འོད་ཟེར། འོན་ཀྱང་ཁྱེད་ཚོའི་ཤ་དང་རུས་པ་ཅི་བྱེད་རྒྱུ་ཡིན་ནམ།

2014 09 19 Nevertheless What Will You Do About Your Flesh and Bone 1

དོན་གླིང་བུས་བོད་བསྒྱུར་བྱས།

ང་རང་རྒྱུན་དུ་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་མཛད་པ་འཕྲིན་ལས་རྒྱ་ཆེར་སྐྱོང་བཞིན་པའི་གལ་འགངས་ཆེ་བའི་དུས་སྐབས་དེ་འདྲ་ཞིག་ཏུ་གློ་བུར་དུ་དགོངས་པ་རྫོགས་པ་དེ་ལ་བསམ་གཞིགས་ཡང་ཡང་བྱེད་ཅིང། དེ་བཞིན་ལོ་མང་པོ་ཞིག་གི་སྔོན་དུ་ཁོང་ཉིད་དངོས་སུ་ཐེངས་དང་པོ་མཇལ་བའི་དུས་དེའང་རྟག་ཏུ་བསམ་བློའི་ནང་འཁོར་བཞིན་འདུག དེ་ནི་ཕྱི་ལོ་ ༡༩༨༣ ཡང་ན་ ༡༩༨༤ ཡས་མས་ཀྱི་ཉིན་གཅིག་ང་རང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ལོ་རིམ་གཉིས་པ་གསུམ་པ་ཙམ་ཞིག་གི་སྐབས་ཤིག་དང། སྐབས་དེར་ང་རང་ལོ་བཅུ་བདུན་བཅོ་བརྒྱད་ཙམ་ཞིག་ཡིན་ནའང། ངའི་དྲན་ཡུལ་ན་ད་དུང་ཡང་གསལ་ལྷང་ངེར་དྲན་གྱིན་འདུག  

2014 09 19 Nevertheless What Will You Do About Your Flesh and Bone 2

2014 09 19 Nevertheless What Will You Do About Your Flesh and Bone 3

ང་ཚོས་༸པཎ་ཆེན་རིན་པོ་ཆེ་སློབ་གྲྭར་ཆིབས་སྒྱུར་ནང་རྒྱུའི་སྐོར་ལ་ཐོས་སྐབས་། ང་དང་ངའི་འཛིན་གྲོགས། དེ་བཞིན་ང་ཚོ་ལས་འཛིན་རིམ་མཐོ་བའི་སློབ་མ་གཞན་རྣམས་དང་མཉམ་དུ་སློབ་གྲྭའི་འགོ་འཁྲིད་ཚོ་དང་དགེ་རྒན་རྣམས་ནས་གོ་སྒྲིག་བྱས་པ་ལྟར་སློབ་གྲྭའི་རྒྱལ་སྒོའི་ཕྱོགས་སུ་བསྐྱོད་ནས་ཞོགས་པ་དེར་ཁོང་ལ་མཚམས་འདྲི་ཞུ་བར་བཅར་བ་ཡིན། ངའི་དྲན་ཚོད་ལ་དེ་ནི་དགུན་ཁའི་དུས་ཤིག་ཡིན་པ་དང་ང་ཚོས་ཕྱོགས་གཡས་གཡོན་གཉིས་ལས་གྲལ་བསྟར་སྒྲིག་ནས་སྒུག སྐབས་དེར་ཧ་ཅང་འཁྱགས་པས་ང་རང་སྐྱིད་པོ་གཏན་ནས་མ་བྱུང། ང་ཚོ་སུ་གཅིག་གིས་ཀྱང་བོད་ཆས་གྱོན་མེད་། སློབ་གྲྭའི་ནང་དུ་བོད་རིགས་སློབ་མ་ཁ་ཤས་ལས་མེད་ཀྱང་ངས་སུ་གཅིག་ལའང་བོད་ཆས་གྱོན་དགོས་པའི་དྲན་སྐུལ་ཡང་བྱས་མེད། ངས་གཅིག་རང་དྲན་པ་ནི་ང་ཚོ་ནས་ཐག་མི་རིང་བའི་སར་སོག་པོའི་སློབ་མ་གཉིས་འདུག ཁོང་གཉིས་ནས་སྤྲད་པའི་བརྗིད་ཉམས་ལྡན་པའི་སོག་པོའི་གྱོས་ཆས་དེ་ཡིས་ཁོང་གཉིས་ཕེབས་བསུ་བའི་འཕྲོད་ནས་འབུར་དུ་ཐོན་འདུག

