གཏན་འཇགས་ཀྱི་མིང་བྱང་གང་དུ་ཡོད་དམ། རྐུན་ལ་ཤོར་སོང་བར་ངེས།

(ཐུབ་བསྟན་བསམ་འཕེལ་གྱིས་བུ་ཆུང་ལྡུམ་རྭ་བསོད་ནམས་ཀྱི་བརྩམས་ཆོས་”གཡག་རྭ།”ཡི་གླེང་བརྗོད་དུ་བྲིས་པ།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།

http://karkhung.com/?p=2489

རྩོམ་པ་པོ་ཐུབ་བསྟན་བསམ་འཕེལ།

ལེགས་བྱང་མི་འདྲ་བ་ཕན་ཚུན་འཕྲད་པའམ་ལེགས་བྱང་གང་ཞིག་ཉམས་རྒུད་དུ་འགྲོ་བའི་དུས་སྐབས་སུ་བློ་ཡིད་ལས་འདས་པའི་གནས་ཚུལ་འབྱུང་གི་ཡོད། གནད་དོན་འདི་དང་འབྲེལ་བའི་དཔེ་མཚོན་ལེགས་ཤོས་ནི་རྒྱ་གར་དང་རྒྱ་ནག་གཉིས་ཡིན། རྒྱལ་ཁབ་འདི་གཉིས་ཀ་ནུབ་ཕྱོགས་ཀྱི་དབང་བསྒྱུར་སྟོབས་ཤུགས་དང་འཕྲད་མྱོང་ཡོད། རྒྱ་གར་ནི་ཨིན་ཇིའི་མི་སེར་སྤེལ་བའི་དབང་བསྒྱུར་འོག་མི་ལོ་ཉིས་བརྒྱ་ལྷག་བསྡད་མྱོང་ཡོད་ལ། རྒྱ་ནག་ནི་ཕྱིའི་རྣམ་པར་རང་སྐྱ་འཕེར་བ་ཙམ་དུ་སྣང་ཡང་། ནུབ་ཕྱོགས་ཀྱི་དབང་བསྒྱུར་སྟོབས་ཤུགས་ཀྱིས་རྒྱ་ནག་ལ་བརྙེས་བཅོས་ཚད་མེད་བཏང་མྱོང་ཡོད་པ་མ་ཟད། ཅི་བྱ་གཏོད་བྲལ་ངང་ངོ་ཚ་འཁུར་དགོས་པའི་གནས་སུའང་སྦྱར་མྱོང་ཡོད། ད་དུང་དེ་ལས་ཀྱང་ཐབས་སྡུག་ཤོས་ཤིག་ནི་ཉི་འོང་གིས་རྒྱ་ནག་ལ་དབང་བསྒྱུར་བྱས་པ་དེ་ཡིན།

རྒྱལ་ཁབ་འདི་གཉིས་ཀྱིས་ཐུན་མོང་གི་དཀའ་ངལ་དེར་གདོང་ལེན་བྱེད་སྟངས་དེས་རྒྱལ་ཁབ་དེ་གཉིས་ཀྱི་ལེགས་བྱང་དང་འབྲེལ་བའི་འདུ་ཤེས་འཛིན་སྟངས་མང་པོ་ཞིག་འཆད་ཀྱི་ཡོད། སྐབས་དེར་རྒྱ་གར་གྱིས་མི་སེར་སྤེལ་བའི་དབང་སྒྱུར་མཁན་པོ་དེས་རང་ཡུལ་(ཨིན་ཇི)ཁོ་ན་ལས་གཞི་རྒྱ་ཆེ་བའི་མངའ་ཁུལ་གཞན་དུ་ལག་བསྟར་བྱེད་ཀྱི་མེད་པའི་སྐད་ཡིག་དང་། ཁྲིིམས་ཀྱི་དབང་བསྒྱུར། འཛིན་སྐྱོང་ལམ་ལུགས། ཁྲིམས་ལུགས་བཅས་ཡོད་ཚད་སྡུད་ལེན་བྱས་པས། དེང་སང་རྒྱ་གར་ནི་ཕྱོགས་ཡོངས་ནས་གོང་འཕེལ་དུ་སོང་སྟེ། ཨེ་ཤི་ཡའི་ནང་གསར་འགོད་རང་དབང་ཆེས་ཆེ་བའིི་བརྟན་ལྷིང་གི་མང་གཙོའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་ལ། རྒྱ་ནག་གིས་ཀྱང་དེ་ལྟ་བུའི་ཕུགས་བསམ་ཞིག་མངོན་འགྱུར་ཡོང་རེ་བྱས་ཡོད།

