ང་རང་བྱ་བའི་དགོས་དབང་གིས་ད་ལོའི་དགུན་གནང་གི་དུས་ཚོད་མང་ཤས་ཟི་ལིང་གྲོང་ཁྱེར་ནས་བཏང་སྟེ། ཕ་ཡུལ་དུ་འགྲིམས་ཁོམ་ཆེར་མ་བྱུང་། ལོ་སར་གྱི་སྐབས་ལ་ཁྱིམ་མི་རྣམས་ཀྱིས་ཆེད་དུ་ཕ་ཡུལ་ལ་ཐོན་དགོས་པའི་རེ་བ་བཏོན་པས་ངས་བྲེལ་ཟིང་གི་བྱ་བ་དེ་རེ་ཞིག་མཚམས་བཞག་ནས་ཕ་ཡུལ་དུ་ཡོང་བ་ཡིན། བྱིས་དུས་ཀྱི་འཚོ་བ་དང་ཕ་ཡུལ་གྱི་རྣམ་པ་འདིས་ང་རང་ཕ་ཡུལ་ནས་བསྡད་པའི་ཟླ་ཕྱེད་ཙམ་པོ་འདི་ཇི་འདྲའི་མགྱོགས་པོ་ཞིག་ནས་བཏང་སོང་བ་རེད་ཨང་། ཡིན་ཡང་། ཟླ་ཕྱེད་ཙམ་འདིའི་ནང་ངས་ཁྱིམ་མི་ཚོར་རང་གི་བྱ་བའི་གནས་ཚུལ་སྐོར་གྱི་ཁ་བརྡ་དང་ཁོམ་ལོང་སྐབས་དཔེ་ཀློག་ཅུང་ཙམ་རེ། ཞོར་དུ་ཕ་ཡུལ་གྱི་གནས་ཚུལ་སྐོར་ཞིག་ལ་རྒྱུས་ལོན་བྱས་པ་ཡིན།
ཉིན་འདི་དག་ལ་ཕ་ཡུལ་ནས་དོན་དག་ཆེ་མ་ཆུང་གསུམ་རབ་དང་རིམ་པ་བྱུང་མོད། དོན་དག་དེ་དག་ལས་ང་ལ་དཀའ་ངལ་འཕྲད་ས་དང་ཞིབ་འདང་མི་ཕོག་ས་ཞིག་ཡོད་པ་ནི་ཕ་ཡུལ་ནས་གསར་དུ་བྱུང་བའི་རྒྱལ་ཁབ་རིམ་པའི་སྲིད་ཇུས་ཤིག་སྟེ། བོད་མི་ཁྱིམ་ཚང་རེ་ལ་དམངས་སྒོར་ཁྲི་ལྔ་བསྐྱི་རྒྱུ་ཡིན་པའི་སྲིད་ཇུས་ཤིག་རེད། གསལ་བོ་བཤད་ན་ཁྱིམ་ཚང་རེ་ལ་དམངས་སྒོར་ཁྲི་ལྔ་བསྐྱི་རྒྱུ་ཡིན་པ་དང་།
ལོ་རེའི་ནང་ཟླ་གསུམ་གྱི་ཁྲོད་ནས་དེའི་སྐྱེད་ཀ་ཕྱིར་སྲིད་གཞུང་ལ་སྤྲོད་དགོས་འདུག དམངས་སྒོར་ཁྲི་ལྔ་བསྐྱི་ཡུན་ནི་ལོ་གསུམ་ཡིན་ལ་ལོ་གསུམ་འགོར་རྗེས་བུ་ལོན་ཡོད་ཚད་ཕྱིར་སྤྲད་ན་ཟླ་གསུམ་གྱི་མཚམས་ནས་སྤྲད་ཡོད་པའི་སྐྱེད་ཀ་རྣམས་གཅིག་ཀྱང་མི་ལེན་པར་ཕྱིར་བདག་པོར་སྤྲོད་རྒྱུ་རེད་ཅེས་པའི་སྐད་ཆ་དེ་རེད། ལོ་སར་སྐབས་སྡེ་བའི་ནང་གི་གཉེན་མི་སྐོར་སྐོར་བྱས་སྟེ་ཕན་ཚུན་མགྲོན་དུ་འབོད་སྲོལ་ཡོད་པས་ད་ལོ་ཡང་ལོ་སྔོན་མ་བཞིན་ཕ་ཡུལ་གྱི་གཉེན་མི་སྐོར་ཞིག་ངེད་ཚང་ནས་ལྷན་དུ་འཛོམས་སོང་།
