འོད་ཟེར། “རང་དབང་ནི་རིན་ཐང་ཅན་ཞིག་རེད།”

2014 07 30 Freedom is Precious

“རང་དབང་ནི་རིན་ཐང་ཅན་ཞིག་རེད།”

འོད་ཟེར་གྱིས་། ཕྱི་ལོ་ ༢༠༡༣ ཟླ་བ་ ༡༡ ཚེས་ ༤ ཉིན་ལ།

དོན་གླིང་བུས་བོད་སྒྱུར་ཞུས།

ཉིན་ཤས་གོང་ངོ་དེབ་བརྒྱུད་ནས་ངོ་ཤེས་བྱུང་བའི་ཧོང་ཀོང་ནས་ཡིན་པའི་བུ་མོ་ཝན་ཝན་(Wenwen)གྱིས་ང་ལ་དཔར་སྐྲུན་བྱ་ལ་ཉེ་བའི་ཁོ་མོའི་འགྲུལ་བཞུད་ཀྱི་ཟིན་ཐོའི་དཔེ་དེབ་དེར་སྔོན་གླེང་ཐུང་ངུ་ཞིག་བྲིས་རོགས་ཅེས་པའི་འཕྲིན་ཡིག་ཅིག་འབྱོར་བྱུང།

ཁོ་མོའི་ཡི་གེ་ནང་ “དཔེ་དེབ་འདི་ནི་གཙོ་ཆེ་བོད་ཀྱི་སྐོར་ལ་ཡིན། ང་རང་དངོས་གནས་ས་ཆ་དེར་ཡིད་སེམས་ཆགས་ཤིང་ཐེངས་གསུམ་ཙམ་བསྐྱོད་ཟིན་པ་ཡིན། ངས་ཁྱེད་ཀྱི་རྩོམ་ཡིག་རྣམས་ལ་བསྔགས་བརྗོད་བྱེད་རྒྱུ་ཡིན། རྩོམ་ཡིག་དེ་ཚོས་ང་ཚོ་འགྲུལ་བཞུད་པ་རྣམས་བོད་ནང་དུ་བསྐྱོད་སྐབས་བོད་ནང་གི་གནས་སྟངས་ཤེས་རྟོགས་དང། བོད་ཀྱི་སྐོར་ལ་རྒྱུས་མངའ་ཆེ་བ་ཡོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་སོང། ང་རང་རྒྱུན་དུ་མི་རྣམས་ཀྱི་ཁ་ནས་བོད་མི་རྣམས་ནི་འཇིགས་སྣང་ཅན་གྱི་མི་རིགས་ཤིག་རེད་ལྟ་བུའི་ཞེ་སྣང་ཚ་པོ་ཡོད་ལུགས་ཀྱི་སྐད་ཆ་བཤད་པ་མང་པོ་གོ་མྱོང། འོན་ཀྱང་ང་ལ་ད་བར་དུ་ཐུག་པའི་བོད་མི་རྣམས་ནི་མཐུན་ལམ་ལྡན་ཞིང་ལྷད་མེད་ཀྱི་མཛུམ་གདངས་ལྡན་པ་ཤ་སྟག་རེད་འདུག རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེས་བོད་མི་རྣམས་ནི་དྲག་པོ་དང་ཉེན་ཚབས་ཅན་ཞིག་ཡིན་པའི་སྣང་བརྙན་རྫུན་པ་ཞིག་སྐྲུན་ཡོད། ཡིན་ནའང་(ཕྱི་ལོ་ ༢༠༠༨) ཟླ་བ་ ༣ ཚེས་ ༡༤ དོན་རྐྱེན་གྱི་སྔ་རྗེས་གཉིས་སུ་ང་རང་བོད་དུ་ག་དུས་བསྐྱོད་ནའང་བོད་མི་སྐྱ་སེར་ཚང་མས་ང་ལ་དཔེ་མི་སྲིད་པའི་བལྟ་སྐྱོང་ཡག་པོ་བྱས་སོང། མི་རྣམས་ཀྱིས་ཁོང་ཚོའི་ཕྱོགས་ལྷུང་གི་འདོད་ཚུལ་དང་དཀྲོག་གཏམ་དེ་ཚོ་ཚང་མ་སྐྱུར་ནས་ཁོང་རང་ཚོ་བོད་དུ་དངོས་སུ་བསྐྱོད་ནས་ཉམས་སུ་མྱོང་སྐབས་། ཁོང་ཚོས་གཞི་ནས་བོད་མིའི་སྐོར་གྱི་བསམ་ཚུལ་དེ་ཚོ་ཚང་མ་ནི་རྟོག་སྒྲུང་ཁོ་ན་དང་ཁུངས་ལུང་རྩ་བ་མེད་པ་ཞིག་ཡིན་པ་ཤེས་ཀྱི་རེད། ”