ཆེས་ཐོག་མར་ཡུལ་དབུས་ཀྱི་རྒྱལ་ཁམས་ཆེན་པོ་(རྒྱ་ནག)འདིས་ནུབ་ཕྱོགས་ཀྱི་དབང་ཐང་དང་སྟོབས་ཤུགས་རྒྱས་བར་ཁ་གཏད་གཅོད་ཐབས་སུ་ཚན་རིག་དང་མང་གཙོ་གཉིས་གལ་ཆེན་དུ་བརྩིས་ཤིང་། དེང་སྐབས་ཚན་རིག་གི་ཆ་ནས་རྒྱ་ནག་ཡར་རྒྱས་ཆེན་པོ་ཕྱིན་ཏེ། འཛམ་གླིང་ནང་ཚན་རིག་གསར་གཏོད་ཀྱི་ཁྱིམ་གཞིས་སུ་གྲགས་པའི་ཨ་རི་དང་མཉམ་དུ་བར་སྣང་བརྟག་དཔྱད་ཀྱི་ཚནརྩལ་འགྲན་རྩོད་ཁྲོད་ཞུགས་ཐུབ་པའི་ཚད་དུ་སླེབས་ཡོད། འོན་ཀྱང་རྒྱ་ནག་སྤྱི་ཚོགས་ཁྲོད་ཀྱི་སྡེ་ཚན་གཅིག་གིས་ད་དུང་མུ་མཐུད་དུ་རང་ཉིད་ཀྱི་ལག་ནས་རང་ཉིད་སྐྱོབ་ཐབས་སུ་མང་གཙོ་གལ་ཆེན་དུ་འཛིན་གྱི་ཡོད་ལ། སྲིད་གཞུང་འཛིན་སྐྱོང་བྱེད་པའི་ཏང་ཚོགས་ནང་སྟོབས་ཤུགས་ལྡན་པའི་ཁེ་ཕན་གསོག་འཇོག་བྱས་པའི་དཔོན་རིགས་ཚོར་མཚོན་ན། འདི་ནི་ཐབས་ཇུས་མི་ལེགས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཁོ་ཚོས་(མང་གཙོ་འཐོབ་རེ་བྱེད་མཁན་ཚོས་)མང་གཙོ་དང་རང་དབང་གི་དཔལ་འབར་གྱིས་ཁོ་ཚོའི་༼ཏང་ཚོགས་ནང་སྟོབས་ཤུགས་ཀྱི་ཁེ་ཕན་གསོག་འཇོག་བྱེད་མཁན་ཚོའི་༽བྱས་ཉེས་ཀྱི་མུན་ནག་མཐར་བྱེད་པའི་སྣང་བ་ཁྱད་པར་བ་ཞིག་སྤྲོ་བར་ཡིད་ཆེས་བྱེད་ཀྱི་ཡོད། དེར་བརྟེན་ནུབ་ཕྱོགས་པའི་དབང་བསྒྱུར་སྟོབས་ཤུགས་ལ་གདོང་ལེན་བྱས་ཏེ་མི་ལོ་ཉིས་བརྒྱ་འགོར་ཡང་། རྒྱ་ནག་ནི་ད་དུང་བརྟན་ལྷིང་ཞིག་ཏུ་གྱུར་མེད་ལ། དོན་དངོས་སུ་རང་ཉིད་ཅི་ལྟ་བུ་ཞིག་ཏུ་འགྱུར་ན་འཚམ་མིན་ཡང་ཐག་མ་ཆོད་པར་ལུས་ཡོད།

དེ་བཞིན་ཀྱང་ཡུན་རིང་བའི་ལོ་རྒྱུས་ཀྱི་འགྲོས་སུ་བོད་ཀྱང་ལེགས་བྱང་མི་འདྲ་བ་གཉིས་ཀྱི་ཁ་གཏད་དུ་ལངས་དགོས་ཐུག་ཡོད། གཅིག་ནི་བོད་ཀྱི་མངའ་ཐང་བཀྱེད་པའི་བརྒྱུད་རིམ་ཁྲོད་བོད་ཡུལ་མཐོ་སྒང་དུ་ཁྱིམ་གཞིས་བཟུང་བའི་བོད་མི་ཚོ་སྔར་ནས་གོམས་འདྲིས་ཟབ་པའི་འཚོ་བ་དང་བར་ཁད་རིང་ཞིང་རྙོག་འཛིང་ཆེ་ལ། རྒྱུས་མངའ་མེད་པའི་ལེགས་བྱང་དང་འཚོ་བ་གསར་པ་ཞིག་ལ་འཕྲད་པ་དེ་ཡིན། སྐབས་དེར་བོད་མི་ཚོ་ཐང་རྒྱལ་རབས་དུས་ཀྱི་རྒྱ་ནག་གི་ལེགས་བྱང་དང་། ནང་བསྟན་ཆོས་ལུགས་དར་ཁྱབ་ཆེ་བའི་རྒྱ་གར་འཕགས་པའི་ཡུལ་གྲུ། པར་ཤི་ཡའི་མངའ་ཐང་རྒྱས་པའི་སྟོབས་ཤུགས། ཨེ་ཤི་ཡའི་དབུས་ཁུལ་གྱི་བཱཀཊ་རི་ཡ་(Bactria)དང་སོག་ཌི་ཡ་ནཱ(Sogdiana) བརྒྱུད་པའི་གྷི་རི་སིའི་ལེགས་བྱང་གི་ཤུགས་རྐྱེན་བཅས་ལ་འཕྲད་ཡོད། བོད་མི་ཚོས་བདག་དུ་བཟུང་བའི་མངའ་ཁུལ་དེར། སྐབས་དེར་གདམ་ང་ཡོད་པའི་ལེགས་བྱང་མི་འདྲ་བ་མང་དག་ཅིག་བྱུང་བའི་ཁྲོད་ནས། བོད་ཀྱི་ས་སྐྱོང་ཚོས་སངས་རྒྱས་ཆོས་ལུགས་འདེམས་དོན་ཅི་ཡིན་ནམ། བོད་མི་ཚོས་སངས་རྒྱས་ཆོས་ལུགས་དོན་དུ་གཉེར་རྒྱུའི་སེམས་ཐག་བཅད་པ་ནས་སོམ་ཉི་སྤུ་རྩེ་ཙམ་ཡང་མེད་པར། དད་དམ་འཕོ་མེད་གྱི་འདུན་པ་དྲག་པོས་དོན་གཉེར་གྱི་ལས་ལ་འབུངས་ཡོད་པ་དང་། སངས་རྒྱས་ཆོས་ལུགས་ཀྱིས་བོད་ཀྱི་ཕྱི་ནང་གསང་གསུམ་ལ་འགྱུར་བ་རྨང་ནས་བཏང་སྟེ་དུས་དང་རྣམ་པ་ཀུན་དུ་དགེ་བའི་རེ་བ་དོན་ཡོད་དུ་འགྱུར་བར་མཛད་ཡོད།

