འོད་ཟེར། བོད་ཀྱི་འབྲོག་ཁྱིའི་ལས་དབང་དང་མཚོན་དོན།

2016 01 26 Mastiffs 1
(པར་འདི་ནི་ ༢༠༡༡ ལོའི་ཟླ་ ༡༡ ཚེས་ ༢༨ ཉིན་བྱུང་བའི་གནས་ཚུལ་ཞིག་བཀོད་ཡོད། པེ་ཅེན་ལྷོ་ཕྱོགས་སུ་ཡོད་པའི་འབྲོག་ཁྱི་སྡོད་སྒར་གྱི་སྦྱིན་བདག་རྒྱ་མིང་ལ་ནེའུ་ཟེར་བ་ཞིག་གིས། འབྲོག་ཁྱི་ཕོ་མི་གཉིས་འདུས་ནས་ཕྲུ་གུ་སྐྱེས་ན། ཁྱི་ཕྲུག་རེར་རྒྱ་སྒོར་ཁྲི་ལྔ་སྤྲོད་རྒྱུ་དང་། ལས་དོན་དེའི་ཆེད་དུ་འབྲོག་ཁྱི་དང་བདག་པོ་གཉིས་ཀར་(BMW) རྟགས་ཅན་གྱི་རླངས་འཁོར་གྱིས་གདན་འདྲེན་ཞུས་ཏེ། གཞོན་ནུ་མ་མཛེས་མ་འགས་ཕེབས་བསུའི་འཚམས་འདྲི་ཞུ་བཞིན་པའི་རྣམ་པ་ཡིན།)

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བ་ ༤ པའི་ཚེས་ ༡༩ ཉིན་ཨ་རིའི་ནེའུ་ཡོག་དུས་བབ་ཚགས་པར་ནང་དུ། གླེང་སློང་ཤུགས་ཆེན་པོ་བྱེད་བཞིན་པའི་གནས་ཚུལ་ཞིག་སྟེ། ད་ནས་བཟུང་རྒྱ་རིགས་ཕྱུག་བདག་ཚོར་བོད་ཀྱི་འབྲོག་ཁྱི་རྣམས་དགོས་ཀྱི་མེད་པར། རེ་རེ་བཞིན་རྒྱ་ཁོག་(Hot Pot) གི་ཁ་ཟས་དང་ཀོ་བ། ད་དུང་དགུན་ཁའི་ལག་ཤུབས་ཀྱི་ནང་ཤའི་ཆེད་དུ་བཤས་རར་ཨ་སྒོར་ ༥ ལ་བཙོང་བཞིན་པའི་གསར་འགྱུར་དེ་ཀློག་དུས། ང་རང་དེ་ཙམ་གྱིས་ཧང་སངས་མ་སོང་། མདོ་དབུས་མཐོ་སྒང་གི་མཚོན་རྟགས་རེ་རེ་རང་བྱུང་ཁམས་ཀྱི་འཁོར་ཡུག་ངོ་མ་དེ་ལས་འཁྱེར་འགྲོ་ན་མཇུག་འབྲས་འདི་ལྟར་ཡོང་རྒྱུ་ཡིན་པ་ངས་སྔ་ས་ནས་ཤེས་ཀྱི་ཡོད་ཀྱང་། གནས་ཚུལ་སྐྱོ་བོ་འདི་དེ་ལྟར་མགྱོགས་པོ་ཡོང་རྒྱུ་ཡིན་པ་བསམ་བསམ་མ་བྱུང་། འདས་པའི་ལོ་གཉིས་སྔོན་ལ། ཡུལ་ཤུལ་གྱི་གྲོགས་པོ་ཞིག་གི་འགྲམ་ནས་ཁོ་ཚོའི་སྤུན་ཉེ་གཅིག་གིས། ཧེ་ནན་ནས་ཡོང་པའི་ཁྱི་འཚོང་རྒྱག་མཁན་དེར་རང་ཁྱིམ་གྱི་འབྲོག་ཁྱི་བཙོང་ནས་རྒྱ་སྒོར་ས་ཡ་བཞི་རག་ཡོད་པ་གོ་ཐོས་བྱུང་། ཁྱི་ཚོང་རྒྱག་མཁན་དེ་སྔོན་ལ་རྒྱ་སྒོར་ས་ཡ་གཉིས་སྤྲད་ནས་རྗེས་སོར་མི་གཞན་ལ་བཙོང་ཚར་སོང་ན་དངུལ་ལྷག་མ་རྣམས་སྤྲོད་རྒྱུ་ཁས་བླངས་ཡོད་ཀྱང་། ངས་བསམ་བློར། ཡུལ་ཤུལ་གྱི་འབྲོག་ཁྱི་དེ་གོང་མཐོ་ཤོས་སྤྲོད་མཁན་གྱི་སྦྱིན་བདག་རྣམས་ལ་སྒུག་སྒུག་པའི་མཐར་རྒྱ་ཁོག་གི་ཁ་ཟས་(འདིར་ཤ་ལ་གོ་དགོས།) ལ་འགྱུར་ཡོད་ཀྱི་རེད།

