་བཤད་རུང་ཚུར་ལ་སྦྲགས་སྐད་ལབ་པའི་ཁྱོད་ཚོའི་ལང་ཤོར་གྱི་གོམས་གཤིས་དོར་ནས་ལག་ཟུང་བྲང་ཁར་སྦྱར་ནས་འདང་ཞིག་རྒྱོབས་དང་ངའི་སྤུན་གྲོགས་སུ་གྱུར་བའི་ཤེས་ལྡན་པ། ངས་རྒྱབ་ཁུག་མ་འཁུར། སྐྲ་མདོག་མ་བསྒྱུར། ཚོན་མདངས་མ་བྱུགས་ཟེར་བ་མིན་ལ། བླ་མེད་ཀྱི་བསམ་བློ་རྒྱང་དུ་དོར་ནས་ཕྱི་རྫིག་རྫིག་གི་བྱེད་སྟངས་འདི་ངོ་མ་དགོད་བྲོ་བ་ཞིག་རེད་ཟེར་འདོད་པས་དགོངས་དག་ཞུ།
༢ ཀྱེ་མི་རིགས་ནི་ཁུར་བོར་འདོད་པའི་ཧམ་སེམས་ཅན།
སྤྱིར་མི་རིགས་ཀྱི་ཆེད་དུ་མི་རིགས་ཁུར་བོ་རུ་འདོད་ན་དགའ་འོས་པ་ཞིག་ཅི་ལ་མིན། དེ་ལས་ལྡོག་དེ་གོ་ས་དང་དབང་ཆའི་ཆེད་དུ་མི་རིགས་ཁུར་བོ་རུ་འདོད་པ་དེས་ང་ལ་གླེང་གཞི་འདིའི་རྒྱབ་ལྗོངས་བསྐྲུན།
མི་རིགས་རང་སྐྱོང་གི་ཁེ་དབང་བདག་དམ་མི་བྱེད་པར་འགོ་ཁྲིད་ཀྱི་ཆོ་ལོའི་དབུ་ཞྭ་གྱོན་ནས་གྲོས་ཚོགས་ཀྱི་གཏམ་བཤད། ལས་ཁུངས་ཀྱི་ཡིག་ཆ་དང་བྱ་བྱེད་ཅི་ཡིན་རུང་རང་གི་སྐད་ཡིག་བཀོལ་སྤྱོད་ལ་ཤུགས་མི་སྣོན་པའི་ཁྱེད་ཀྱི་སྤྱོད་སྟངས་དེས་འུ་ཅག་གི་རིག་གནས་བཀོལ་སྤྱོད་ཐད་ལ་གྱོང་གུད་ཚབས་ཆེན་བཟོ་བར་འདང་རྒྱག་གི་མེད་ལ་བོད་སྐད་ཡིག་བཀོལ་ན་རང་གི་གོ་གནས་ལྷུང་བའི་ཧམ་སེམས་དང་བོད་སྐད་ཡིག་བཀོལ་ན་མི་མང་པོས་མི་ཤེས་པའི་འདུ་ཤེས་འཛིན་སྟངས་འདི་མི་རིགས་ཤིག་གི་དར་རྒུད་ལ་མཚོན་ན་ནོར་འཁྲུལ་གྱི་བསམ་བློ་ཞིག་མིན་ནམ། ཁྱོད་ཚོ་འགོ་ཁྲིད་ཅིག་ཡིན་པའི་ཆ་ནས་མི་རིགས་རང་སྐྱོང་ནི་ཅི་ཡིན་པ་ཤེས་སྲིད་མོད། ཤེས་བཞིན་དུ་ཁྱབ་བརྡལ་དང་བེད་མི་སྤྱོད་འདི་སུ་ལན་སོང་། ཡོད་ཚད་ཧོར་རྒྱུག་བྱས་ནས་སྐད་ཡིག་གཞན་དག་ཁོ་ན་སྤྱད་ན་རང་རིགས་ལ་གནོད་པ་ག་ཚོད་ཡོད་པར་བསམ་བློ་རེ་བཏང་ན་མི་ཆོག་གམ། ང་ཚོར་དགེ་རྒན་དང་སྨན་པ་མང་ཆེ་འདུག་ཟེར་བ་འདི་ཡང་རྒྱུ་རྐྱེན་འདི་ལས་མ་འདས་སྙམ། ཤེས་རིག་གི་ཆུ་ཚད་མཐོ་བའི་མི་སྣ་ཡོད་རུང་རང་ས་ནས་སྐད་ཡིག་བཀོལ་སྤྱོད་ཟུར་དུ་བཞག་དྲགས་པས་མི་སྣ་དེ་དག་བེད་སྤྱོད་བྱེད་ས་མ་ཡོད་པ་ལོས་ཡིན་འདོད་ལ། འདི་ཡང་ཧོར་རྒྱུག་ལ་དགའ་བའི་འགོ་ཁྲིད་ཚོའི་ཧམ་སེམས་དང་བདག་འཛིན་ལས་ཐོན་པའི་ཕམ་ཁ་ཞིག་ཀྱང་ལོས་ཡིན་སྙམ།
གནས་ཚུལ་ཡོངས་ཁུངས http://www.sangdhor.com/blog_c.asp?id=5762&a=777777777777777

Leave a Comment

Your email address will not be published. Required fields are marked *

*