དགོན་སྡེའི་བདག་སྐྱོང་ལམ་ལུགས་བཅོས་བསྒྱུར།

2013 05 24 Monastic Reform

དགོན་སྡེའི་བདག་སྐྱོང་ལམ་ལུགས་བཅོས་བསྒྱུར་ཐད་བཏོན་པའི་གྲོས་འགོ

—སྤྲུལ་སྐུས་གཙོས་པའི་སེར་མོའི་སྤྱི་ཚོགས་ལེགས་ལམ་དུ་འགོད་རྒྱུ་ནི་བོད་སྤྱི་ཚོགས་
ལེགས་ལམ་དུ་འཇུག་པའི་གནད་འགག་གཅིག་ཡིན།

ང་ཚོའི་ད་ལྟའི་གནས་སྟངས་ནི་འདི་འདྲ་ཞིག་རེད། བོད་མི་མང་ནི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མི་ལྡན་པའི་སྤྲུལ་སྐུའི་མིང་ཅན་དག་གི་དབང་དུ་གྱུར་པ། དགོན་སྡེ་ཆོས་སྡེ་མང་དག་ཅིག་ནི། གནས་ལུགས་ཀྱིས་མ་ཟིན་པའི་སྔར་སྲོལ་རྙིང་པའམ་ལམ་ལུགས་སྐྱོན་ཅན་ཞིག་གི་གནས་སྟངས་སུ་བསྡད་ཡོད་པ། འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱིས་ཕྱུག་པའི་དགེ་བཤེས་དང་མཁན་པོ་རྣམས་ནི་བར་མ་དོ་རུ་འཕྲོ་བརླག་ཏུ་ཕྱིན་དང་འགྲོ་བཞིན་པ་དེ་འདྲ་ཞིག་རེད།
ད་ནི་ང་ཚོའི་གནས་སྟངས་དེ་ལ་ལེགས་ཕྱོགས་ཀྱི་འགྱུར་བ་ཞིག་ངེས་པར་དུ་འགྲོ་དགོས། གལ་ཏེ་འགྱུར་བ་དེ་འདྲ་མ་ཕྱིན་པ་ཡིན་ན། ང་ཚོ་ནི་མུ་མཐུད་རྒུད་པ་ནས་རྒུད་པར་འགྱུར་ཤག་ཤག་རེད།
འགྱུར་བ་གཏོང་བར་མངོན་པར་ཕྱོགས་པ་ལ། དང་པོར། དགོན་སྡེ་ཆོས་སྡེའི་གནས་སྟངས་ངོ་མ་དེ་གསལ་བོར་ཤེས་དགོས་པ་རེད། ངས་ཤེས་ཚུལ་ལ། ཚད་ངེས་ཅན་ཞིག་ནས་བལྟས་པ་ཡིན་ན། ང་ཚོའི་དགོན་སྡེའི་འགྲོ་སྟངས་དེ་ལུགས་སྲོལ་རྙིང་པ་ཞིག་གི་གཞན་དབང་ལ་འགྲོ་ཡི་ཡོད་པ་མ་གཏོགས། ནང་པའི་ཆོས་ཀྱི་དགོངས་པ་དང་ཡོངས་སུ་མཐུན་པའི་ལམ་ག་ཞིག་ལ་འགྲོ་ཡི་མེད་པ་རེད། དཔེ་ཞིག་བཞག་ན། ངའི་ཕ་ཡུལ་ལ་ལོ་ངོ་བརྒྱ་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་དགོན་སྡེ་ཞིག་ཡོད། ལོ་ཁ་ཤས་ཀྱི་སྔོན་དུ་ང་ལ་ང་ཚོའི་དགོན་བདག་སྤྲུལ་སྐུ་ཁོང་དང་མཉམ་དུ་སྐད་ཆ་བཤད་པའི་གོ་སྐབས་ཤིག་བྱུང་། དེ་དུས་ངས་ཁོང་ལ། ཁྱེད་རང་ང་ཚོའི་དགོན་བདག་རེད། ང་ཚོའི་རྫོང་ཁོངས་ཡོངས་སུ་མཚན་ཉིད་དར་བའི་དགོན་སྡེ་གཅིག་ཀྱང་ཡོད་པ་མ་རེད། ཁྱེད་ནས་བཤད་གྲྭ་ཞིག་བཙུགས་ན་འཕྲལ་ཕུགས་གཉིས་ཕན་ཞིག་ཡོང་ངེས་རེད། ཅེས་ཞུས་པར་ཁོང་གིས། ངས་ལས་དེ་སྒྲུབ་པའི་གྲབས་བྱས་པ་ཡིན། ཡིན་ན་ཡང་གྲྭ་རྒན་པ་རྣམས་ཀྱིས་གེགས་ཆ་བཟོས་པས་བསྒྲུབ་ཐུབ་མ་སོང་ཞེས་གསུངས་སོང་། དེ་དང་དེ་འདྲའི་སྲོལ་རྙིང་གི་གེགས་ཆ་ས་ཆ་གཞན་དང་གཞན་ལ་ཡང་མེད་འགྲོ་བསམ་གྱིས།
ཀུན་གྱིས་མཁྱེན་གསལ་ལ། གྲྭ་པ་གྲྭ་པ་ཞེས་པ་ནི་འཇིག་རྟེན་ལས་ཟུར་དུ་ཐོན་པའི་མི་ཞེས་པའི་དོན་རེད། དེ་འདྲ་ཡིན་དུས། སེར་མོའི་སྤྱི་ཚོགས་ནི་མི་སྐྱའི་སྤྱི་ཚོགས་དང་མི་འདྲ་བའི་དམིགས་བསལ་གྱི་སྤྱི་ཚོགས་ཤིག་རེད་འདུག དེ་ལ་རང་ཉིད་ཀྱི་འགྲོ་སྟངས་ཡོད་ལ་ཡོད་ཀྱང་དགོས་ཀྱི་རེད། དེར་མ་ཟད་འགྲོ་སྟངས་དེར་ཚད་གཞི་ཞིག་དང་ཚད་ཤིང་ཞིག་དགོས་ལ། ཚད་གཞི་དེ་ནི་དགོན་སྡེ་རེ་རེའི་བཅའ་ཡིག་ཡིན་ན་འགྲིག་པ་སྟེ། དེ་ཡང་དགོན་པ་དེའི་བླ་གྲྭ་སྤྲུལ་སྐུ་རིས་སུ་མེད་པར་ཐམས་ཅད་འདྲ་མཉམ་ངང་བཅའ་ཡིག་ལ་གནས་པ་ཞིག་ངེས་པར་དུ་དགོས། དེ་འདྲ་ཡིན་དུས། ཐོག་མར་“དགེ་བཤེས་ལྷན་ཚོགས”་སམ་“མཁན་པོ་ལྷན་ཚོགས”་ཞེས་པ་ཞིག་འཛུགས་དགོས་ཤིང་དེས་གཙོ་འགན་བཞེས་པ་ལ་བརྟེན་ནས། ཆོས་ཀྱི་དགོངས་སྙིང་དང་མི་འགལ་ཞིང་དམངས་གཙོའི་ལམ་སྲོལ་དང་ཡོངས་སུ་མཐུན་པའི་བཅའ་ཡིག་ཚད་ལྡན་ཞིག་གཏན་འབེབ་བཟོ་དགོས་པ་རེད།