བོད་མི་ཚོས་མི་འདོད་བཞིན་དུ་དང་ལེན་བྱ་དགོས་བྱུང་བའི་འགྱུར་ལྡོག་གི་མྱོང་སྣང་ཐེངས་གཉིས་པ་ནི། མེ་མདའ་དང་<<དམག་དོན་བསྟན་བཅོས།>>ཐོགས་པའི་རྒྱ་ནག་དམར་པོའི་ཤོག་ཁག་སངས་རྒྱས་ཆོས་ལུགས་དར་བའི་བོད་ཁམས་དང་འཕྲད་པའི་གནས་ཚུལ་དེ་ཡིན། ཐོག་མའི་ཆར་བོད་མི་ཚོས་ཕྱི་ཡི་བར་ཆད་མི་འབྱུང་བའི་གསོལ་བ་སྨོན་ལམ་ཕུར་ཚུགས་སུ་བཏབ་མོད། དེས་ཅི་ཡང་གོ་མི་ཆོད་པ་ལྟར་གྱུར་འཕྲལ་འཛམ་གླིང་དམག་ཆེན་དང་པོའི་སྐབས་སྤྱད་པའི་བོའུ་རིང་དག་ཐོགས་ཏེ་ཕྱིའི་བཙན་འཛུལ་ལ་འགོག་རྒོལ་བྱ་ཐབས་ཨེ་ལྡན་བལྟས། མཐར་དེས་ཀྱང་ཕན་མི་ཐོག་པའི་གནས་སུ་གྱར་འཕྲལ་བྲོས་བྱོལ་བྱ་དགོས་ཐུག་པ་རེད། སྐབས་དེར་བོད་མི་ཁྱོན་ཆེ་ཞིག་བཙན་ཤུགས་ཆེ་བའི་མེ་མདའི་སོ་འོག་ལ་བསྒུར་ཏེ་བོད་ནང་དུ་སྡོད་དགོས་ཐུག་པ་མ་གཏོགས། བོད་ནང་དུ་བོད་མི་གཅིག་ཀྱང་ལྷག་ལུས་མེད་པར་འབྲོ་དགོས་ཐུག་ཡོད་ལ། དེང་སྐབས་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་པ་དེ་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་འགྲོལ་བཏང་བར་བསྙད་སའི་གཞི་ཡང་མེད་པར་གྱུར་ཡོད།

བོད་མི་ཚོས་མི་འདོད་བཞིན་དུ་དང་ལེན་བྱ་དགོས་བྱུང་བའི་འགྱུར་ལྡོག་གི་མྱོང་སྣང་ཐེངས་གཉིས་པ་དེ་ནི། བུ་ཆུང་ཌི་བསོད་ནམས་ཀྱི་དོན་འདུས་ཤིང་རྣམ་པ་གསར་པ་ལྡན་པའི་བརྩམས་ཆོས་འདིའི་བརྗོད་བྱ་ཡིན་ལ། ཁོང་གི་བརྩམས་ཆོས་འདིའི་ནང་དུ་རི་བོ་ཧི་མ་ལ་ཡའི་ཕ་རོལ་ཚུར་རོལ་དུ་སྡོད་པའི་བོད་ཀྱི་མི་རབས་གསར་པའི་རྩོམ་པ་པོ་དང་། སྙན་ངག་པ། སྒྱུ་རྩལ་པ། གློག་བརྙན་སྐྲུན་མཁན་བཅས་ཀྱི་འདོད་འདུན་དང་བསམ་གཞིགས་ལ་ཟབ་འཇུག་གིས་ཚོར་འདུ་ཕྲ་མོའི་གསང་ལམ་བརྒྱུད་དཔྱད་ཞིབ་བྱས་ཏེ། གདོད་ནས་རང་ཉིད་ལ་མངའ་བའི་ཁ་བྱང་རྐུན་ལ་ཤོར་བར་མནོ་བསམ་ཟབ་པའི་བྱེས་གྱར་བ་དང་། རང་ཉིད་ཀྱི་བླ་སྲོག་རྐུན་ལ་ཤོར་བའི་མནར་སྡུག་གིས་གཙེས་བའི་གཞིས་བཞུགས་པའམ། རྐུན་ལ་ཤོར་བའི་འོད་ཟེར་གྱི་ངོས་འཛིན་ལག་འཁྱེར་དང་འབྲེལ་བའི་གནད་དོན་ཚང་མ་མཚོན་པར་བྱས་ཡོད། <<གཡག་རྭ།>> ནི་རང་གི་རྒྱལ་ཁབ་ཀྱི་ལས་དབང་ཡིད་སྐྱོ་བའི་གནས་སུ་ལྷུང་བར་བསམ་གཞིགས་ཟབ་པའི་བོད་ཕྱི་ནང་གི་གཞོན་སྐྱེས་རྩོམ་པ་པོ་དང་སྙན་ངག་པའི་དཔུང་ཁག་ཅིག་འཚར་ལོངས་འབྱུང་བཞིན་པར་སྐུལ་འདེད་ཀྱི་ནུས་པ་ལྡན་པའི་བརྩམས་ཆོས་གསར་པ་ཞིག་ལགས།