ངས་བུ་མོ་འདི་དངོས་སུ་རྩ་བ་ནས་ཐུག་མྱོང་མེད་ནའང་ཁོ་མོས་ང་ལ་དེ་ཚོ་བྲིས་པ་དང། ད་དུང་ཁོ་མོའི་དེབ་ཀྱི་ནང་དུ་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་སྐོར་ལ་རྩོམ་ཡིག་དང་པར་མང་པོ་ཡོད་པར་བརྟེན། ང་རང་སེམས་འགུལ་ཆེན་པོ་ཞིག་ཐེབས་བྱུང་ལ་ངས་གཤམ་གྱི་སྔོན་གླེང་དེ་ཐེ་ཚོམ་མེད་པའི་ཐོག་ནས་བྲིས་པ་ཡིན།

ང་རང་བོད་མི་ཞིག་ཡིན་པའི་ཆ་ནས་ང་ལ་མཚོན་ན་རྒྱ་གར་དང་བལ་ཡུལ་ནི་ཐག་རིང་དུ་གནས་པའི་འཛམ་གླིང་གཞན་ལྟ་བུ་ཡིན།

ངས་དེ་ཇི་ལྟར་ཡིན་པ་དྲན་གྱི་འདུག དེ་ཡང་ལོ་མང་པོ་ཞིག་གི་གོང་ང་ལ་ “བལ་ཡུལ་” ཟེར་བའི་དཔེ་དེབ་མཐུག་པོ་ཅིག་རག་བྱུང། དེ་ནི་འགྲུལ་བཞུད་ཀྱི་ལམ་ཡིག་མང་པོ་ཡོད་པ་ནས་གཅིག་རེད། གལ་སྲིད་ངའི་ངེས་གསལ་མེད་པའི་དྲན་པ་དེ་ནོར་མེད་ཚེ། འདི་ནི་ཕྱི་ལོ་ ༡༩༧༠ ནང་བལ་ཡུལ་དུ་འགྲུལ་བཞུད་བྱེད་མྱོང་བའི་ཕྱི་རྒྱལ་བ་འཁྱམ་པོ་འགས་བྲིས་པ་ཞིག་རེད། མ་དཔེ་དེ་ནིི་དབྱིན་ཇིའི་ནང་དུ་བྲིས་ཡོད་ནའང་རྗེས་སུ་རྒྱ་ཡིག་གི་ནང་དུ་མཛེས་ཉམས་ཆེན་པོའི་ཐོག་ནས་སྒྱུར་བ་དང་དེའི་ནང་དུ་མཛེས་སྡུག་ལྡན་པའི་པར་མང་པོ་ཞིག་ཀྱང་འདུག ང་རང་དཔེ་དེབ་འདི་ལ་དགའ་པོ་ཞེ་དྲགས་ཡོད། ངས་ཡང་ནས་ཡང་དུ་དཔེ་དེབ་ཁ་ཕྱེས་ཤིང། ངའི་སེམས་ངོས་སུ་ང་རང་ཉིན་གཅིག་བལ་ཡུལ་དུ་བསྐྱོད་ནས་དཔེ་དེབ་དེ་བལྟ་བཞིན་དེའི་ནང་དུ་འགྲེལ་བརྗོད་བྱེད་པའི་ས་ཁུལ་ཁག་ཏུ་བསྐོར་བསྐྱོད་བྱེད་རྒྱུའི་བསམ་བློ་འཁོར་མྱོང། ང་རང་དེབ་དེའི་ནང་དུ་རྦད་དེ་འཛུལ་དྲགས་ནས་ངའི་སེམས་ཕྲ་མོར་ང་རང་མགྱོགས་པོ་རང་དབང་གི་ཐོག་ནས་འགྲུལ་བཞུད་བྱེད་ཐུབ་རྒྱུ་དྲན་ནས་ “ངས་བྲིས་པའི་ཚིག་ཡོངས་རྫོགས་ནི་ཚིག་འཚོལ་བའི་སྐོར་ཡིན་ལ་། ངའི་འགྲུལ་བཞུད་བྱེད་པ་ཡོངས་རྫོགས་ནི་འགྲུལ་བཞུད་འཚོལ་བའི་སྐོར་ཡིན་” ཅེས་ངས་བྲིས་ཡོད།

འདི་ལྟ་བུའི་ “རང་དབང་” ནི་མཚམས་རེ་ཕྱི་སྐྱོད་ལག་ཁྱེར་ལྟ་བུ་རིན་ཐང་དེ་འདྲ་མེད་པ་དངོས་གནས་རེད་འདུག དེ་ཡང་རྒྱལ་ཁབ་འདིའི་ནང་གི་མི་མང་པོ་ཞིག་ལ་ལས་སླ་པོར་རག་ཐུབ་ཀྱི་ཡོད་ནའང་། གཞན་ “བོད་པ་” དང་དེ་བཞིན་ “གྲངས་ཉུང་མི་རིགས་” ལྟ་བུའི་མིང་འདོགས་པ་རྣམས་ལ་ནི་ནམ་མཁའ་ལས་ཀྱང་བར་ཐག་ལས་རིང་བ་ལྟ་བུ་རེད། འདི་དངོས་ཡོད་ཞིག་ཡིན་དུས་ང་ཚོ་ཚང་མས་བྱེད་ཐུབ་པ་ནི་གནས་སྟངས་ཐབས་སྐྱོ་བོ་དེ་བེད་སྤྱོད་གང་དྲགས་ཤིག་གཏོང་རྒྱུ་དེ་དང། དེ་ནས་ཡ་མཚན་ཅན་གྱི་ཕྱིའི་རྒྱལ་ཁབ་དང་ག་ཐུབ་ཀྱིས་ཐག་ཉེར་སླེབས་ཐུབ་རྒྱུ་ནི་ཡིད་དུ་འོང་བའི་རྨི་ལམ་ཞིག་རེད། ངས་དྲན་ཚོད་ལ་ཕྱི་ལོ་ ༢༠༡༢ ལོ་སྟོད་དུ་ལོ་ན་བགྲེས་པའི་བོད་མི་སྟོང་ཕྲག་དང་སྟོང་ཕྲག་ལ་མཐའ་མ་ཕྱི་བསྐྱོད་ལག་ཁྱེར་རག་ནས་གནས་ཆེན་རྡོ་རྗེ་གདན་དུ་༸གོང་ས་སྐྱབས་མགོན་ཆེན་པོའི་འཁྲིད་ནས་དུས་འཁོར་དབང་ཆེན་ཞུ་བར་བསྐྱོད་པ་རེད། ཁོང་ཚོའི་(ཕྱི་བསྐྱོད་ལག་ཁྱེར་ཆེད་དུ་)དབང་མེད་དུ་བློས་གཏོང་མང་པོ་ཞིག་བྱེད་དགོས་བྱུང་བ་རྣམས་། དུས་ཐུང་གི་བདེ་སྐྱིད་འདི་ཡིས་སངས་པར་བྱས། ཡིན་ནའང་ཕྱིས་སུ་ཁོང་ཚོ་བོད་དུ་ཕྱིར་ལོག་བྱེད་རྗེས་ཁོང་ཚོར་རྫོགས་རྒྱུ་མེད་པའི་དཀའ་ངལ་མང་པོ་ཞིག་དངོས་སུ་འཕྲད་པ་རེད། ངས་བོད་མི་རྒན་བགྲེས་ཁ་ཤས་དང་ཐུག་པ་ཡིན། ཁོང་ཚོས་མིག་ནས་མིག་ཆུ་དང་བཅས་ནས་ཁོང་ཚོ་ཇི་ལྟར་བྱས་ནས་འཚོལ་ལུགས་དང་ཁོང་ཚོའི་དངོས་པོ་རྣམས་ཇི་ལྟར་བྱས་ནས་བཙན་འཕྲོག་བྱེད་ལུགས། དེ་བཞིན་ཁོང་ཚོའི་མཛུབ་རིས་རྣམས་ཇི་ལྟར་བྱས་ནས་བླངས་པ་དང་ཕྱོགས་ཡོངས་ནས་ཁོང་ཚོའི་པར་བླངས་ལུགས། ད་དུང་ཁོང་ཚོ་ཇི་ལྟར་བྱས་ནས་རྭ་བ་ཡོངས་སུ་བསྐོར་བའི་ “སློབ་གསོ་རུ་ཁག་” ནང་དུ་འཁྲིད་ཚུལ་དང་། དེའི་ནང་དུ་ཁོང་ཚོར་སློབ་གསོ་སྤྲོད་ནས་རང་སྐྱོན་རང་བརྗོད་བྱེད་དགོས་ཤིང་མཐོང་བྱུང་ཁྱད་གསོད་ཅི་རིགས་ཤིག་མྱོང་བ་བཅས་གསུངས་བྱུང། མཐའ་མར་ཕྱི་བསྐྱོད་ལག་ཁྱེར་ཚང་མ་ཕྱིར་བསྡུ་བྱས་ཡོད་པ་རེད། ད་ནི་རྒྱ་གར་དུ་བསྐྱོད་མ་མྱོང་ཞིང་བསྐྱོད་ཐབས་ཀྱང་བྱེད་མེད་པ་རྣམས་ལའང་ཕྱི་བསྐྱོད་ལག་ཁྱེར་ནི་མི་ཚེ་གང་རག་ཐབས་མེད་པ་རེད།