མཐའ་མ་དེར་༸པཎ་ཆེན་རིན་པོ་ཆེ་ཆིབས་སྒྱུར་ནང་སོང། སྐབས་དེར་ང་རང་ཁོང་ཉིད་མཇལ་བ་ཐོག་མ་དེ་ཡིན་ལ། ཁོང་ནི་སྐུ་གཟུགས་རིང་ལ་འཇོར་བ་དང། སྐུ་ཁམས་གསལ་ཐང་དང་གཟི་མདངས་ལྡན་པ་ཞིག་འདུག ཁོང་གིས་གྲྭ་ཆས་བཞེས་མེད་ནའང་བོད་ཆས་ནག་པོ་ཞིག་བསྣམས་འདུག ང་ཚོ་བོད་རིགས་སློབ་མ་རྣམས་ནས་དགའ་བསུ་ཐེལ་མོ་བརྡེབས་ནས་འཚམས་འདྲིའི་འབོད་སྒྲ་སྒྲོག་པ་ངས་དྲན་གྱི་མི་འདུག ངས་དྲན་པ་ནི་གློ་བུར་དུ་སོག་པོའི་སློབ་མ་གཉིས་ཀྱིས་པུས་མོ་ས་ལ་བཙུགས་ནས་སྐེའི་སྟེང་གི་མཇལ་དར་སྔོན་པོ་དེ་ཡར་ཕུལ་ནས་སྙན་ལ་རིང་བའི་སོག་པོའི་གླུ་དབྱངས་དེ་འདྲ་ཞིག་གཏོང་འགོ་ཚུགས་སོང། དེ་མ་ཟད་༸པཎ་ཆེན་རིན་པོ་ཆེ་ཕེབས་ཟིན་ནའང་ཁོང་གཉིས་ཡར་ལངས་ནས་ཁོང་གཉིས་ཀྱི་མགོ་བོར་གཞན་ཞིག་གིས་རྡུང་བ་ལྟར་མགོ་བོ་སྒུར་ནས་བསྡད། སྐབས་དེར་ངའི་སེམས་ནང་དུ་སློབ་མ་དེ་གཉིས་ནི་ཆེས་རྨོངས་དད་ཅིག་རེད་འདུག་བསམ་སོང།

2014 09 19 Nevertheless What Will You Do About Your Flesh and Bone 4

དེའི་རྗེས་སུ་ང་ཚོ་ཚང་མ་སློབ་གྲྭའི་ཚོགས་ཁང་ཆེན་མོའི་ནང་དུ་ཕྱིན། ང་ཚོ་བོད་རིགས་སློབ་མ་རྣམས་ནི་དཀར་མཛེས་དང་རྔ་བ་བོད་རིགས་འབྲིང་རིམ་སློབ་གྲྭ་ནས་ཡིན་ཙང་༸པཎ་ཆེན་རིན་པོ་ཆེའི་གསུང་ཡག་པོ་ཐོས་ཐུབ་ཕྱིར་ཚོགས་ཁང་གི་མདུན་གྲལ་དུ་འཇོག་སོང། སྤྱིར་བཏང་དེར་འཛོམས་པ་ཚང་མ་བོད་རིགས་སློབ་མ་དང་དགེ་རྒན་ཁོ་ན་ཡིན་པར་བརྟེན་དང་ཐོག་༸པཎ་ཆེན་རིན་པོ་ཆེ་མཆོག་ནས་བོད་སྐད་ཀྱི་ནང་དུ་བཀའ་སློབ་གནང་རྒྱུ་བྱས་ནས་ཁོང་གིས་ཁྱེད་རང་ཚོ་བོད་སྐད་གོ་གི་ཡོད་མེད་དྲིས་སྐབས་ཚང་མས་ཁ་ཁུ་སིམ་མེར་གནས་པར་བརྟེན་༸པཎ་ཆེན་རིན་པོ་ཆེ་མཆོག་ནས་ང་ཚོ་ཚང་མ་གོ་བའི་ཆེད་དུ་རྒྱ་སྐད་བདེ་པོའི་ཐོག་ནས་བཀའ་སློབ་གནང་འགོ་ཚུགས་སོང། བཀའ་སློབ་ཀྱི་ཐོག་མ་ཉིད་ནས་ང་ཚོར་བཀའ་སྐྱོན་དྲག་པོ་གནང་སོང་། ཁོང་ནས་ཆུ་ཚོད་གཉིས་གསུམ་གྱི་རིང་ལ་བཀའ་སྐྱོན་དྲག་པོ་གནང་བར་བརྟེན་ངའི་ཟུར་གྱི་སློབ་མ་དེ་ཡིས་ཤབ་ཤུབ་ངང་ ‘དེ་འདྲའི་བཀའ་སྐྱོན་དྲག་པོ་’ ཞེས་བརྗོད་བྱུང།

