ཐེའུ་རང། དེ་རིང་། ངས་ཉི་མ་ལྷ་སའི་ཕྱོགས་སུ་ཕྱག་གསུམ་འཚལ་འདོད།

Tashi Rabten and Kalsang Tsultrim

མདང་དགོང་ངའི་ནུབ་ཟས་དངངས་སྐྲག་ཡིན།

ནུབ་ཟས་བཟའ་ཁར་རྔ་བའི་སྲང་ལམ་དང་ཇ་ཁང་ན་མྱུལ་ཞིབ་པ་མྱུག་གིན་འདུག

རྨི་ལམ་དུ་ཉི་མ་ལྷ་སའི་རྨི་ལམ་དུ་ཁྲག་དམར་ཛར་བ་རྨིས།

ཁྲག་གི་ལག་པའི་འོག་ན་ལྗང་མདོག་གི་རྐང་རྗེས་བཞད་པ་རྨིས།

ཞོགས་པ་ཡར་ལང་སྐབས་ཡིད་ལ་རང་ཉིད་དྲན།

ལག་གཡས་པས་མགོ་ལ་རེག་རེག་བྱས།

སྐྲ་ལོ་བྲེག་མི་འདུག

ལག་གཡོན་པས་རྐང་བར་ཐུག་ཐུག་བྱས།

ལྕགས་སྒྲོག་བརྒྱབ་མི་འདུག

ད་ནང་སྲང་ལམ་ཨང་༡༠པའི་འགྲོ་རོགས་བརྩེ་དུང་ཡིན།

ཕ་དང་མ་ཡི་སྐྱེ་ཁུངས་ཀྱང་བརྩེ་དུང་ཡིན།

ཇི་སྐད་དུ་བཙན་པོ་བོད་ཞུ་བ་དེ་ཡིན།

དེའང་བརྩེ་དུང་ཡིན།

མདོར་ན་ང་རང་ཉིད་ཡིན།

dཟ་ཁང་གི་ཟ་མར་ཚིག་རུ་བྲོ་ཡི་འདུག

ཚིག་རུ་དེ་ངའི་ཤ་རུས་ཀྱི་དྲི་མ་དང་གཅིག་པ་རང་འདུག

ཞབས་ཞུ་བའི་འཛུམ་སྟོན་པ་ནི་གཤམ་ཁ་དམར་པོ་ཞིག་ཉེ་བར་བཅར་བ་དང་འདྲ།

མགྲོན་པོ་ལ་ལ་གཤམ་ལ་ལྷུང་འགྲོ་ལ།

ལ་ལས་གཤམ་ནས་འཕེན་གྱིན་འདུག

qqགླེང་མོལ་ལས་བོད་ཡིག་འབྲི་མཁན་མང་པོ་ཡོད།

ངས་ཁོ་ཚོ་ར་རེ་བཞིན་ངོ་མི་ཤེས་ནའང་།

ཁོ་ཚོས་བསྐུར་འོང་བའི་བོད་ཡིག་ངོ་ཤེས།

དེ་ཁོ་ནས་ངེད་ཅག་སྤུན་ཟླ་ཡིན་བསམ་ཡོད།

སྤུམ་ཟླ་ཕན་ཚུན་འབྲེལ་བ་ཡོད་ཆོག་ནི་རེད་དམ།

Apple བཟུང་ནས་ནམ་ཚ་རིང་པོ་མིན།

ང་བཙོན་པ་ཞིག་ཡིན།

སྤྱིར་སྒོར་ཐོན་ནས་ནམ་ཚ་རིང་པོ་མིན།

ངའི་གྲོགས་པོ་ཚོའི་ནང་ན་འདིའི་ཕྱོགས་ལ་མཁས་པ་འདྲ་མེད།

ངས་བསམ་ན་གསང་མྱུལ་བ་དག་འདི་ལ་མཁས་ཤག་རེད།

སྐད་འཕྲིན་བར་སྟོང་དུ་སྙན་ངག་འབྲི་དོན།

ང་ལ་བརྗོད་འདོད་པའི་སྐད་ཆ་ཡོད་པས་ཡིན།

ཆགས་སྡང་དང་དགའ་སྐྱོ་ཡོད་པས་ཡིན།

ཁོག་ལ་མ་ཐུམ་པའི་བདེ་སྡུག་ཚོར་བ་ཡོད་པས་ཡིན།

ཁྱོད་ཀྱིས་ང་ལ་མང་དག་ཅིག་དྲིས་བྱུང་།

ངས་ཀྱང་ལན་དྲང་པོར་བཏབ་ཡོད།

དེ་ལྟ་ནའང་།

བསམ་བློ་ཁོ་ན་ང་ལ་དབང་གི་རེད།

དབང་སྒྱུར་གོམས་གཤིས་སུ་གྲུབ་ཡོད་མཁན་ཞིག་གིས།

མྱི་གཞན་པར་བསམ་བློ་མང་པོ་མ་གཏོང་ཟེར་སྲིད་ཤས་ཆེ་མོད།

རང་དབང་དད་མོས་སུ་འཛིན་མཁན་ཞིག་གིས་དེ་ལ་ལགས་སོ་ཞུ་མི་སྲིད་དོ།།

དགོངས་དག

ད་དྲི་བ་འདྲ་ཡོད་དམ།

ངས་ཉེས་པ་བཟོས་འདུག་གམ།

ངས་བཏབ་པའི་ལན་ལ་ཉེས་པ་ཡོད་དམ།

མེད་ན་ང་གཏོང་རོགས།

དེ་རིང་ང་ཅང་འཁྱགས་ཀི།

ཧ་ཅང་སྐྲག་གི།

ང་ཕྱིར་སོང་ནས་ཉི་མ་ལྷ་སའི་ཕྱོགས་ལ་ཕྱག་གསུམ་འཚལ་འདོད།

Leave a Comment

Your email address will not be published. Required fields are marked *

*