2016 01 26 Mastiffs 2རྒྱུན་ལྡན་གྱི་ལབ་གླེང་ཁྲོད་དུ་ཡུལ་ཤུལ་ནི་བོད་ཀྱི་འབྲོག་ཁྱི་རྣམས་ཀྱི་ཕ་ཁྱིམ་ཡིན་ཞེས་འབོད་སྲོལ་ཡོད་ན་ཡང་། འདི་ནི་ཁྱི་ཚོང་རྒྱག་མཁན་རྣམས་ཀྱིས་དངུལ་གང་མང་མང་གསོག་ཐུབ་པའི་ཆེད་དུ་གསར་བཟོ་བྱེད་བཞིན་པའི་སྒྲུང་ཞིག་ཡིན་པ་དང་། ལོ་ལྔའི་སྔོན་ལ་ཡུལ་ཤུལ་ལ་ས་ཡོམ་བྱུང་དུས། ལི་ཁྲི་མདོག་ཅན་གྱི་སྟོས་གོས་གྱོན་པའི་ཉེན་སྐྱོབ་རུ་ཁག་གི་ལས་བྱེད་ཚོས་ཀྱང་ངོ་ཚ་མེད་པར་ཁྱི་རྐུན་བྱེད་བཞིན་པའི་རྣམ་པ་འདི་དག་དང་བླངས་རུ་ཁག་རྣམས་ཀྱིས་པར་བརྒྱབ་ཡོད། འོན་ཀྱང་གནས་ཚུལ་དེར་མི་མང་རྣམས་ཀྱིས་ད་དུང་ཡང་ཡིད་ཆེས་བྱས་མེད་ནའང་། ཉེན་སྐྱོབ་རུ་ཁག་ནང་འཛུལ་ཤུགས་བྱེད་མཁན་རེན་ལྦེན་ཏོ་ཡིས་འཕྲུལ་དྲ་(Twitter)ནང་ “ མི་ཁ་ཤས་ཀྱིས་དངུལ་གྱི་ཁེ་ཕན་ཆེད་དུ་ཁྱི་རྐུན་བྱེད་ཀྱིན་ཡོད་པ་དེ་དོགས་པ་མེད་པ་དང་། བོད་རིགས་དང་བླངས་པ་འགའ་ཞིག་གིས་ཀྱང་། མི་སྐོར་ཞིག་གིས་དང་བླངས་རུ་ཁག་ནང་འཛུལ་ཤུགས་བྱ་རྒྱུ་དེ་ཁྱི་རྐུན་བྱ་རྒྱུའི་བརྒྱུད་ལམ་ཞིག་ལ་བེད་སྤྱོད་བྱེད་ཀྱིན་ཡོད་ ”ཅེས་བརྗོད་ཡོད།