དུས་ཚོད་གཉིས་གསུམ་གྱི་རིང་ལ་ཅིག་གི་རྒྱུགས་རྟ༼ཕ་ཡུལ་ནས་མིང་འདི་ཆེད་དུ་རྟ་རྒྱུགས་འགྲན་བསྡུར་ལ་ཞུགས་མཁན་གྱི་རྟ་གཅིག་པུར་གོ།༽ལ་རྒྱུགས་ཡོད་རབས་དང་དེས་ཨང་ཀི་མང་པོ་བླངས་རབས། ད་ལོ་རྒྱུགས་རྟ་བཙོངས་ནས་སྒོར་ཁྲི་སུམ་ཅུ་བཞི་ཅུ་བྱིན་རབས་བཤད། ཁ་བརྡ་དེའི་འཕྲོས་ཕྱོགས་ནས་དེང་སང་གི་གསར་བུ་མགོ་སྟོང་རྐྱལ་སྟོང་ཚོས་ཚུགས་ཀ་རྒྱག་བྱེད་ཀྱི་རླངས་འཁོར་རབ་འབྲིང་ཐ༼རྒྱུ་སྤུས་ཀྱི་ཐད་ཀ་ནས༽གསུམ་གྱི་སྐོར་གླེང་བྱུང་། གསར་བུ་དེའི་རླངས་འཁོར་གྱི་ཚོང་རྟགས་དེ་དང་གན་སོགས་མང་པོ་བཤད་ལ། གསར་བུ་ལ་ལས་རང་གི་ཆུང་མའི་སྐེ་རྒྱན་དང་ཤོག་སྒོར། ཟོག་ལུག་སོགས་མང་པོ་བཙོངས་ནས་རླངས་འཁོར་ཉོས་པ་རེད་སོགས་ཉན་ཡོང་ན་གཏམ་མཚར་རོ་མང་པོ་ཞིག་འདུག ཁ་བརྡ་དེའི་འཕྲོས་དོན་ལ་ཡང་གསར་བྱུང་གི་གནས་ཚུལ་གཞན་ཞིག་སྟེ། གོང་དུ་བརྗོད་པའི་རྒྱལ་ཁབ་རིམ་པའི་སྲིད་ཇུས་ཀྱི་བྱེད་ཐབས་དེ་གླེང་བྱུང་། ཁོ་བོས་མུ་མཐུད་དུ་རྣ་བ་ཅོག་ཅོག་གིས་ཉན་དུས། རྒན་པོ་ལ་ཤས་ཀྱིས་དེ་ནི་དགྱ་ནག་གི་གཡོ་ཐབས་ཀྱི་སྲིད་ཇུས་ཤིག་རེད་སྒོར་མོ་དེ་བླངས་ན་ཕན་ཐོགས་མེད་རབས་མང་བོ་བཤད།
ད་དུང་རང་མི་རིགས་ཀྱི་རིག་གནས་དང་སྐད་ཡིག ཡུལ་སྲོལ་གོམས་གཤིས། ཐ་ན་རང་གི་བླ་མ་སྤྲུལ་སྐུ་དང་ཕ་ས་ཕ་ཡུལ་ཡོད་ཚད་ཤོག་སྒོར་གྱིས་ཉོ་རྒྱུ་འགོ་བརྩམས་པ་རེད། གལ་ཏེ་ལོ་གསུམ་ནང་དོན་རྐྱེན་གཞན་རེ་བྱུང་ན་ང་ཚོའི་རུ་སྡེ་བའི་དང་དམངས་ཚོགས་རྣམས་ལ་དམངས་སྒོར་ཁྲི་ལྔ་བོ་འདིས་འགོག་ཐབས་བྱ་རྒྱུ་རེད། ཆབ་སྲིད་ཕྱོགས་ཀྱི་གནས་ཚུལ་ལ་ཁ་མི་གཏོང་བ་དང་ལག་མི་བསྲིངས་པར་གཉོམ་གེར་འདུག་ན་དམངས་