འོད་ཟེར། མེ་ལྕེའི་ཁྲོད་ཀྱི་ས་ག་ཟླ་བ།

འོད་ཟེར་ལགས་ཀྱིས་སྤེལ་གནང་བའི་ མེ་ལྕེའི་ཁྲོད་ཀྱི་ས་ག་ཟླ་བ་ ཞེས་པའི་རྩོམ་ཡིག

གསར་འགྱུར་ལ་གསན་རོགས།

༄༅༎དེ་རིང་གི་འོད་ཟེར་གྱི་གླེང་སྟེགས་ཞེས་པའི་ལེ་ཚན་ནང་དུ། འོད་ཟེར་ལགས་ཀྱིས་སྤེལ་གནང་བའི་ མེ་ལྕེའི་ཁྲོད་ཀྱི་ས་ག་ཟླ་བ་ ཞེས་པའི་རྩོམ་ཡིག་དེ། སྒྲོལ་དཀར་ལགས་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎

གནས་ཚུལ་ཡོངས་ཁུངས http://www.rfa.org/tibetan/chediklaytsen/ukaylatsen/woser/woeser-wrote-article-on-self-immolation-and-sakadawa-06092012135859.html

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།

ས་ག་ཟླ་བ་ཚེས་པ་དང་ལྷ་སའི་ནང་དང་བོད་ས་ཧྲིལ་བོ་སྔར་དང་མི་འདྲ་བར་གནས་སྟངས་ཛ་དྲག་ཏུ་གྱུར་འགྲོ དོན་དངོས་སུ་ས་ག་ཟླ་བ་ནི་ཡུལ་ལུང་ཞིག་གི་དུས་ཆེན་ཞིག་གམ། རྒྱུན་སྲོལ་དུས་ཆེན་ཞིག་གམ། ཡང་ན་ཕྱི་མིས་བཙན་འགེལ་བྱས་པའི་དུས་ཆེན་ཞིག་གང་ལྟར་ཡང་ཅི་སྐྱོན་མོད། ད་ལྟ་མི་མང་བྱིངས་ཀྱི་བཤད་སྲོལ་ལྟར་ན། ཁོང་ཚོ་ཀུན་པོས་སུ་གང་ཡང་མ་ཚུད་པ་མེད་པར་ས་ག་ཟླ་བ་ནི་ཚོར་བ་རྣོ་བའི་ཉི་མ་མང་པོ་ཞིག་ཏུ་ངོས་འཛིན་བྱས་ཡོད་ཟེར་རོ།

ཚོར་བ་རྣོ་བའི་ཉི་མ་མང་པོ་ཞིག་ལས་ད་དུང་ཚོར་བ་རྣོ་བའི་ཟླ་བ་མང་པོ་ཞིག་ཀྱང་ཡོད་དེ། དཔེར་ན། ཟླ་གསུམ་པ་ལྟ་བུའོ། ཟླ་གསུམ་པ་ནི་ཚོར་བ་ཧ་ཅང་རྣོ་བའི་ཟླ་བ་ཞིག་ཡིན། རྒྱུ་མཚན་ནི་སྤྱི་ལོ་༡༩༥༩ནས་གལ་གནད་ཆེ་བའི་དོན་རྐྱེན་མང་དག་ཅིག་ཟླ་གསུམ་པའི་ནང་འབྱུང་གིན་ཡོད། མ་ཟད་དུས་ཡུན་རིང་བོ་ཞིག་ཏུ་ཚོར་བའི་ས་ག་ཟླ་བའི་ཟླ་ངོ་གཅིག་་དེའང་ཚོར་བ་རྣོ་བའི་ཟླ་བ་ཞིག་ཅིས་ཀྱང་ཡིན་ངེས། ཆོས་སེམས་ཅན་གྱི་བོད་མི་སྟོང་ཕྲག་མང་པོས་ཆོས་ལ་མི་དད་པའི་དངོས་གཙོ་སྨྲ་བ་ཚོར་གཏན་ནས་མེད་པའི་དད་སེམས་ཞིག་དང་མི་དེ་དག་གིས་མཐོང་འདོད་ཀྱང་མེད་པའི་ནང་པ་སངས་རྒྱས་པའི་དད་སེམས་ཉམས་ལེན་བྱེད་པ་རེད།