ད་ལྟ་ཡུལ་ཤུལ་ཙམ་ཞིག་མ་ཡིན་པར། ལྷ་ས་ཚུད་པའི་བོད་ཁུལ་གྱི་ས་ཆ་མང་པོ་ཞིག་ལ་འབྲོག་ཁྱི་ཡི་སྡོད་སྒར་འདྲ་མིན་བཙུགས་ཡོད་པ་དང་། འདི་ཚོ་ཕལ་ཆེ་བ་ཞིག་དམག་མི་དང་ཉེན་རྟོག་པ་རྣམས་ཀྱིས་བོད་ཀྱི་འབྲོག་ཁྱི་རྣམས་གསོ་སྐྱོང་དང་སྦྱོང་བརྡར་སྤྲད་ནས་གཞི་རྒྱ་ཆེན་པོའི་ངང་བཙོང་ཐུབ་པའི་ཆེད་དུ་ཡིན་པ་རེད། ང་རང་ལྷ་ས་ནས་གོང་དཀར་བར་གྱི་གནམ་ཐང་ལ་འགྲོ་དུས་ཐེངས་དང་པོར་སྡོད་སྒར་དེ་འདྲ་ཞིག་མཐོང་སོང་བ་དང་། འདི་ནི་མི་དམངས་ཉེན་རྟོག་ཚན་པའི་མེ་གསོད་རུ་ཁག་གི་ཡིན་ཅིང་། འབྲོག་ཁྱི་བསྲེས་ལྷད་དང་རྒྱུད་སྤེལ་བྱེད་སའི་སྡོད་སྒར་ཞིག་རེད་འདུག

2016 01 26 Mastiffs 3

༢༠༡༡ ལོར་གློག་བརྙན་འཁྲབ་འཁྲིད་པ་པད་མ་ཚེ་བརྟན་གྱིས་བཟོས་པའི་“ཁྱི་རྒན་”ཞེས་པའི་གློག་བརྙན་འདིའི་ནང་བོད་ཀྱི་འབྲོག་ཁྱི་ཡི་ལས་དབང་དང་འབྲེལ་བའི་གནས་ཚུལ་སྐྱོ་བོ་ཞིག་གླེང་སློང་བྱས་ཡོད་པ་དང་། དུས་ཚོད་འདི་ནི་ཏག་ཏག་ཁྱི་ཚོང་གི་ཚ་རླབས་ཕྱུར་བཞིན་པའི་དུས་ལ་འཁེལ་ཡོད། གློག་བརྙན་འདིའི་ནང་གི་མི་སྣ་གཙོ་གྲས་ཁྱིམ་ཚང་གི་བུ་དེ་ཡིས། རང་ཁྱིམ་གྱི་འབྲོག་ཁྱི་རྒྱ་སྒོར་ཉུང་ཉུང་ཞིག་གི་ཆེད་དུ་བཙོང་ཡོད་ན་ཡང་། ཁྱི་རྒན་ལ་བརྩེ་དུང་ཟབ་པའི་ཕ་རྒན་ཁོང་གིས་རང་འཇགས་ཚུར་འཁྲིད་ཡོང་བ་གསལ་སྟོན་བྱས་ཡོད། འོན་ཀྱང་ཕ་རྒན་ཁོང་གིས་མཐར་ཡུན་རིང་པོར་གཅེས་ཉར་བྱས་པའི་ཁྱི་རྒན་དེ་བསད་དགོས་བྱུང་ཡོད་པ་རེད། ཁེ་ན་ཌའི་ཀོ་ལིམ་ཕི་ཡའི་སློབ་གྲྭ་(University of British Columbia ) ཆེན་པོ་ནང་གི་ཨེ་ཤ་ཡའི་ཉམས་ཞིབ་ཚན་པའི་དགེ་རྒན་ཆེན་མོ་ཚེ་རིང་ཤཀྱ་ཡིས་ “ གློག་བརྙན་འདིས་རྒྱ་ནག་གི་དཔལ་འབྱོར་ལ་འགྱུར་ལྡོག་ཆེན་པོ་ཕྱིན་པའི་དབང་གིས། བོད་མི་ཚོའི་འཚོ་བར་བརྟན་བརླིང་མེད་པ་དང་ཧམ་འཛུལ་(འདིར་ཧམ་འཛུལ་ཞེས་པ་དེ་ཆབ་སྲིད་ཀྱི་ཐ་སྙད་དབང་དུ་བྱས་ན་རྒྱ་ནག་གིས་བོད་ཁུལ་གྱི་འཚོ་བ་ལ་སྟངས་འཛིན་བྱེད་ཀྱིན་ཡོད་པའི་རྣམ་པ་དེར་གོ་དགོས།)གྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པའི་རྣམ་པ་ཞིག་སྟོན་གྱིན་ཡོད་པ་དང་། གློག་བརྙན་དེས་བོད་མི་ཚོའི་ད་ལྟའི་འཚོ་བའི་གནས་སྟངས་ཏེ། རྒྱ་གཞུང་གིས་དཔལ་འབྱོར་སྒེར་འཛིན་དང་། བོད་མི་ཚོའི་ས་ཆ་བཙན་འཕྲོག་བྱས་པའི་རྣམ་པ་འབུར་དུ་བཏོན་ཏེ། ཕ་རྒན་དང་ཁྱི་ཚོང་རྒྱག་མཁན་བར་གྱི་གླེང་མོལ་དེ་ལས་(གློག་བརྙན་འདིའི་ནང་ཁྱི་ཚོང་རྒྱག་མཁན་ཁོས། གྲོང་འཁྱེར་ནང་འབྲོག་ཁྱི་གནས་སྤོས་བྱེད་ན་གང་ཅིའི་ཐད་ནས་ཡག་པོ་ཡོད་པའི་སྐོར་བརྗོད་དུས། ཕ་རྒན་གྱིས་ལན་དུ་གྲོང་འཁྱེར་ནང་བདེ་འཇགས་ཀྱི་འཚོ་བ་ཡོད་ན་ཁོ་ཚོ་ཞད་སྣང་བྱེད་དགོས་པ་གང་ཞིག་ཡོད་དམ་ཞེས་བརྗོད་ཡོད།) རྒྱུ་རྔམ་དང་བཟོ་ཚོང་སྐབས་འཚོལ་རིང་ལུགས་པས། (Commercial opportunism)བོད་མི་ཉམ་ཆུང་ཞིག་གིས་རྒྱུ་ནོར་འཕྲོག་བཅོམ་བྱས་པའི་རྣམ་པ་ཞིག་གསལ་སྟོན་བྱས་ཡོད།”