དེར་བརྟེན་ངས་ཝན་ཝན་གྱི་དཔེ་དེབ་ “ཉིན་མོའི་རྨི་ལམ་གྱི་འགྲུལ་བཞུད་པ་” (འགོ་བརྗོད་ཡག་པོ་ཞིག་དུག་གམ།) ཀློག་པའི་སྐབས་སུ་རང་དབང་གི་མཛེས་སྡུག་དེ་ཚོར་ཐུབ་ཀྱི་འདུག ཝན་ཝན་གྱི་རང་དབང་འགྲུལ་བཞུད་དེ་ནི་རང་དབང་ཞིག་ཡིན་ལ་དེ་ང་ལ་མེད་པ་རེད། འོན་ཀྱང་ཁོ་མོའི་ལྟ་ཚུལ་གྱི་འགྲེལ་བརྗོད་ཀྱི་ཐོག་ནས་ངས་ཁོ་མོའི་རང་དབང་དེ་སྤྱོད་ཐུབ་ཅིང་ད་དུང་གཙིགས་ཆེ་བ་བྱེད་ཐུབ་རྒྱུ་བྱུང་སོང། འདི་ནི་ཕལ་ཆེར་གང་ལས་ཀྱང་གལ་ཆེ་བ་ཞིག་རེད།