འདས་པའི་བྱུང་རབས་ཀྱི་ཁྲོད་དང་ད་ལྟའི་གནས་སྐབས་སུ་བོད་ཀྱི་རིག་གཞུང་དང་རྩོམ་རིག་སྔར་བས་ཕུན་སུམ་ཇེ་ཚོགས་དང་དར་སྤེལ་གཏོང་བར་རྩོམ་པ་དང་སྒོམ་སྒྲུབ་ཀྱི་ལས་ལ་གཞོལ་བའི་སྐྱེས་ཆེན་ཚོ་ལུང་འདྲེན་བྱས་ཡོད་པས། <<གཡག་རྭ།>> ཡི་རྒྱབ་ལྗོངས་རྒྱ་ཆེ་ལ་ནང་དོན་གཏིང་ཟབ། ཁོང་གིས་ད་དུང་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་མི་སྣ་དང་། ཧི་མ་ལ་ཡའི་ཕ་རོལ་གྱི་སྤུན་ཟླ། དེ་བཞིན་ཁྱབ་ཁོངས་གཞན་དང་གཞན་དུ་འབད་འབད་དུང་དུང་གིས་རང་ཉིད་ཀྱི་སྤྲོ་བ་དང་འཆར་ཡན་གྱི་མེ་སྟག་མཆེད་པར་བྱེད་པའི་བོད་མི་ཚོ་བརྗོད་བྱར་བཟུང་སྟེ་བརྗོད་བྱའི་རྒྱབ་ལྗོངས་རྒྱ་བསྐྱེད་བྱས་ཡོད་ལ། བུ་ཆུང་ཌི་བསོད་ནམས་ལགས་ཀྱིས་བོད་མི་མང་དང་བོད་མི་རིགས་ཀྱི་རྩ་དོན་ལ་སྨན་པའི་བྱ་གཞག་བླ་ན་མ་མཆིས་པ་བསྒྲུབས་ཡོད།

ཁོང་གིས་ཚེ་སྲོག་དང་མནར་གཅོད་ལ་མ་འཛེམས་པར་བོད་ཀྱི་གནད་དོན་ཇི་བཞིན་རྩོམ་ཡིག་ཏུ་སྤེལ་མཁན་བོད་ནང་གི་རྩོམ་པ་པོ་ཚོའི་སྐོར་བྲིས་པའི་རྩོམ་ཡིག་དེ་དག་གིས། འབྱུང་འགྱུར་གྱི་མི་རབས་གསར་པ་ཚོར་རྩོམ་པ་པོ་དེ་དག་གིས་སྤྱི་དོན་བསྒྲུབས་པའི་སེམས་ཤུགས་པ་ལ་བསྔགས་བརྗོད་དང་རང་ཉིད་ཀྱི་ཡོད་ཚད་བློས་གཏང་བའི་བཀའ་དྲིན་རྗེས་སུ་དྲན་པར་སྐུལ་འདེད་ཐེབ་ངེས། ཁོང་ཚོའི་རྩོམ་ཡིག་ལ་གཅིག་སྡུད་དང་རྒྱ་རིགས་ཆེན་པོའི་ངོ་བོར་དབང་མེད་དུ་འཐིམ་འགྲོ་བར་འགོག་རྒོལ་གྱི་ནུས་པ་ཆེས་ཆེར་ལྡན་ལ། ཁོང་ཚོས་རང་ཡུལ་གྱི་ཡུལ་ཚོ་དང་གྲོང་བརྡལ་དག་དེང་རབས་ཅན་དུ་བསྒྱུར་བའི་མིང་བྱང་འོག་རྒྱ་གྲོང་གི་ངོ་བོར་བཙན་ཤེད་ཀྱིས་བཅོས་བར་གདོང་ལེན་བྱས་ཏེ་བོད་ཀྱི་ངོ་བོ་འཛིན་པའི་སྤོབས་པ་དང་ཡིད་ཆེ་གོང་མཐོར་གཏོང་གི་ཡོད།

བོད་ཀྱི་ཐུན་མིན་ངོ་བོ་ཉམས་དམས་སུ་གཏོང་བའི་སྲིད་ཇུས་དང་ཡར་རྒྱས་ཀྱི་རྣམ་པར་བཅོས་པའི་ཉེན་ཚབས་འདི་དག་ལ་ལྟོས་ནས། མདོ་སྨད་ཡུལ་གྱི་འབྲོག་ཁྱིམ་ཞིག་ནས་ཡིན་པའི་དགེ་འདུན་པ་མགར་རྩེ་འཇིགས་མེད་ཀྱི་བརྩམས་ཆོས་<<བཙན་པོའི་སྙིང་སྟོབས།>> ནང་ ‘ ང་རང་བོད་པ་ཞིག་ཡིན་པས། ངས་བོད་མི་མང་གི་ཐོབ་ཐང་རྩོད་མཚམས་ནམ་ཡང་འཇོག་གི་མིན། ང་རང་ཆོས་པ་ཞིག་ཡིན་པས། ངས་རང་གི་ཆོས་ལུགས་ཀྱི་དབུ་ཁྲིད་ལ་མཚན་སྨོད་ནམ་ཡང་བྱ་རྒྱུ་མིན། ང་རང་རྩོམ་པ་པོ་ཞིག་ཡིན་པས། ངས་བདེན་དོན་དང་དོན་དངོས་ནམ་ཡང་འདོར་རྒྱུ་མིན། འདི་ནི་ངས་བོད་ཁ་བ་ཅན་གྱི་སྤུན་ཟླ་ཡོངས་ལ་ཕུལ་བའི་དམ་བཅའ་ཡིན། ’ ཅེས་འཁོད་ཡོད་ཚུལ་བུ་ཆུང་ཌི་བསོད་ནམས་གྱི་བརྩམས་ཆོས་<<གཡག་རྭ།>> ཡི་ནང་ལ་ལུང་འདྲེན་བྱས་ཡོད།