དེར་བརྟེན་བོད་ཀྱི་འབྲོག་ཁྱི་མང་པོ་ཞིག་སེམས་ཅན་གཅེས་ཉར་(Pet)གྱི་ཚུལ་དུ་ས་ཆ་འདྲ་མིན་ལ་ཉོ་ཚོང་བྱེད་བཞིན་པ་དེ་རྣམ་པ་གཞན་ཞིག་མཚོན་གྱིན་ཡོད་ལ། མདོར་བསྡུས་ནས་བཤད་ན་བོད་ཀྱི་འབྲོག་ཁྱི་རྣམས་ནི། བོད་མི་རིགས་ཀྱི་ལས་དབང་མཚོན་གྱིན་ཡོད། དེའི་སྐོར་ངས་ “འབྲོག་ཁྱི་དང་སྦྱིན་བདག རྒྱ་བོད་བར་གྱི་འབྲེལ་བ་” ཞེས་ཉིས་སྟོང་བརྒྱད་ལོའི་སྤྱི་ཟླ་གསུམ་པའི་ནང་བོད་ཁུལ་ཡོངས་ལ་ཁྱབ་པའི་ངོ་རྒོལ་གྱི་ལས་འགུལ་དང་འབྲེལ་བ་ཡོད་པའི་རྩོམ་ཡིག་ཅིག་བྲིས་ཡོད། འབྲོག་ཁྱི་འདི་དག་མདོ་དབུས་མཐོ་སྒང་ནང་འཚོ་སྡོད་བྱེད་བཞིན་པའི་སེམས་ཅན་སྐད་གྲགས་ཆེ་ཤོས་ཤིག་ཡིན་ཞིང་། སྐབས་འགར་ཧ་ཅང་དཀོན་པོ་དང་རྩ་ཆེ་བའི་སེམས་ཅན་དེའི་ཆེད་དུ། བོད་ཀྱི་རིག་གཞུང་ལ་དོ་སྣང་ཡོད་ཁུལ་གྱི་རྒྱ་རིགས་ཚོང་པ་གྲགས་ཅན་ཚོས་རྒྱ་སྒོར་ཕོན་ཆེན་པོའི་འགྲོ་གྲོན་བཏང་ནས་ཉོ་ཚོང་བྱེད་ཀྱིན་ཡོད། (འབྲོག་ཁྱི་རྣམས་ལ་ཉིན་རེར་ཤ་མང་པོ་སྟེར་དགོས་པ་ཡང་སྨོས་མེད་རེད།) འོན་ཀྱང་ཉིན་གཅིག་འབྲོག་ཁྱི་འདི་ཚོ་གློ་བུར་དུ་ཁོང་ཁྲོ་ལངས་ནས་རང་གི་སྦྱིན་བདག་ལ་རྨུགས་དུས། ཁོ་ཚོས་(རྒྱ་རིགས་སྦྱིན་བདག་ཚོར་གོ་དགོས།) དེ་མ་ཐག་སེམས་ཅན་འདི་རྣམས་གསོད་ངེས་ཡིན་ལ། གནས་ཚུལ་འདི་རིགས་རྒྱ་ནག་གི་ཚགས་ཤོག་ནང་དུ་ཡང་མང་པོ་འཐོན་ཀྱིན་ཡོད། གང་ལྟར་གོང་གི་གནས་ཚུལ་འདི། བོད་མི་དང་རྒྱ་རིགས་བར་གྱི་འབྲེལ་བ་གསལ་པོ་ཞིག་སྟོན་གྱིན་ཡོད་ལ། འདི་ནི་རྒྱ་ནག་གི་སྤྱི་ཚོགས་ནང་དུ་ཡོད་པའི་གྲངས་ཉུང་མི་རིགས་ཕན་ཚུན་གྱི་གཞི་རྩའི་འབྲེལ་བ་ངོ་མ་ཞིག་ཀྱང་གསལ་སྟོན་བྱེད་ཀྱིན་ཡོད།