བཅའ་ཡིག་དེ་འདྲ་ཞིག་བཟོ་བ་ལ་དགོས་པ་དང་དགེ་མཚན་ག་རེ་ཡོད་པ་རེད་ཅེ་ན། ངས་ལོ་རྒྱུས་ཀྱི་དོན་དངོས་ངོ་མ་ཞིག་གིས་དྲི་བ་དེར་ལན་འདེབས་ཀྱི་ཡིན། དབྱིན་ཇི་རྒྱལ་ཁབ་ཀྱི་ཅུང་ཟད་སྔ་མོའི་དུས་ཤིག་ལ། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་བཙོན་པ་རྣམས་རྒྱང་ཐག་ཤིན་ཏུ་རིང་བའི་ཨོ་སི་ཐྲ་ལི་ཡ་རུ་རྒྱང་འཕུད་གཏོང་གི་ཡོད་པ་རེད། དེར་བཙོན་པ་རྣམས་ཕར་སྐྱེལ་བ་ལ་ཐོག་མར་དབྱིན་ཇིའི་གཞུང་ནས་བཙོན་པ་ག་ཚོད་གྲུ་ལ་ཞུགས་པའི་གྲངས་ཀ་ལྟར་གྲུའི་ཚོང་བདག་ལ་རྡལ་གླ་སྤྲད་པ་རེད། རྡལ་གླ་དེ་ལྟར་སྤྲད་པས་ཚོང་བདག་ཚོས་ཁེ་སྤོགས་མང་ཙམ་ལེན་པའི་ཆེད་དུ། གྲུའི་ནང་བཙོན་པ་གང་མང་མང་ཞུགས་སུ་བཅུག་པས། བཙོན་པས་བཙོན་པ་མནན་ཏེ་བསད་པ་དང་། ཚོང་བདག་གིས་སྐྱེལ་འདྲེན་གྱི་མ་རྩ་དམའ་རུ་གཏོང་བའི་ཆེད་དུ་བཙོན་པ་ཚོར་ཟ་མ་གང་ཉུང་ཉུང་ལས་མ་སྤྲད་པ་དང་། ཡང་བཙོན་པ་རྣམས་ལ་གྲུ་ནང་ན་ཚ་བྱུང་ན་ཡང་སྨན་བཅོས་དང་སྨན་རྫས་མ་སྤྲད་པ། དེ་ལས་ཀྱང་སྡུག་པ་ཞིག་ལ། ཚོང་བདག་རྒྱུ་རྔམ་ཅན་ཁ་ཤས་ཀྱིས་བཙོན་པ་མཚོ་ནང་དུ་གཡུགས་པའི་དོན་དག་ཀྱང་མང་དག་ཅིག་བྱུང་ཡོད་པ་རེད། དེ་འདྲའི་རྐྱེན་གྱིས། བཙོན་པ་ཉུང་ཉུང་མ་གཏོགས་སྐྱེལ་ཡུལ་ལ་སླེབས་མི་ཐུབ་པའི་གནས་ཚུལ་རྟག་པར་བྱུང་ཡོད་ལ། ཐེངས་མ་སྡུག་ཤོས་གཅིག་ལ་བཙོན་པ་གཉིས་ལས་སླེབས་ཐུབ་མེད་པ་རེད།
གནས་ཚུལ་དེ་ལ་གཞིགས་ནས། དབྱིན་ཇིའི་གཞུང་གིས་ཐབས་ཤེས་མི་འདྲ་བ་ཁ་ཤས་བྱས་ཤིང་། ཐབས་ཤེས་གཅིག་ལ། ཁོ་ཚོས་བཙོན་པ་རྣམས་གསོན་པོར་སྐྱེལ་ཡུལ་ལ་སླེབས་པའི་ཆེད་དུ་སྨན་རིན་ཡང་ཟུར་ནས་སྤྲད་པ་རེད། ཡིན་ཡང་དེས་ཕན་མ་ཐོགས་པས་མ་ཚད་སྨན་གྱི་རིན་པ་ཡང་ཚོང་བདག་འདོད་རྔམ་ཅན་ཚོས་ཟོས་སོང་བ་རེད། མཇུག་ཏུ་དབྱིན་ཇིའི་གཞུང་གིས་ཞིབ་འཇུག་ཡང་ཡང་བྱས་མཐར། བཙོན་པ་སྐྱེལ་འདྲེན་བྱེད་པའི་སྔར་སྲོལ་རྙིང་པ་བསྒྱུར་ཏེ་ལམ་ལུགས་གསར་པ་བཟོས་པ་རེད། ལམ་ལུགས་གསར་པ་དེར། སྔར་སྲོལ་ལྟར་བཙོན་པ་གྲུ་ལ་ཞུགས་པའི་གྲངས་ཀ་ལྟར་རྡལ་གླ་སྤྲོད་པ་མ་ཡིན་པར། དེ་ལས་ལྡོག་སྟེ། བཙོན་པ་རྣམས་སྐྱེལ་ཡུལ་ཨོ་སི་ཐྲ་ལི་ཡར་སླེབས་པའི་གྲངས་ཀ་ལྟར་རྡལ་གླ་སྤྲད་པ་རེད། དེ་འདྲ་བྱས་པས། ཚོང་བདག་ཚོས་ཐབས་ཤེས་གང་ཡག་ཡག་བྱས་ཏེ་བཙོན་པ་རྣམས་སྐྱེལ་ཡུལ་ལ་སླེབས་པར་བྱས་པ་རེད། སྐྱེལ་ཐེངས་ཡག་ཤོས་ཤིག་ལ་བཙོན་པ་རེ་གཉིས་ལས་མ་ཤི་བའི་གནས་ཚུལ་ཡང་བྱུང་ཡོད་པ་རེད། གཟིགས་དང་། ལམ་ལུགས་ཡག་པོ་ཞིག་གི་ཡོན་ཏན་དེ་འདྲ་རེད་དོ།།
གལ་ཏེ་དགོན་སྡེ་ཁག་ཏུ་བཅའ་ཡིག་དེ་འདྲ་བཟོ་ཐུབ་པ་བྱུང་ཤིང་། སེར་མོ་པ་ཐམས་ཅད་ཀྱང་བཅའ་ཡིག་དེ་ལ་གནས་ཐུབ་པ་བྱུང་ཚེ། དགོན་སྡེ་དང་དེ་ལ་གནས་པའི་སེར་མོའི་སྤྱི་ཚོགས་ཀྱི་དཀའ་རྙོག་སེལ་ཐུབ་པར་མ་ཟད། བོད་སྤྱི་ཚོགས་ཧྲིལ་པོ་ལེགས་ལམ་དུ་ཞུགས་ཐུབ་པར་ཐེ་ཚོམ་ཟ་དགོས་པ་མ་རེད་སྙམ།
བཅའ་ཡིག་དེ་འདྲར་ངེས་པར་དུ་འཁོད་དགོས་པའི་དོན་ཚན་གསུམ་ཡོད་པ་སྟེ།
གཅིག སེར་མོའི་སྤྱི་ཚོགས་སུ་སྤྲུལ་སྐུ་ཡིན་མིན་ལ་མ་ལྟོས་པར། རབ་བྱུང་པ་ཐམས་ཅད་ཀྱི་ཐོབ་ཐང་འདྲ་མཉམ་ཡིན་པ་བཟོ་དགོས་པ།
དོན་ཚན་དེ་བཟོས་པ་ཡིན་ན། སེར་མོ་པའི་ཐོབ་ཐང་དང་བསླབ་པ་རྒན་གཞོན་གཉིས་ཐ་དད་སོ་སོར་དབྱེ་ཐུབ་ཅིང་། དེས་ནི་བསླབ་པ་རྒན་པ་དང་། སྤྲུལ་སྐུ། སེར་མོ་པ་དཀྱུས་མ་ཚང་མར་འདྲ་མཉམ་དུ་དགོན་པའི་ལས་དོན་དང་སྐྱིད་སྡུག་ཐད་བསམ་གཞིགས་གཏོང་བ་དང་སྐད་ཆ་བཤད་པ། ཆ་ཤས་ལེན་པའི་ཐོབ་ཐང་ཡོད་པར་འགྱུར་བ་རེད།
