ཤེས་དགོས་པའི་མི། — སྒོ་ཤེས་རབ།

 ལི་ཝུན་ལིའང་(李文亮)ནི་སྨན་པ་དཀྱུས་མ་ཞིག་རེད། ཁོང་གིས་བཤད་པའི་སྐད་ཆའང་དཀྱུས་མ་ལས་ཀྱང་དཀྱུས་མ་ཞིག་རེད།  སྨན་པ་ཞིག་གིས་བཤད་འོས་པའི་སྐད་ཆ་བདེན་པ་ཞིག་བཤད་པ་ཙམ་རེད། ནད་ཡམསནགསར་པ་ཞིག་འབྱུང་བཞིན་པའི་མཐོང་ཆོས་ཀྱི་བདེན་པ་དེ་གྲོགས་པོ་ཚོར་བཤད་པ་ཙམ་རེད།

    འོན་ཏེ། སྐད་ཆ་བདེན་པ་གཅིག་བཤད་ཙམ་གྱིས་ཁོང་ཉིད་དཔའ་བོར་རྩི་དགོས་བྱུང་བ་དེས་ཅི་ཞིག་མཚོན་ནམ།  དེས་ནི་དུས་རབས་འདི་དང་འཇིག་རྟེན་འདིའིངོ་མདངས་གསལ་ཤོས་བསྟན་མེད་དམ།  དེས་ནི་དཔའ་བོ་འཁྲུངས་བའི་དུས་རབས་དེ་ས་སྟེང་སྐྱོ་གར་གྱིས་ཁྱབ་པའི་དུས་རབས་ཡིན་ཟེར་བའི་དཔང་རྟགས་མཛད་པ་མ་བྱུང་ངམ།

    རེད།  ཁོང་ནི་ངོ་མ་དཔའ་བོ་ཞིག་རེད།  ཁོང་གི་སྐད་ཆ་བདེན་པ་གཅིག་པོ་དེས།  ཅུང་ཙམ་མིན་ན་རྒྱལ་ཁབ་ཅིག་བསྐྱབ་ཐུབ་སོང་། ཨུ་རུ་སུའི་རྩོམ་མཁན་སོལ་ཟེ་ཉི་ཆེན་གྱིས“སྐད་ཆ་བདེན་པ་གཅིག་གི་ལྗིད་ཚད་ས་ཆེན་པོའི་དཀྱིལ་འཁོར་ལས་ཀྱང་ལྕིའོ”ཟེར་བ་ཅིས་མ་བདེན་ཨང་།

    བཀྲ་མ་ཤིས་པ་ཞིག་ལ།  བདེན་པའི་སྐད་ཆ་དེ་དང་དེ་རིགས་ཚར་བཅད་པའི་འབྲས་བུར།  རིམས་ནད་ཀྱི་རླུང་ནག་ག་ས་གང་དུ་གཡུགས་སོང་།   རླུང་ནག་དེའི་ཁྲོད་དུ་ལི་ཝུན་ལིའང་(李文亮)ཁོང་ཡང་ཐིམ་སོང་།  སྐྱེ་བོ་མང་པོ་ཐིམ་སོང་།  དེ་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་འཛིན་པའི་སྨོན་ལམ་འདེབས་པ་ཙམ་ལས་ངས་ཅི་ཡང་མ་ནུས།

    གང་ལྟར་ལྷ་རྗེ་དམ་པ་ཁོང་གི་རེ་བ་ཉག་གཅིག་ནི། མི་རྣམས་རིམས་ནད་ཀྱི་མི་མནར་བ་དེ་ཡིན་ངེས་པས།  ང་ཚོས་རང་རང་ས་ནས་རིམས་འགོག་ལ་བརྩོན་རྒྱུ་ནི་ལྷ་རྗེ་དཔའ་བོ་ཁོང་ལ་རྗེས་དྲན་ཞུ་སྟངས་ཡག་ཤོས་ཡིན་པར་མཐོང་།

                                2020/2/7 ཉིན་བྲིས། 

This post is also available in: English (དབྱིན་ཇིའི་སྐད ) བོད་ཡིག

Leave a Comment

Your email address will not be published.

*