གལ་ཏེ་བོད་མི་ཚོར་བོད་ཀྱི་འབྲོག་ཁྱི་རྣམས་དང་གཅིག་མཚུངས་ཀྱི་ཆེ་མཐོང་བྱས་པར་འདོད་བློ་ཚིམ་ན། རྒྱ་རིགས་ཚོས་སྔར་བཞིན་བོད་མི་རྣམས་ལ་སེམས་ཆུང་བྱ་རྒྱུའི་གོམས་གཤིས་དེ་རྒྱུན་སྐྱོང་བྱེད་ངེས་ཡིན་ལ། ཁོ་ཚོས་(རྒྱ་རིགས་ལ་གོ) རང་གི་ཁྱི་དང་ཞི་མི་རྣམས་ལ་བྱམས་སྐྱོང་བྱས་པ་ནང་བཞིན་བོད་མི་ཚོར་མུ་མཐུད་དགའ་ངེས་ཡིན། འོན་ཀྱང་འགྲོ་བ་མི་ནི། སེམས་ཅན་དང་མ་འདྲ་བའི་བདག་འཛིན་གྱི་བློ་སྟོབས་ཤིག་ཡོད་པ་ལྟར། བོད་མི་ཚོ་ནམ་ཡང་རྒྱ་རིགས་ཀྱི་གཅེས་ཉར་སེམས་ཅན་བྱ་འདོད་མེད་དེ། དེ་ལྟར་བྱས་ན། སོ་སོ་དང་བོད་རྒྱལ་ཁབ་དེ་བརླག་རྒྱུ་ཡིན་པ་ཁོ་ཚོས་སྔ་ས་ནས་ཤེས་ཀྱིན་ཡོད། དེར་བརྟེན། བོད་མི་ཚོས་ནམ་ཡང་རྒྱ་ནག་གི་གཅེས་ཉར་སེམས་ཅན་བྱ་རྒྱུའི་འདུན་པ་དང་ལས་དབང་ཁས་མ་བླངས་པར་མུ་མཐུད་རྒྱ་ནག་དང་འཐབ་རྩོད་བྱས་ན། འདིར་དཀའ་ངལ་ཞིག་འཕྲད་རྒྱུ་ཡིན་པ་གདོན་མི་ཟ། འོན་ཀྱང་བོད་མི་ཚོར་དུས་རྒྱུན་དུ་ནས་དཀའ་ངལ་འཕྲད་ཀྱིན་ཡོད་ལ། སྐབས་འགར་རྒྱ་གཞུང་གི་ཉེས་ཆད་ཚུལ་དུ་བོད་མི་མང་པོ་ཞིག་བཙོན་བཟུང་དང་བཀག་བསྐྱིལ། ད་དུང་དམར་གསོད་གཏོང་གིན་ཡོད། དེར་བརྟེན། བོད་མི་རྣམས་དུས་ནམ་ཡང་འགྲོ་བ་མི་དང་གཅིག་མཚུངས་ཀྱི་བྱ་སྤྱོད་སྤེལ་ཆོག་གིན་མེད་ལ། དེ་ལྟར་བྱས་ན་ཁོ་ཚོ་རྒྱ་གཞུང་གི་ཉེན་ཁའི་ནང་འཚུད་ངེས་ཡིན།