འདིར་ལྷན་རྒྱས་ནས་མཁྱེན་དགོས་པ་ཞིག་ལ། བསླབ་པ་རྒན་གཞོན་ནི་ཀུན་སྤྱོད་རིག་པའི་གུས་ལུགས་ཀྱི་ཁོངས་སུ་གཏོགས་ན། སྔར་མུས་སུ་འདུལ་བ་ནང་ལྟར་འགྲོ་ཆོག་པ་ལས་འགྱུར་བ་གང་ཡང་བཏང་མེད་པ་དེ་ཡིན།
གཉིས། སྤྲུལ་སྐུ་སྐྱེད་སྲིང་གི་ལས་འགན་དེ་དགེ་བཤེས་ལྷན་ཚོགས་དང་མཁན་པོ་ལྷན་ཚོགས་ལ་སྐུར་དགོས་པ་དང་། སྤྲུལ་སྐུ་འཁྲུངས་སའི་ཁྱིམ་ཚང་ལ་དེར་ཇུས་གཏོགས་ཀྱི་དབང་ཆ་མེད་པ་བཟོ་དགོས།
དེ་ལྟར་འཁོད་དགོས་པར་རྒྱུ་མཚན་ཆེན་པོ་ཡོད། ངས་ཤེས་གསལ་ལ། ང་ཚོ་ཨ་མདོ་ལུང་པའི་དགོན་སྡེ་ཁ་ཤས་ཀྱི་སྤྲུལ་སྐུ་ཆེན་པོའི་ཐོས་བསམ་སློབ་གཉེར་ལ་འཁྲུངས་ཡུལ་ཁྱིམ་རྒྱུད་ཀྱིས་གེགས་བྱས་པའི་དབང་གིས་མཁས་བཙུན་བཟང་བའི་ཡོན་ཏན་མ་འབྱོར་བའི་རྗེས་འབྲས་སུ། སྤྲུལ་སྐུ་དེ་གྲས་སོ་སོའི་ཁྱིམ་རྒྱུད་ལ་རྒྱུ་ནོར་འཚོལ་མཁན། གཞན་གྱི་ལག་ཆ། བོད་མི་མང་ལ་ལམ་ལོག་པར་སྟོན་པའི་གནོད་པ་སྐྱེལ་མཁན། སངས་རྒྱས་བསྟན་པའི་ཞབས་འདྲེན་དུ་གྱུར་པ་དེ་འདྲ་ཡོད་པ་རེད། གོང་དུ་ཞུས་པའི་དོན་ཚན་དེས་དོན་ངན་དེ་རིགས་ལེགས་པར་སྔོན་འགོག་ཐུབ་ཀྱི་རེད།
གསུམ། སྤྲུལ་སྐུ་རྣམས་ལ་དབང་གནང་བ་སོགས་ལས་བྱུང་བའི་དངུལ་དངོས་ཀྱི་ཡོང་སྒོ་སྤྲུལ་སྐུ་རང་ཉིད་དང་སྤྲུལ་སྐུ་འཁྲུངས་སའི་ཁྱིམ་ཚང་ལ་བདག་པའི་ཁྱད་དབང་དེ་མེད་པའི་གཏན་འབེབ་བཟོ་དགོས་པ་དང་། ཡོང་སྒོ་དེ་རིགས་དགོན་སྡེ་སྤྱི་ལ་བདག་པར་གཏན་འབེབ་བཟོ་དགོས།
དེ་ཡང་ད་ལྟའི་བོད་སྤྱི་ཚོགས་སུ་འཚོ་བའི་སྤྲུལ་སྐུ་རྣམས་ཀྱི་བྱ་བྱེད་ལ་གཞིགས་ན། འཇིག་རྟེན་ཆོས་བརྒྱད་ཀྱིས་མ་གོས་པ་དེ་འདྲ་ཧ་ལམ་མེད་པའི་ཚོད་རེད། དེ་འདྲ་ཡིན་དུས། ཁོ་ཚོའང་སོ་སྐྱེས་ཕལ་པ་རྣམས་དང་འདྲ་བར་བཅའ་ཡིག་ལ་གནས་པར་བྱེད་དགོས་པ་དེ་མངོན་སུམ་མཐོང་ཆོས་རེད། དེར་མ་ཟད། གོང་