སྙིང་སྟོབས་ལྡན་པའི་རྩོམ་པ་པོ་དེ་དག་གིས་བསྐྱེད་པའི་འཆར་ཡན་གྱི་མེ་སྟག་དེ་ནི་འབྱུང་འགྱུར་གྱི་མི་རབས་གསར་པ་ལ་མཚོན་ན། དེང་རབས་དང་སྲོལ་རྒྱུན། དབང་བསྒྱུར་དང་རང་དབང་། ཚོད་མེད་ཀྱི་ཡར་རྒྱས་དང་ཡུན་བརྟན་གྱི་འཕེལ་རྒྱས་བཅས་ཀྱི་འགལ་འདུའི་གནད་སྟོན་པའི་སྒྲོན་མེ་ཞིག་ཏུ་འཁུམས། དེང་གི་ཆར་མཁྱེན་རྒྱ་ཡངས་པའི་བོད་རིགས་མཁས་པ་ཚོས་བཙན་དབང་འོག་ཚུད་པའི་བོད་ནང་དུ་ཤེས་ལྡན་པ་མང་པོ་འཚར་ལོངས་འབྱུང་གི་ཡོད་པ་དང་རིགས་གཞུང་སླར་གསོ་ཡོང་གི་ཡོད་སྐོར་བརྗོད་ཀྱིན་ཡོད། རིགས་གཞུང་སླར་གསོ་བྱུང་བ་དང་གོ་རྟོགས་སད་པར་གྱུར་བ་འདིའི་དོན་སྙིང་ནི་བོད་ཀྱི་ངོ་བོ་འཛིན་པའི་དམ་བཅའ་ཞིག་ཡིན་ལ། དམ་བཅའ་འདི་ནི་འདས་པའི་དུས་རིམ་དང་ད་ལྟའི་གནས་སྐབས་སུ་བོད་མི་རྣམས་རྒྱ་ནག་གི་དཔོན་རིགས་ཚོའི་དབང་འོག་ནས་འདུག་དགོས་བྱུང་བའི་སུན་སྣང་འབའ་ཞིག་ལས་བྱུང་བ་རེད།

པཎ་ཆེན་རིན་པོ་ཆེ་མཆོག་གློ་བུར་དང་ལྐོག་གྱུར་གྱིས་སྐུ་མ་གཤེགས་གོང་། ཁོང་གིས་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་པར་གཞིགས་ནས་པེ་ཅིན་གྱི་དབང་འོག་ནས་བོད་ལ་ཐོབ་པ་ལས་ཤོར་བ་མང་གསུངས་ཤིང་། བོད་མི་མང་ངོས་ནས་ཀྱང་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པར་མི་འདོད་པའི་རྣམ་འགྱུར་ཆེན་པོ་སྟོན་གྱིན་ཡོད། བོད་མི་ཚོས་དུས་རྒྱུན་ ‘ རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པའི་ལོ་ངོ་བཅུ་ཚན་དང་པོའི་(1950-1960) ནང་ང་ཚོ་འཚོ་གནས་ཀྱི་ས་ཆ་ཤོར་སོང་བ་དང་། ལོ་ངོ་བཅུ་ཚན་གཉིས་པའི་(1960-1970)ནང་སྲིད་དོན་གྱི་དབང་ཤུགས་ཡོངས་སུ་ཤོར། ལོ་ངོ་བཅུ་ཚན་གསུམ་པའི་(1970-1980)ནང་ཐུན་མིན་རིགས་གཞུང་གི་ངོ་ཉམས་དམས་སུ་གྱུར། ལོ་ངོ་བཅུ་ཚན་བཞི་པའི་(1980-1990)ནང་འཚོ་ཐབས་དཔལ་འབྱོར་གྱི་ཁེ་དབང་ཤོར་སོང་།’ ཟེར་གྱིན་ཡོད།

བོད་ནང་དུ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་ཆེད། བོད་མི་གཞོན་སྐྱེས་ཚོས་རང་ལུས་མེ་རུ་བསྲེགས་ཏེ་རང་སྲོག་འདོར་བའི་གྲངས་འབོར་ཇེ་མང་ཡིན་པ་འདི་ནི་ངང་ཚུལ་གློ་བུར་བ་ཞིག་གམ་འབྱུང་མི་སྲིད་པ་ཞིག་མ་ཡིན། ཁོ་ཚོས་བོད་ཡུལ་དུ་གཞི་འཛིན་པར་གསར་དུ་སླེབས་པའི་རྒྱ་རིགས་ཚོས་སྟོབས་ཤུགས་ཆེ་བའི་དམག་དཔུང་དང་སྲིད་གཞུང་རྒྱབ་རྩ་རུ་བཟུང་སྟེ། སྤྱོད་པ་རྒྱ་ཡན་དུ་ཤོར་བའི་མི་སེར་སྤེལ་བའི་རིང་ལུགས་པ་ཞིག་ཇི་བཞིན། གང་འདོད་དུ་དེ་སྔ་རང་ཉིད་ལ་བདག་པའི་ས་ཆ་དང་། ལས་རིགས། མ་འོངས་པའི་འཚོ་བའི་འདུན་མ་བཅས་ཡོངས་སུ་འཕྲོག་འགྲོ་བའི་ངང་ཚུལ་དེ་དངོས་སུ་མཐོང་གི་ཡོད།

གནད་དོན་འདིའི་ཐད་བུ་ཆུང་ཌི་བསོད་ནམས་ཀྱིས་ ‘ ཕྱོགས་གཅིག་ནས་རྒྱ་ནག་དབུས་སྲིད་གཞུང་གིས་བོད་ནང་ལ་རྒྱ་རིགས་མི་འབོར་ཕོན་ཆེན་སྤོ་སྡོད་བྱེད་དུ་བཅུག་ཏེ་བོད་ཀྱི་རིག་གཞུང་རྩ་གཏོར་གཏོང་བར་ནུས་པ་འདོན་ཐབས་བྱས་དང་བྱེད་བཞིན་ཡོད། དཔེར་ན། ས་གནས་བོད་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་མངའ་བྲལ་བའི་རྒྱ་རིགས་ཕོན་ཆེན་སྡེབ་ལ་བོད་ཡུལ་གྱི་ས་ཁུལ་གང་སར་སྤོ་ཡོང་གི་ཡོད་པ་དེས། ས་གནས་བོད་རིགས་རྣམས་གྲངས་ཉུང་མི་རིགས་ཀྱི་ངོ་བོར་སྒྱུར་གྱི་ཡོད་པ་དང་བོད་ཀྱི་རིག་གཞུང་ཡང་ཡུལ་སྐོར་ལྗོངས་རྒྱུ་བ་ཚོའི་ལོངས་སྤྱོད་འབའ་ཞིག་ཏུ་སྒྱུར་གྱི་ཡོད། ’ ཅེས་བྲིས་ཡོད། ཁོང་གིས་དུས་དང་རྣམ་པ་ཀུན་དུ་ངལ་བ་དང་འཇིགས་ཞུམ་སྤུ་ཙམ་མེད་པར་སྟག་ཚང་ལྟ་བུའི་པེ་ཅིང་མཁར་དུ་བོད་ཀྱི་གནད་དོན་ཆེ་ཕྲ་ཚང་མ་དྲྭ་ཐོག་ཏུ་འབྲི་འགོད་བྱེད་པའི་བོད་རིགས་བུད་མེད་རྩོམ་པ་པོ་འོད་ཟེར་གྱིས་ ‘ བོད་ནང་གི་དཀའ་ངལ་ཆེ་ཤོས་ནི་རྒྱ་ནག་སྲིད་གཞུང་གིས་དམག་དཔུང་གིས་བོད་ཀྱི་ས་ཁུལ་གང་སར་འཇིགས་སྣང་སྐྱེད་པ་དེ་ཙམ་མ་རེད། དེ་བས་དཀའ་ངལ་ཆེ་ཤོས་ནི་ཕྱོགས་ཡོངས་ནས་བོད་ཀྱི་རིག་གཞུང་ལ་དབང་སྒྱུར་བྱེད་པའི་བཙན་རྒྱལ་རིང་ལུགས་ཀྱི་བྱ་སྤྱོད་དེ་རེད། ’ ཅེས་པ་ལུང་འདྲེན་བྱས་ཡོད།

བོད་ཁམས་ཧྲིལ་པོ་གདུག་རྩུབ་དང་གཉའ་གནོན་འོག་ལུས་པའི་དུས་སྐབས་འདི་འདྲ་ཞིག་ལ། བཙན་བྱོལ་དུ་གྱར་བའི་བོད་མི་ཚོས་༸གོང་ས་ཐམས་ཅད་མཁྱེན་པའི་མཛུབ་སྟོན་འོག་འབད་འབུངས་བྱེད་པ་འདི་ནི་ཡིད་སྤྲོ་ལ་སྤོབས་པ་སྐྱེད་བྱེད་ཅིག་ཡིན། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱིར་མི་ལྡོག་པའི་བརྩོན་པ་ཆེར་སྐྱེད་གནང་བ་དང་བསྟུན། བོད་མི་བཙན་བྱོལ་བ་ཚོས་ཀྱང་ལོ་ངོ་༡༣༠༠ ལྷག་གི་ཡར་སྔོན་ནས་དར་བའི་ནང་བསྟན་ཆོས་ལུགས་ལ་དད་ཞེན་ཀྱིས་ཉམས་སུ་ལེན་པ་ལྟར། མང་གཙོའི་ལམ་ལུགས་ལ་ངོས་འཛིན་ཡང་དག་གིས་ལག་ལེན་དོན་འཁྱོལ་ཡོང་བ་བྱེད་ཀྱི་ཡོད། ༸གོང་ས་མཆོག་གིས་བོད་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་དབུ་ཁྲིད་སུ་ཆགས་ན་དེར་སྲིད་དབང་ཆ་ཚང་རྩིས་སྤྲོད་བྱ་རྒྱུ་དང་། བཀའ་བློན་ཁྲི་པ་གསར་པའི་འོས་ཤོག་ནི་སྔར་ལོའི་སྤྱི་ཚོགས་ཁྲོད་ཀྱི་གླེང་གཞི་ཆེ་ཤོས་དེ་ཡིན། གནད་དོན་འདི་གཉིས་ཀྱི་ཐད་བུ་ཆུང་ཌི་བསོད་ནམས་ཀྱིས་ ‘ བོད་མི་ཚོས་སྲིད་གཞུང་གི་སྟོབས་ཤུགས་ནི་མང་ཚོགས་ཀྱི་སྟོབས་ཤུགས་ལ་ལྟོས་བའི་དུས་རབས་ཀྱི་འགྲོས་སུ། ཁྱིམ་ཚང་ཕལ་བ་ཞིག་ཏུ་སྐྱེས་ཤིང་འཚར་བའི་སྲིད་བློན་གསར་པ་ཞིག་འོས་འདེབས་བྱེད་པའི་སྐལ་བ་ལོངས་སུ་སྤྱོད་པ་དེ་ཧ་ཅང་འཚམ་པོ་ཞིག་རེད། ཁོང་(བཀའ་བློན་ཁྲི་པ་གསར་པའམ་སྲིད་སྐྱོང་)ནི་མི་རབས་གོང་མ་ཚོ་ལས་འཇོན་ཐང་ལྡན་པ་ཞིག་ཡིན་ངེས་ཏེ། ཁོང་མི་རབས་རྒན་པ་ཚོ་དང་མཉམ་དུ་འོས་བསྡུའི་འགྲན་སྡུར་ནང་ཞུགས་ཤིང་། རང་ཉིད་ཀྱི་བསམ་བློ་དང་། ལྟ་བ། སྔར་མེད་ཀྱི་བྱེད་ཐབས་གསར་པ་གསར་པ་བཀོལ་ནས་ལས་དོན་བསྒྲུབ་པའི་ཁ་ཕྱོགས་འཛིན་དགོས་པའི་འདུན་པ་རྣལ་མ་བཅས་གསལ་པོ་དང་ནན་པོ་བྱས་ནས་བསྒྲགས་པས། འོས་བསྡུ་འགྲན་བསྡུར་དེའི་ཁྲོད་ནས་ཁོང་ཡང་རྩེ་ལ་སོན་ཐུབ་པ་བྱུང་བ་རེད། ’ ཅེས་བྲིས་ཡོད།