2016 01 26 Mastiffs 4

དེ་ཙམ་གྱིས་མ་ཚད་བོད་ཀྱི་འབྲོག་ཁྱི་རྣམས་ལ་མུ་མཐུད་མཐོང་ཆུང་བྱས་པའི་གནས་ཚུལ་དེའི་རྐྱེན་པས། ནམ་རྒྱུན་ཤེས་ཡོན་ཅན་དང་བོད་པའི་སྤྱི་ཚོགས་ཁྲོད་དུ་མཚན་སྙན་གང་འཚམ་ཡོད་པའི་བོད་མི་མང་པོ་ཞིག་གིས། དྲ་རྒྱའི་ནང་དུ་ “ཁོད་ཡངས་པའི་རྩ་ཐང་སྟེང་དུ་འབྲོག་ཁྱི་ནག་པོ་ཞིག་སྡོད་ཡོད་པའི་པར་བཞག་སྟེ། ཁྱེད་ཚོ་(འདིར་འབྲོག་ཁྱི་ལ་གོ་དགོས།) ཚུར་རང་འཇགས་རྩ་ཐང་ལ་འཁྲིད་ཡོང་རྒྱུ་ཡིན།”ཞེས་རྒྱ་དབྱིན་གཉིས་ཐོག་ནས་ཡི་གེ་བྲིས་ཏེ་ཁྱབ་སྤེལ་གཏོང་བཞིན་ཡོད། འོན་ཀྱང་དོན་ངོ་མར་རྒྱ་ནག་གི་ས་ཆ་འདྲ་མིན་ནང་གྱར་ཡོད་པའི་བོད་ཀྱི་འབྲོག་ཁྱི་རྣམས་ཚུར་རང་འཇགས་རང་གི་ཕ་ཡུལ་རྩ་ཐང་ལ་འཁྲིད་རྒྱུ་ཅུང་ཙམ་ཁག་པོ་ཡིན། འབྲོག་ཁྱི་འདི་རྣམས་ཡུན་རིན་པོར་ཚོང་པ་ཚོས་ཨུ་ཚུགས་ཀྱི་རིགས་རྒྱུད་བསྲེས་སྦྱོར་དང་གྱིག་ཚིའི་གཤག་བཅོས་(Plastic Surgery) ད་དུང་སི་ལི་ཀོན་རྫས་ཁབ་(Silicon Injections) སོགས་རྒྱབ་ནས། ད་ལྟ་ཁོ་ཚོ་གཤིས་སྤྱོད་ལ་འགྱུར་ལྡོག་ཕྱིན་ཏེ། ངོ་མི་ཤེས་པ་ལྟ་བུ་ཞིག་ཆགས་ཡོད་སྟབས། གལ་ཏེ་ཚུར་རྩ་ཐང་ལ་རང་འཇགས་འཁྲིད་ཡོང་ན། འབྲོག་ཁྱི་འདི་དག་གིས་རིགས་རྒྱུད་ཕན་ཚུན་བར་དེ་ལས་ལྷག་པའི་ཆགས་སྒོ་ཞིག་བླངས་མི་སྲིད་དམ། ངས་བལྟས་ན། གཤམ་དུ་སྙན་ངག་པ་དགའ་བདེ་ཚེ་རིང་(སྨྱུག་མིང་ལ་ནག་པོ་ཞེས་འབོད།) གིས་ “’འབྲོག་ཁྱི་ཞིག་གི་ཤི་རྐྱེན་”ཞེས་པའི་སྙན་ངག་དེའི་དུམ་མཚམས་མཐའ་མས། འབྲོག་ཁྱི་དང་བོད་ནང་གི་དངོས་ཡོད་གནས་ཚུལ་གསལ་པོ་མཚོན་ཐུབ་པར་བྱས་འདུག