དུ་སྤྲུལ་སྐུའི་ཡོང་སྒོའི་ཐད་ཆེད་དམིགས་སུ་གཏན་འབེབ་དེ་འདྲ་ཞིག་བཟོ་དགོས་པ་ལའང་། རྒྱུ་མཚན་ཡོད་དེ། དབྱིན་ཇི་རྒྱལ་ཁབ་ཀྱི་མཁས་པ་ཞིག་གིས། “དབང་ཆས་རུལ་སུངས་སྐྱེད་པར་བྱེད་ལ། དབང་ཆ་ཅི་ཙམ་ཆེ་བ་ཡོད་ན་རུལ་སུངས་དེ་ཙམ་ཆེ་བ་སྐྱེད་པར་བྱེད།” ཅེས་གསུངས་ཡོད་པ་རེད། དེ་འདྲ་ཡིན་དུས། སྤྲུལ་སྐུ་དང་བཅས་པའི་སེར་མོ་པ་སུ་ལའང་ཁྱད་དབང་མེད་པ་བཟོ་རྒྱུ་དེ་གནད་འགག་ཆེན་པོ་ཆགས་པ་རེད།
སྤྲུལ་སྐུའི་ལམ་ལུགས་བཅོས་བསྒྱུར་ཐད་ང་རང་གི་ལྟ་ཚུལ་ནི། ད་ལྟའི་དངོས་ཡོད་གནས་ཚུལ་ལྟར་ན། སྤྲུལ་སྐུ་ནི་དད་ལྡན་མི་མང་གི་དགོས་མཁོ་བརྟན་པོ་ཞིག་ལ་བརྟེན་ནས་གནས་བསྡད་ཡོད་པ་ཞིག་རེད། དེ་འདྲ་ཡིན་དུས། དགེ་བཤེས་མཁན་པོ་རྣམ་པ་དང་ཤེས་ཡོན་ཅན་དག་གིས་རང་གི་འདོད་པ་དབང་བཙན་པར་བྱས་པ་ཙམ་གྱིས། དེ་མེད་པར་བཟོ་ཐུབ་པ་ཞིག་མ་རེད་ལ་བཟོ་ཐུབ་པའི་དབང་དུ་བཏང་ཡང་། སྤྲུལ་སྐུས་མིང་གིས་མ་བཏགས་པའི་སྤྲུལ་སྐུ་དང་ཆ་འདྲ་བ་གཞན་ཞིག་སྟེ། དཔེར་ན། མཁན་པོ་གྲགས་ཅན་ལ་ལ་སྤྲུལ་སྐུ་དང་ཁྱད་མེད་པའི་ཁྱད་དབང་ཅན་ཆགས་ཡོད་པ་ད་ལྟར་མཐོང་དུ་ཡོད་ལ། མ་འོངས་པ་ནའང་དེ་རིགས་འབྱུང་ངེས་པ་ལྟ་བུ་རེད། དེ་འདྲ་ཡིན་དུས། སྤྲུལ་སྐུ་མེད་པར་བཟོ་དགོས་ཟེར་བ་དེ། ད་ལྟའི་གནས་སྟངས་ལ་སྤྲུལ་སྐུའི་ལམ་ལུགས་བཅོས་བསྒྱུར་གྱི་ཐབས་ཤེས་གོ་ཆོད་ཅིག་ཏུ་ངས་མི་མཐོང་། འོ་ན་ག་རེ་བྱེད་དགོས་རེད་ཅེ་ན། ངས་གོང་དུ་ཞུས་པ་ནང་བཞིན། སྤྲུལ་སྐུ་དང་སྤྲུལ་སྐུར་ཆ་འདྲའི་རིགས་གོང་ཞུས་ཀྱི་བཅའ་ཡིག་དེ་ལ་གནས་པར་བྱེད་པ་དང་ཆབས་ཅིག