༸པཎ་ཆེན་རིན་པོ་ཆེ་མཆོག་གིས་སྒྲོག་ཙེ་རྡུང་གནང་བ་དང་ང་ཚོར་བཀའ་སྐྱོན་དྲག་པོ་གནང་སོང། ཁྱེད་ཚོ་བོད་རིགས་ཡིན་པའི་དབང་དུ་བཏང་ནའང་ཁྱེད་ཚོས་བོད་སྐད་ཤེས་ཀྱི་མི་འདུག ད་དུང་ཁྱེད་ཚོས་བོད་ཆས་ཀྱང་གྱོན་མི་འདུག བོད་ཆས་གྱོན་རྒྱུ་དེ་ཤིན་ཏུ་ཁག་པོ་འདུག་གམ། དེ་ཧ་ཅང་སུན་པོ་ཞིག་འདུག་གམ་བཅས་གསུངས་སོང། ཁོང་ནས་བཀའ་སློབ་གནང་བའི་སྐབས་སུ་ཕྱག་ངར་སྒྲེངས་ཤིང་ཕྱག་འདར་བ་དང། ཕྱུ་པའི་ཕུ་ཐུང་རིང་པོ་དེ་མར་འཛགས་འགྲོ་གི་འདུག ཁོང་ནས་ཕྱུ་པའི་ཕུ་ཐུང་དེ་ཡར་སྒྲིལ་བ་དང་མཉམ་དུ་། བྱས་ན་སློབ་སྦྱོང་བྱེད་རྒྱུ་དང་བྱ་བ་བསྒྲུབ་རྒྱུ་དེ་ལས་སླ་པོ་ཞིག་རེད་པས། བོད་ཆས་གྱོན་རྒྱུ་དེ་ངོ་ཚ་བོ་ཞིག་རེད་བསམ་གྱི་འདུག་གས་། ཁྱེད་ཚོས་སོ་སོའི་རྒྱུན་སྲོལ་དང་རིག་གཞུང་དེ་འདོར་བ་ཡིན་ན་ཁྱེད་ཚོ་བོད་རིགས་མ་རེད། དེ་དེ་བཞིན་རེད་བཅས་གསུངས་སོང། ང་རང་སེམས་གཏིང་ནས་སྐྱིད་པོ་མ་བྱུང་ལ་སྐབས་དེར་ང་རང་ངོ་ཚ་ཡང་སྐྱེས་མ་བྱུང། ང་རང་བཀའ་སྐྱོན་དྲག་པོ་གནང་བ་དེར་མི་བདེ་བ་ཙམ་ཞིག་བྱུང་སོང་བས་ངས་བཀའ་སློབ་ཀྱི་ཚིག་རྣམས་དྲན་གྱི་འདུག

རྗེས་སུ་ངའི་གོ་ཐོས་ལ་དང་ཐོག་༸པཎ་ཆེན་རིན་པོ་མཆོག་ནས་ང་ཚོའི་སློབ་གྲྭར་དགོས་མཁོ་ཆེ་བའི་ཕྱག་དངུལ་ཞལ་འདེབས་གནང་རྒྱུའི་གྲ་སྒྲིག་ཡོད་ཚུལ་འདུག རིག་གནས་གསར་བརྗེ་ཆེན་མོའི་རྗེས་སུ་དེ་སྔོན་བཙོན་འཇུག་བྱས་པའི་༸པཎ་ཆེན་རིན་པོ་ཆེ་མཆོག་ནས་མང་ཚོགས་ཀྱི་ལས་འགུལ་སླར་ཡང་མུ་མཐུད་ནས་གནང་ཞིང་། ཁོང་ཉིད་བོད་རིགས་ས་ཁུལ་གང་དུ་ཕེབས་ནའང་བོད་མི་དད་ལྡན་པ་སྟོང་ཕྲག་མང་པོས་མཇལ་ཁར་བཅར་ནས་འབུལ་བ་ཧ་ཅང་མང་པོ་ཞིག་ཕུལ་གྱི་ཡོད། ངའི་རྣ་བར་༸པཎ་ཆེན་རིན་པོ་ཆེ་མཆོག་ནས་འབུལ་བའི་དངུལ་རྣམས་རས་ཀྱི་ནང་དུ་འགྲིལ་ནས་སློབ་གྲྭ་ཁག་དང་ས་གནས་ཀྱི་སློབ་གསོའི་ལས་འཆར་ཁག་ལ་གནང་གི་ཡོད་པ་ཐོས་བྱུང། གནས་ཚུལ་འདི་ནི་མང་ཚོགས་ཀྱི་ནང་དུ་ཡོངས་གྲགས་ཡིན་པ་དང་ང་ཚོའི་སློབ་གྲྭ་ནས་ཀྱང་འདི་ལ་རེ་བ་ཆེན་པོ་བྱས། འོན་ཀྱང་༸པཎ་ཆེན་རིན་པོ་མཆོག་ནས་ང་ཚོའི་སློབ་གྲྭ་དང་བོད་རིགས་སློབ་མ་རྣམས་ལ་བློ་ཕམ་ཆེན་པོ་བྱུང་ནས་དངུལ་ཕིང་གཅིག་ཀྱང་གནང་མི་འདུག