སྒོར་ཁྲི་ལྔ་བོ་གཞི་བྱས་ནས་ཕྱིར་སྲིད་གཞུང་ལ་སྤྲོད་མི་དགོས་པ་དང་ད་དུང་སྐྱེད་ཀའང་འཕྲོད་ཡོད་པ་ཐམས་ཅད་ཕྱིར་སྤྲོད་རྒྱུ་ཡིན་པ་མ་ཟད་ད་དུང་ཁ་གསབ་ཀྱི་དམངས་སྒོར་ལྷག་མ་རེ་ཡང་བྱིན་ནས་མི་སེམས་འགུག་རྒྱུ་རེད། ཁྱིམ་ཚང་ལ་ཤས་ཀྱིས་དམངས་སྒོར་ཁྲི་ལྔ་བོས་ཟོག་ལུག་ཉོས་ནས་དབྱར་ཐོག་ཤ་ཤེད་རྒྱས་ཡོད་དུས་མ་གཏོགས་སྒོར་ལ་བརྗེ་མི་ཐུབ་ཀྱང་། ཁོ་ཚོས་ལོ་གསུམ་མ་འགོར་ཡང་ད་ད་ད་ཕྱིར་སྲིད་གཞུང་ལ་སྤྲོད་དགོས།
དེ་མིན་སྐྱེད་ཀ་ལྷག་མ་ལེན་རྒྱུ་ཡིན། མ་ཟད་ཉིན་ཤས་འགོར་རྗེས་ད་དུང་མི་སྟེར་ན་བཙོན་ལ་འཇུག་རྒྱུ་ཡིན་སོགས་ཀྱི་སྐད་ཆས་སྡུག་ལ་གཏོད་རྒྱུ་རེད། གཏན་ནས་ལེན་མི་ཉན་རབས་བཤད། དེ་བདེན་ཅོག་ཅོག་གི་སྐད་ཆ་ཞིག་རེད་འདོད་སོང་། ཡིན་ཡང་རྒན་པོ་ལ་ཤས་ཀྱིས་དེ་ནི་རྒྱལ་ཡོངས་ལ་དར་བའི་སྲིད་ཇུས་གསར་བ་ཞིག་རེད། སྤྱིར་ན་སྒོར་མོ་གྲྭ་བ་ལ་མི་བསྐྱི་བ་དང་རྒན་པོ་ལོ་དྲུག་ཅུ་ཡན་གྱི་མི་ལ་མི་བསྐྱི་བ་ཞིག་ཏུ་འདུག་ཀྱང་། ཐེངས་འདིའི་སྲིད་ཇུས་འདིར་གྲྭ་བ་དང་མི་རྒན་པ་ཚོར་ཆེ་བསྐྱི་ཐ་ན་ལོ་བཞི་བཅུ་ལྔ་བཅུ་ཅན་ལ་མི་བསྐྱི་བར་ངེས་པར་དུ་ཁྱིམ་ཚང་དེའི་གཞོན་ནུ་ལོ་ཆུང་བཟའ་བ་གཉིས་ཀྱི་ཁྱིམ་ཐོའི་མིང་ཡིག་དང་དཔང་ཡིག་ཨང་གྲངས་སོགས་གཞི་བྱས་ནས་བསྐྱི་དགོས་པ་ཞིག་ཏུ་འདུག་མོད། སྲིད་ཇུས་འདི་ནི་མི་རིགས་ཁ་བྲལ་གཏོང་བ་དང་། ཆབ་སྲིད་འོས་ལངས།
ཁྲོམ་སྐོར་རྔམ་སྟོན། རྡུང་གཅོག་འཕྲོག་སྲེག་གི་བྱ་འགུལ་སྤེལ་མི་རུང་བར་དམངས་ཡོངས་ཀྱི་འཚོ་བ་དར་རྒྱས་དང་ཁྱིམ་ཚང་བདེ་སྐྱིད། རྒྱལ་ཁབ་བདེ་འཇགས་སོགས་ཀྱི་ཆེད་དུ་རེད། དངོས་གནས་རང་ཉིད་ལ་དཀའ་ཁག་བྱུང་ན་དམངས་སྒོར་དེ་དག་བསྐྱིས་ཀྱང་སྐྱོན་མེད་ཚུལ་བཤད༼སྐབས་འདིའི་ཁ་བརྡ་འདི་གཅིག་པུ་ཡང་འཕྲོས་དོན་དང་གཞན་གླེང་གི་སྐོར་མང་བོ་ཞིག་འདུག་ཀྱང་། ཁོ་བོས་དྲི་བའི་གནད་དོན་དེ་ལ་གཞི་བྱས། བྲིས་རྩོམ་ལ་གསབ་དུ་སྐད་ཆ་ཁ་ཤས་མ་གཏོགས་བྲིས་མེད།༽ དུས་དེ་ཡང་མགོ་བོ་ནང་ལ་ཅུང་ཙམ་མི་འགུགས་ཐབས་མེད་ཀྱི་སྐད་ཆ་ཞིག་ཏུ་གྱུར་སོང་།
ལོ་གསུམ་གྱི་ནང་ལ་སྡེ་བའི་ཁྱིམ་ཚང་ཡོངས་ཀྱིས་དམངས་སྒོར་ཁྲི་ལྔ་བོ་བླངས་ནས་སྔོན་གྱི་འཚོ་བ་འཕེལ་རྒྱས་གཏོང་ཐུབ་ན་ནི་བཟང་ངོ་།། འོན་ཀྱང་སྲིད་ཇུས་འདི་ལྟ་བུ་ཞིག་གིས་འཕེལ་རྒྱས་གཏོང་ཐུབ་བམ། གལ་ཏེ་མ་བསྐྱི་མ་བླངས་པར་སྔོན་གྱི་ཕྱུགས་ཟོག་འཚོས། མར་ཆུར་དང་གྲོ་ནས་སོགས་ཞིང་འབྲོག་རོང་གསུམ་གྱི་འཚོ་བ་རོལ་ན་སྔོན་ལས་མཆོང་སྐྱོད་ཀྱི་འཕེལ་རྒྱས་མེད་ཀྱང་། དམངས་སྒོར་ཁྲི་ལྔ་བསྐྱི་བ་ནི་མི་འགྲིག་མི་ལེགས་པའི་སྐད་ཆ་བཞིན་གནོད་སྐྱོན་ཆེ་བ་དང་། སྡུག་ལ་གཏོད་པ་མི་སེམས་འགུགས་པ་སོགས་ཀྱི་གཡོ་ཐབས་དང་ཟོལ་ཇུས་ཀྱི་བྱེད་ཐབས་ཤིག་ཡིན་ནམ།
གང་ཡིན་མི་ཤེས་ཀྱང་དེ་ལྟ་བུ་ཞིག་ཡིན་ཚེ་འཕེལ་རྒྱས་བཤད་ག་ལ་དགོས་ལྟོ་རྒྱབ་ཀྱི་གནད་དོན་ལ་ཐུག་འདུག་ཀྱང་བསླུ་བྲིད་དེ་ཐེབས་སུ་འཇུག་མི་ཉན། ལྐོག་ཇུས་དེ་ལེགས་འགྲུབ་ཡོང་བར་མཐུན་རྐྱེན་སྦྱོར་མི་ཉན། ཁ་ཡག་ངོ་ཡག་དང་གནས་སྐབས་བདེ་སྐྱིད་ཀྱི་སྲིད་ཇུས་དེ་དག་གིས་མགོ་མི་བསྐོར་རོགས། རྫུན་མི་བཤད་རོགས། གློའུ་མི་འཇོག་རོགས། དེ་དག་དང་ནམ་ཡང་ཁ་གཏད་དུ་ལངས་ན་འགྲིག་གམ། ཡང་ན་དེ་ལ་རྒྱབ་སྐྱོར་དང་རོགས་རམ་བྱ་དགོས། ཅི་ཞིག་གི་ཕྱིར་དུ། སུ་ཞིག་གི་ཆེད་དུ། སུ་དང་གང་གིས་བསླངས་འོངས་པའི་དྲི་བ་མང་བོ་ཞིག་ཞ་ཞོར་དུ་ཐོན་འོངས། དུས་རྒྱུན་དུ་་་ ་་་ ་་་
2013-03-03 ཉིན་རང་ཡུལ་གད་པ་ནས་བྲིས།
Follow Us!