དེ་དག་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དང་ལྡན་པ་ཞིག་ཏུ་སྐྱེད་སྲིང་བྱེད་རྒྱུ་གལ་ཆེན་པོ་ཆགས་ལ། མ་མཐའ་ཡང་བཟང་བ་དང་བཙུན་པའི་ཡོན་ཏན་དང་ལྡན་པ་ཞིག་ཏུ་སྐྱེད་སྲིང་བྱེད་རྒྱུ་ལས་འོས་མེད་པར་ངས་སྙམ། དེ་ཡང་གོང་དུ་ཞུས་པ་ནང་བཞིན། དགེ་བཤེས་ལྷན་ཚོགས་སམ་ཡང་ན་མཁན་པོ་ལྷན་ཚོགས་ནས་ལས་ཁུར་དེ་ཕྲག་ཏུ་བླངས་པ་ཡིན་ན་དམིགས་འདུན་དེ་ཏན་ཏན་འགྲུབ་ཀྱི་རེད་བསམ་གྱིས།
ངས་གོང་དུ་ཞུས་པ་ལྟར། ད་ལྟའི་ང་ཚོའི་གནས་སྟངས་ནི་འདི་འདྲ་ཞིག་རེད། བོད་ས་སྟོད་སྨད་བར་གསུམ་གྱི་བོད་མིའི་བཟང་པོའི་སྤྱོད་པ་ལོ་ལྟར་ཉམས་ཆག་ཏུ་འགྲོ་བཞིན་ཡོད་པ་དང་། དེ་ནི་ཟུར་གཅིག་ནས་བལྟས་པ་ཡིན་ན། སྤྲུལ་སྐུ་དང་སྤྲུལ་སྐུར་ཆ་འདྲའི་ཁྱད་དབང་ཅན་གྱི་རིགས་དག་ལ་བཙུན་པ་དང་བཟང་བའི་ཡོན་ཏན་མ་ལྡན་པས། སོ་སོའི་དད་ལྡན་མི་མང་ལ་བླང་དོར་འཇུག་ལྡོག་གི་ལམ་མ་ནོར་བ་ཞིག་སྟོན་པའི་ཚབ་ཏུ་མིག་ལྟོས་ངན་པ་བཞག་པས་ལན་པ་དང་། ཡང་། འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱིས་ཕྱུག་པའི་དགེ་བཤེས་དང་མཁན་པོ་རྣམས་བསྟན་པ་འཛིན་སྐྱོང་དང་གཞན་ཕན་གྱི་ལས་ལ་བདེ་བླག་ཏུ་འཇུག་པའི་ལམ་ལུགས་གོ་ཆོད་ནུས་ལྡན་ཞིག་མེད་སོང་སྟབས། ཁོང་རྣམ་པའི་ཡོན་ཏན་བར་མ་དོར་འཕྲོ་བརླག་ཏུ་ཕྱིན་དང་འགྲོ་བཞིན་པ་དེ་འདྲ་རེད།
ད་ནི་གོང་དུ་ཞུས་པའི་དཀའ་རྙོག་དེ་རིགས་སེལ་བ་ལ་མ་སྨིན་པའི་གྲོས་འགོ་འདི་འདྲ་ཞིག་འདོན་གྱི་ཡིན།
དེ་ཡང་། དང་པོར་སྔར་སྲོལ་སྐྱོན་གྱིས་མ་གོས་ཤིང་། ནང་པའི་ཆོས་ཀྱི་དགོངས་སྙིང་དང་མི་འགལ་ལ། ཡོངས་ཁྱབ་རིན་ཐང་དང་ཀུན་ནས་མཐུན་པའི་བཅའ་ཡིག་ཅིག་གཏན་འབེབ་བཟོ་རྒྱུ་དང་། དེ་ལ་བརྟེན་ནས། དགེ་བཤེས་མཁན་པོ་དང་བཅས་པས་སོ་སོའི་ཤེས་འཇོན་ཡོན་ཏན་ལྷག་ལུས་མེད་པར་འདོན་ཐུབ་པ་དང་། སངས་རྒྱས་