2014 09 19 Nevertheless What Will You Do About Your Flesh and Bone 5

ལོ་མང་པོའི་རྗེས་སུ་མ་གཏོགས་ངས་གནས་ཚུལ་དེ་དྲན་པའི་སྐབས་སུ་ངོ་ཚ་ཞིང་སྐབས་དེར་ངོ་ཚ་རྒྱུ་ཕྱི་དྲགས་འདུག ལོ་ངོ་མང་པོའི་རྗེས་སུ་དྲ་ཉུལ་བའི་རོགས་པ་རྣམས་ཀྱི་ནང་དུ་ཁྱབ་སྤེལ་འགྲོ་བཞིན་པའི་ཀུན་གཟིགས་༸པཎ་ཆེན་སྐུ་འཕྲེང་བཅུ་པ་མཆོག་གི་བཀའ་སློབ་ཟུར་བཏོན་གྲགས་ཅན་ “ང་རང་གི་རྒྱ་སྐད་བཤད་ཤེས་པ་འདི་ང་རང་གི་འཇོན་ཐང་དང་ཡོན་ཏན་རེད། གལ་སྲིད་ངས་མ་ཤེས་པ་ཡིན་ནའང་ངོ་ཚ་དགོས་དོན་མེད། འོན་ཀྱང་གལ་སྲིད་ང་རང་གིས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན་། དེ་ནི་ང་རང་གི་ཞབས་འདྲེན་ཡིན་པས་ང་རང་ངོ་ཚ་དགོས་པ་ཞིག་རེད།” “ཁྱེད་ཚོ་བོད་སྐད་བཤད་པར་ངོ་ཚ་ན་མ་བཤད་ན་ཆོག་ལ། བོད་ལྭ་གྱོན་པར་ངོ་ཚ་ན་དེའང་མ་གྱོན་ན་ཆོག་མོད། འོན་ཀྱང་ཁྱོད་ཚོ་ཤ་དང་རུས་པ་ཅི་ལྟར་བྱེད་རྒྱུ་ཡིན། ཁྱེད་ཚོ་སོ་སོ་བོད་རིགས་ཁྱིམ་ཚང་ཞིག་དུ་སྐྱེས་པ་དངོས་ཡོད་གནས་སྟངས་དེ་ནམ་ཡང་འགྱུར་བ་གཏོང་ཐུབ་ཀྱི་མ་རེད། ཁྱེད་ཚོའི་མེས་པོ་རྣམས་ནི་བོད་རིགས་རེད། འོན་ཀྱང་ཁྱེད་ཚོའི་ད་ལྟའི་སྤྱོད་ཚུལ་དེ་ཡིས་སོ་སོའི་མི་རིགས་ཀྱི་གཤིས་ལུགས་འགྱུར་ལྡོག་ལ་རྐྱེན་བྱེད་ཀྱི་ཡོད་ ” བཅས་པ་མཐོང་སོང། སྐབས་དེར་ང་རང་གང་ཡང་བྱེད་ཐུབ་ཀྱི་མེད་ནའང་དབུགས་རིང་ཞིག་ཤོར་སོང། དེ་ནི་ང་ཚོ་བོད་རིགས་གཞོན་སྐྱེས་རྣམས་ནས་ ༸པཎ་ཆེན་རིན་པོ་ཆེ་མཆོག་གི་རེ་བ་བྱས་པ་ལྟར་སྐོང་ཐུབ་མེད་པ་དེ་ལ་ཁོང་ནས་བློ་ཕམ་དྲག་པོ་བྱུང་བའི་སྣང་བརྙན་དེའི་ནང་དུ་སླར་ཡང་གནས་པ་ལྟ་བུ་ཆགས་སོང།

ཕྱི་ལོ་ ༢༠༡༤ ཟླ་བ་ ༡ ཚེས་ ༢༨ ཉིན་

(ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་རྫོགས་ནས་ལོ་ངོ་ ༢༥ འཁོར་བའི་རྗེས་དྲན་དུ་)

གནས་ཚུལ་ཡོངས་ཁུངས: http://woeser.middle-way.net/2014/02/blog-post_19.html

This post is also available in: བོད་ཡིག

Leave a Comment

Your email address will not be published. Required fields are marked *

*