“ངས། སྒྲུང་འདི་ནང་ཧ་ཅང་སྐྱིད་སྣང་དོད་པའི་རིགས་ཤིག་འཚོལ་ན་འདོད་ཀི འདི་ནི་གཅིག་བྱས་ན། བོད་མི་དང་འབྲོག་ཁྱིའི་བར་གྱི་གཏིང་ཟབ་ལ། སེམས་འགུལ་ཐེབས་པའི་འབྲེལ་བ་ཞིག་ཡིན་སྲིད། འོན་ཀྱང་མཐའ་འཇུག་དེར། ད་ནི་ང་རང་བྱམས་བརྩེ་ཡི་བསླུ་བྲིད་འདི་ཁྲོད་དུ་འཛུལ་འདོད་མེད་ལ། སྤྱི་ཚོགས་ཀྱི་རྒྱུ་རྐྱེན་མང་པོའི་བཟོས་པའི་དངོས་ཡོད་གནས་ཚུལ་དེ་འཚོལ་འདོད་དེ་བས་ཀྱང་མེད། སུའི་སྣང་ངོར་འཆར་མ་མྱོང་བའི་སྡོམ་ཚིག་འདི། ངས་རང་ཡུལ་མཐོ་སྒང་གི་ས་ཆར་བྱུང་བཞིན་པའི་དངོས་ཡོད་གནས་སྟངས་ལ་བལྟས་ནས་བཀོད་དགོས་བྱུང་སོང་། དེང་སང་གི་མི་ཚོས། བོད་ཀྱི་འབྲོག་ཁྱི་ལ་འགྲམ་ཆུ་ལྡང་ན་ཡང་། དོན་ངོ་མར་ཁོ་ཚོས་སྔར་གྱི་ལམ་རྙིང་པ་དེ་རང་འཇགས་བདམས་ངེས་ཡིན། (སོ་སོར་གང་ཡོད་པ་ཚང་མ་བཙོང་ནས་ལག་སྟོང་སྡོད་རྒྱུ་དེ་རེད།) ”

ཉིས་སྟོང་བཅོ་ལྔ་ལོའི་སྤྱི་ཟླ་ལྔ་པའི་སྐབས་བྲིས།

བསྒྱུར་མཆན། དབྱིན་རྩོམ་འདི་ ༢༠༡༦ ཟླ་ ༢ ཚེས་ ༣ ཉིན། རི་མཐོ་ས་གཙང་གི་དྲ་རྒྱའི་ནང་བཀོད་འདུག་པ་དང་། གོ་བདེ་བའི་ཆེད་དུ་མགོ་བརྗོད་“བོད་ཀྱི་འབྲོག་ཁྱིའི་ལས་དབང་དང་མཚོན་དོན།”ཅེས་བསྒྱུར། མ་རྩོམ་གཟིགས་འདོད་ན་ཚེ་རིང་འོད་ཟེར་གྱི་དྲ་དེབ་“མཐོང་མི་ཐུབ་པའི་བོད་” ཅེས་པའི་ནང་གཟིགས་གནང་རོགས།

འོད་ཟེར་གྱིས་བརྩམས། གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ་གྱི་བསྒྱུར།
http://tibettimes.net/བོད་ཀྱི་འབྲོག་ཁྱིའི་ལས/

This post is also available in: བོད་ཡིག

Leave a Comment

Your email address will not be published. Required fields are marked *

*