བསྟན་པའི་དགོངས་སྙིང་རྨ་མེད་པ་འཛིན་སྐྱོང་ཐུབ་པར་འགན་སྲུང་ཡོད་པ་བྱེད་རྒྱུ། དེ་ནས་མི་མང་གི་དད་པ་འཇོག་ཡུལ་སྤྲུལ་སྐུ་དང་སྤྲུལ་སྐུར་ཆ་འདྲའི་རིགས་དག་བཅའ་ཡིག་དེའི་བཙན་བརྗིད་ལ་གནས་པར་བྱེད་ཅིང་། དགེ་བཤེས་དང་མཁན་པོ་ལྷན་ཚོགས་ནས་ཁོང་ཅག་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དང་ལྡན་པར་སྐྱེད་སྲིང་ཐུབ་པ་བྱེད་རྒྱུ། དེ་ནས་ཚད་ལོངས་པའི་སྤྲུལ་སྐུ་དེ་དག་དང་དགེ་བཤེས་མཁན་པོ་མཉམ་རུབ་སྒོས། བོད་མི་མང་གི་བཟང་པོའི་སྤྱོད་པ་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་གྱི་གྲོགས་སུ་འགྲོ་བའི་ལས་ལ་གཞོལ་ཐུབ་པ་བྱེད་རྒྱུ་བཅས་སོ།།
བརྒྱ་ལ་ལས་དེ་ལེགས་པར་གྲུབ་པ་ཡིན་ན། བོད་སྤྱི་ཚོགས་ལ་བཟང་ཞིང་ལེགས་པའི་འགྱུར་བ་ཞིག་ཏན་ཏན་འགྲོ་རྒྱུ་རེད་ངས་བསམ་གྱིས།
འདིར་དགོས་དབང་གིས་གསལ་བཤད་ཅིག་ཞུ་དགོས་བྱུང་སོང་། ངས་གོང་དུ་ཞུས་པ་ནི་གྲོས་འགོ་ཙམ་ཡིན་པས། མ་འདང་བའི་ཆ་དང་ཞན་པའི་ཆ་མང་པོ་ཡོད་ངེས་རེད། དེ་འདྲ་ཡིན་དུས། གྲོས་འགོ་འདི་འཐུས་ཇེ་ཚང་དང་གྱ་ཇེ་ནོམ་དུ་འགྲོ་རྒྱུ་ནི་འདིར་བཞུགས་ལྷན་རྒྱས་དང་ཡུལ་ཁ་བ་ཅན་གྱི་དཔྱོད་ལྡན་ཀུན་ལ་རག་ལས་པས་ན། དེ་དོན་ཅིས་ཀྱང་ཐུགས་འཇགས་འཚལ་འཚལ།
མཚམས་འདིར་ངས་ཞུ་རྒྱུའི་སྐད་ཆ་ཞུས་ཚར། ཐུགས་རྗེ་ཆེ།
(༢༠༡༢་ལོའི་ཟླ་༧་པར་མདོ་སྟོད་ལབ་དགོན་དུ་གངས་ལྗོངས་མཁས་པའི་ལྷན་ཚོགས་སུ་ཞུགས་པའི་གཏམ་བཤད་དེ། འཕྲི་སྣོན་ཕྲན་བུ་བྱས་ཡོད།)

གནས་ཚུལ་ཡོངས་ཁུངས:

http://www.sangdhor.com/list_c.asp?id=9287

 

Leave a Comment

Your email address will not be published. Required fields are marked *

*