འདི་ལྟར་བཙན་བྱོལ་དུ་གྱར་བའི་བོད་མི་ཚོས་རང་ཉིད་དང་རིག་གཞུང་གི་ངོ་བོ་དེ་ཅི་ལྟ་བུ་ཞིག་ཏུ་འགྱུར་ན་འདོད་པའི་འདུན་པ་ཐག་གཅོད་བྱུང་ཡོད། ཐག་གཅོད་དེའི་ཐད་འཛམ་གླིང་ཡུལ་གྲུ་གང་སར་མི་མང་ས་ཡ་མང་པོར་མཇལ་བའི་གོ་སྐབས་ཡོད་ཀྱང་བོད་ནང་གི་བོད་རིགས་མི་མང་ཚོར་གོ་སྐབས་དེ་མེད་པའི་དབུ་ཁྲིད་དམ་པ་ཁོང་ཕྱིར་རང་ཡུལ་དུ་ཕེབས་པར་རེ་ཞིང་། རང་དབང་ལ་དུངས་བའི་བོད་ནང་གི་བོད་མི་ཚོར་བསམ་ཚུལ་བརྗེ་རེས་བྱ་ངེས།

མ་འོངས་སྔོན་དཔག་དང་སྙིང་སྟོབས་ཆེར་བསྐྱེད་ཀྱི་འགྱུར་བ་འདི་ལྟ་བུ་ཞིག་བྱུང་ཡོད་པའི་ཁར། བུ་ཆུང་ཌི་བསོད་ནམས་ཀྱིས་བོད་ལ་འདི་ལྟ་བུའི་འགྱུར་ལྡོག་ཞིག་བྱུང་བའི་ཐད་སྤྱི་ཚོགས་ཀྱིས་རྒྱང་ཕུད་བཏང་བའི་ཆོས་དང་རིག་གནས་ལ་མཁས་པའི་སྐྱ་སེར་མང་པོ་ཞིག་གིས་ལེགས་སྐྱེས་ཕུལ་ཡོད་པར་བརྗོད་ཡོད། ཁོང་གིས་དར་མའི་མི་ཚེའི་སྐོར་འཚོལ་བཤེར་བྱས་པ་དེ་ལ་རྨད་དུ་བྱུང་བའི་གསར་འགྱུར་འབྲི་ཐབས་ཀྱི་ཁྱད་ཆོས་ལྡན་ཡོད། ཁོང་གིས་བརྗོད་པ་ལྟར་ན་དར་མ་དེ་དག་འཇིག་རྟེན་དང་ཁ་བྲལ་ཁའི་ཆ་སྙོམས་ལོ་ཚད་ནི་༤༢ ཡིན་འདུག དེ་ལྟ་བུའི་དུས་ཡུན་ཐུང་ངུ་ཞིག་གི་རིང་ལ་མ་གཏོགས་མ་བཞུགས་ཀྱང་། ཁོང་རྣམ་སྐུ་འཚོ་བཞུགས་ཀྱི་སྐབས་སུ་རང་ཉིད་ཀྱིས་ཆེད་སྦྱོང་བྱས་པའི་ཤེས་བྱའི་གནས་ཀུན་དང་ཡང་ན་གཞན་གྱིས་ཆེད་དུ་བསྐུལ་བའི་ཤེས་བྱའི་གནས་ཀུན་ལ་སྦྱང་སྟོབས་ཀྱི་ཡོན་ཏན་ཐད་འགྲན་པའི་ཟླ་དང་བྲལ་བར་གྱུར་ཡོད། ཁོང་རྣམ་པའི་མཚན་གཞུང་འགའ་གོ་རིམ་ལྟར་བཀོད་ན། ༸རྒྱལ་དབང་སྐུ་ཕྲེང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་དང་། དགེ་འདུན་ཆོས་འཕེལ། ཆོས་རྒྱམ་དྲུང་པ། དོན་གྲུབ་རྒྱལ། དངོས་གྲུབ་དཔལ་འབྱོར། ཀེ་དོན་གྲུབ། ཚེ་རིང་དབང་རྒྱལ། ཟླ་བ་ནོར་བུ་སོགས་ཡིན། སྤྱིར་ཁོང་རྣམ་པ་ན་ཚོད་གཞོན་དུས་ནས་སྐུ་གྲོངས་བའི་ཐད་དཔྱད་གླེང་མཐུན་མིན་མང་པོ་བྱ་རྒྱུ་ཡོད། འོན་ཀྱང་བུ་ཆུང་ཌི་བསོད་ནམས་ཀྱིས་ཁོང་རྣམ་པ་སྐུ་ན་གཞོན་དུས་ནས་གྲོངས་བའི་རྒྱུ་མཚན་ནི། ‘ ཁོང་རྣམ་པའི་བསམ་བློ་གསར་པའི་དོན་གནད་དག་སྐབས་དེའི་སྤྱི་ཚོགས་ཀྱིས་གོ་མ་ཐུབ་པའི་དཀའ་ངལ་དང་། སྐབས་དེའི་དབང་འཛིན་པ་ཚོའི་ཁྲིམས་བཀའ་བཙན་དྲགས་པས་རེད། ’ ཅེས་ཐག་བཅད་ནས་བཤད་ཡོད་ལ། ཁོང་ལ་མཚོན་ན་ ‘ སྐབས་དེའི་སྤྱི་ཚོགས་ཀྱི་གོ་རྟོགས་ཞན་པ་དང་དབང་འཛིན་པའི་ཁྲིམས་བཀའ་གནམ་ལྕགས་ཐོག་ལྟར་བཙན་པ་དེ་ནི། ནམ་ཡིན་ཡང་རྣམ་དཔྱོད་ཀྱི་དཔལ་འབར་བའི་སྐྱེས་ཆེན་ཚོ་བཙན་བྱོལ་དུ་རྫོང་བྱེད་དང་། སྤྱི་ཚོགས་ལས་འཕུད་བྱེད། ཐ་ན་མང་པོ་ཞིག་གི་སྐུ་སྲོག་འཕྲོག་བྱེད་ཀྱི་དུག་ཆང་ཞིག་ཡིན། ’ པར་ངོས་འཛིན་བྱེད་ཀྱི་ཡོད།