ཉིན་གཉིས་ཀྱི་གོང་དུ་ང་རང་གྲོགས་པོ་ཤུ་བོ་བོ་(ལྷ་སའི་ནང་དུ་ཤུ་བོ་བོས་ “སྐོར་རའི་ཇ་ཁང་” ཞིག་སྒོ་ཕྱེས་ཡོད། ཁོང་ནི་བོད་སྐད་རྒྱབ་མཁན་གྱི་ཧོང་ཀོ་བ་ཞིག་ཡིན།) ཇ་ཁང་ནང་དུ་ཡོད་སྐབས་། ཧོང་ཀོང་ནས་ལྷ་སར་འགྲུལ་བཞུད་བྱེད་མཁན་གཞོན་ནུ་གཉིས་ཐུག་བྱུང། གཅིག་ནི་རི་མོ་འབྲི་རྒྱུ་ལ་མཁས་པའི་བུ་མོ་སྙིང་རྗེ་མོ་ཞིག་འདུག ཝན་ཝན་གྱིས་ “གལ་སྲིད་ང་ཚོ་ད་ལྟ་ལྷ་ས་དང་བོད་ལ་འགྲོ་མི་ཐུབ་ན་ཞེ་དྲགས་ཕྱི་དྲགས་པ་རེད། ད་ལྟ་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་འདི་ལྟ་བུ་ག་ལེར་ཐོར་བཤིག་འགྲོ་བཞིན་ཡོད་པ་མཐོང་དུས་སེམས་པ་ཞེ་དྲགས་སྐྱོ་གི་འདུག འོན་ཀྱང་ཧོང་ཀོང་གི་སྐོར་ལ་བསམ་བློ་གཏོང་སྐབས་སུ་། ད་ལྟའི་བོད་འདི་ཧོང་ཀོང་གི་མ་འོངས་པ་མ་རེད་དམ་” ཞེས་བརྗོད་པ་དེ་འདྲ་བོ་ཞིག་མཐོང་བྱུང། ངས་མིང་ཙམ་ཡང་མི་ཤེས་པའི་བུ་མོ་འདིའི་མིག་ནང་དུ་མཆི་མ་འཁོར་འགོ་བཙུགས་སྐབས་ང་རང་སེམས་ཚོར་དྲག་པོ་བྱུང་ནས་བསྡད་བཟོད་མི་ཐུབ་པས་ལངས་ནས་ཕྱིན་པ་ཡིན། ཕྱི་རོལ་ན་བསྐྱོད་ནས་ཡར་བལྟ་སྐབས་སྔོན་པོའི་གནམ་དང་དཀར་པོའི་སྤྲིན་པ་མཐོང་ཞིང་དེ་ཚོ་ནི་ནམ་ཡང་གནས་ཤིང། ད་དུང་ང་རང་གི་གཡས་གཡོན་ལ་བལྟ་སྐབས་རྒྱུན་ལྡན་གྱི་བྱ་བཞག་རྣམས་འགྲོ་བཞིན་པ་དང་དུས་མཚུངས་སུ་མེད་པར་འགྱུར་གྱི་འདུག ངའི་མདུན་ངོས་སུ་ཝན་ཛའོ་ (Wenzhou) ནས་ངས་ཧང་སང་དགོས་པའི་སྒོ་བྱང་ “ཤན་ལིའི་ཁྲོམ་ལམ་ཆེན་མོ་” ཚོང་ཁང་མང་བའི་ཁང་བརྩེགས་ཆེན་པོ་དེ་མཐོང་བྱུང། གྲིབ་གཟུགས་ཆེན་པོ་དེས་རིམ་གྱིས་དེའི་གཡས་གཡོན་གྱི་རྣམས་ཁ་ཐོར་བཏང་ནས་མེད་པར་བཟོ་བཞིན་པ་སྣང་བྱུང། སྔོན་མ་འདི་ནི་གཟི་བརྗིད་ལྡན་པའི་ཞི་བདེ་དགོན་པའི་གནས་ཤིག་རེད།

This post is also available in: བོད་ཡིག

Leave a Comment

Your email address will not be published. Required fields are marked *

*