ཁོང་རྣམ་པ་སྐུ་ཚེ་ཐུང་ངུ་ཞིག་གི་རིང་ལ་མ་གཏོགས་བཞུགས་མེད་ཀྱང་། བུ་ཆུང་ཌི་བསོད་ནམས་ཀྱིས་ ‘ ང་ཚོ་མང་ཆེ་བ་ཞིིག་ཤི་སྟེ་ཐལ་བུ་གྱུར་ཡང་། མི་རབས་གསར་པ་ཚོ་ཁོང་རྣམ་པའི་གསུང་ཚིག་ལ་བརྟེན་ནས་གོ་རྟོགས་ཡོངས་སུ་སད་དེ། ་་་་་་་ཁོང་རྣམ་པའི་མཚན་ཡིད་ལ་དྲན་པ་དང་ཡོན་ཏན་ལ་བཀུར་བསྟི་བྱ་ངེས་ཡིན། ་་་་་་’ ཅེས་ཁོང་རྣམ་པའི་མཛད་པ་ལ་བསྔགས་བརྗོད་བྱས་ཡོད།

བུ་ཆུང་ཌི་བསོད་ནམས་ཧུར་བརྩོན་གྱིས་འཇུག་སའི་ཁྱབ་ཁོངས་ནི་ལྷུག་རྩོམ་ནས་སྙན་ངག་དང་། རོལ་དབྱངས། གློག་བརྙན། ཆབ་སྲིད་བཅས་རྒྱ་ཆེན་པོ་ཞིག་ཡིན། འདི་ལྟ་བུའི་རྒྱབ་ལྗོངས་ཟབ་མོ་ཞིག་ལ་གཞིགས་ཏེ་ཁོང་གིས་བོད་ཀྱི་རིག་གཞུང་དང་། སྲིད་དོན་གྱི་བཟོ་གྲྭ་དེའི་ཚེ་སྲོག་ལ་གསོན་ཤུགས་ལྡན་པ་དང་། བྲེལ་འཚུབ་ཆེ་བ། གྲུབ་འབྲས་ལྡན་པ་ཞིག་ཏུ་བསྒྱུར་བའི་བྱེད་པོ་དག་གི་སྣང་བརྙན་ཡོངས་སུ་འབྲི་བཞེངས་བྱས་ཡོད། འདི་ལྟར་ཁོང་གིས་གནད་དོན་ལ་ཟབ་འཇུག་དང་ཁ་གསལ་གོ་བདེའི་ངང་བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ་དང་། གླུ་བ། སྙན་ངག་པ། གློག་བརྙན་བཟོ་མཁན། ལས་འགུལ་སྤེལ་མཁན། དབུ་ཁྲིད་མཁན་སོགས་ཀྱིས་བོད་མི་མང་གི་བསམ་པའི་གོ་རྟོགས་སྔར་བས་ཇེ་མཐོར་བཏང་བའི་གནས་ཚུལ་ཞིབ་འབྲི་བྱས་ཡོད། དེ་བཞིན་བོད་མི་ཕྱི་རབས་པ་ཚོས་ཀྱང་བོད་ཀྱི་འབྱུང་འགྱུར་གྱི་འདུན་མ་གཙིགས་སུ་བཟུང་ནས་རྒྱང་སྐྱོད་འགོ་རྩོམ་དགོས་པས། ཁེར་རྐྱང་ངང་རྒྱང་རིང་དུ་འཐེན་པའི་གཞུང་ལམ་དེ་བརྒྱུད་ནས་འགྲོ་སྐབས་ལེགས་བྱས་ཀྱི་དྲིན་ཚོར་ལ་རྟིང་སྐུལ་ཡང་ཐེབས་ངེས།

(ཐུབ་བསྟན་བསམ་འཕེལ་ནི་རྡ་ལམ་ས་ལའི་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཡིན།)
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)

Leave a Comment

Your email address will not be published. Required fields are marked *

*