དེ་བས་ས་ག་ཟླ་བའི་ཉིན་གཉིས་པའི་ཉིན་གློ་རྡེག་ཏུ་བོད་ལྗོངས་ཉིན་རེའི་ཚགས་པར་སྟེང་བོད་རང་སྐྱོང་ལྗོངས་ཀྱི་སྒྲིག་ཁྲིམས་ལྟ་ཞིབ་ལས་ཁུངས་དང་ལྟ་རྟོག་ཚན་པའི་བརྡ་ཐོ་ཞིག་བཏོན་ཞིང་། བརྡ་ཐོ་འདི་ནི་ཉིན་དེའི་སྔོན་ནས་སྤེལ་བ་ཞིག་ཡིན་ཞེས་གསལ་བཤད་ཀྱང་བྱས་པས། བརྡ་ཐོ་དེ་ས་ག་ཟླ་བ་འགོ་མ་ཚུགས་གོང་ལ་དྲིལ་བསྒྲགས་བྱས་པ་གསལ་ལ། བརྡ་ཐོ་འདི་ཡིས་ས་ག་ཟླ་བ་དང་ཁ་བྲལ་ངོ་རྒོལ་ལ་འཐབ་རྩོད་གཉིས་གཅིག་ཏུ་སྦྲེལ་བ་དང་། ཁ་བྲལ་བར་རྒོལ་རྡུང་དམག་འཐབ་ལ་སུས་ཀྱང་ཡ་ལན་མི་སློག་པར་འབོད་སྐུལ་ཞུས་ཤིང་། ས་ག་ཟླ་བའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་གི་སྐབས་སུ་ས་ཁུལ་ཡོངས་ནས་གནས་ཚུལ་ཆེ་འབྲིང་ཆུང་གསུམ་གང་ཡང་སྔོན་འགོག་ཁེག་ཐེག་བྱེད་དགོས་ཚུལ་ཡང་བརྗོད་ཡོད་ལ། གློ་བུར་དུ་དམག་འཐབ་ཀྱི་སྐད་ཆ་མང་པོ་ཞིག་བཤད་ཡོང་བ་འདིས་ཆོས་ལུགས་ཀྱི་དུས་སྟོན་འདི་མེ་རྫས་ཀྱི་དྲི་མས་སྦགས་སོང་།

བརྡ་ཐོ་འདིས་ཐད་ཀར་གུང་ཁྲན་ཚོགས་མི་དང་ལས་བྱེད་ཟུར་པ། གྲོས་ཚོགས་ཀྱི་ཚོགས་མི། གཞུང་གི་ལས་བྱེད་པ། སློབ་ཕྲུག དེ་བཞིན་གྲོས་ཚོགས་ཀྱི་ཚོགས་མི་དང་བཟའ་ཚང་། མི་སྒེར་སོགས་ལ་དམིགས་པ་ལྟ་བུར་མཐོང་ཡང་། དོན་དངོས་སུ་དེས་མི་མང་ཡོངས་ལ་ཁྱབ་ཡོད་པ་དང་ཚིག་ཤུགས་སུ་འཇིགས་སྐུལ་ཡང་བྱས་ཡོད། བརྡ་ཐོ་ཐུང་ཐུང་འདིའི་ནང་ས་ག་ཟླ་བའི་ནང་འཛུལ་ཞུགས་མི་བྱའམ། ཡང་ན་འཛུལ་ཞུགས་བྱ་མི་ཆོག་ཅེས་པ་ཐེངས་གསུམ་ལས་མང་བར་བྲིས་ཡོད་ལ། ད་དུང་ཁ་གསལ་བོས་གལ་སྲིད་སུ་ཞིག་འཛུལ་ཞུགས་བྱས་ཚེ། མི་དེར་ཐག་གཅོད་ནན་མོ་བྱ་རྒྱུ་དང་། མི་དེའི་ལས་ཁུངས་འགོ་ཁྲིད་ཀྱིས་འགན་ཁུར་དགོས་ཞེས་འཁོད་ཡོད་པ་རེད།

བློ་མགུ་བ་ཞིག་ལ་བརྡ་ཐོའི་ནང་གུང་ཁྲན་ཚོགས་པའི་ཚོགས་མི་དང་ལས་བྱེད་ཟུར་པ་ཚོར་ཏཱ་ལའི་བླ་མའི་རྗེས་འབྲངས་བྱེད་པ་ཞེས་པ་དང་། རང་དབང་སྒོས་མངོན་གསལ་གྱིས་ཏཱ་ལའི་རྗེས་འབྲངས་བྱེད་དུ་བཅུག་པའམ། ཡང་ན། རང་ས་བཞག་ནས་ཏཱ་ལའི་བླ་མར་མཇལ་ཁ་ཞུ་བར་བསྐྱོད་པ་ཟེར་བ་བཅས་ཀྱི་དཔེ་མཚོན་འགའ་ཤས་ཐོག་ནས་གཤེ་གཤེ་བཏང་ཡོད་པ་དང་། བྱ་སྤྱོད་འདི་དག་ལ་ཁྲིམས་ཐོག་ནས་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་པའི་འགྲེལ་བརྗོད་ཀྱང་བྱས་ཡོད། འདི་ནི་ཕལ་ཆེར་ས་གནས་དཔོན་རིགས་ཚོས་གཞུང་འབྲེལ་བརྒྱུད་ལམ་ཐོག་ཡོངས་ཁྱབ་ཀྱིས་ཏཱ་ལའི་བླ་མའི་གནས་བབ་དང་བོད་མི་ཚོར་འཐེབས་པའི་ཤུགས་རྐྱེན་ཁས་ལེན་བྱས་པ་ཐོག་མ་ཡིན་ལ། དེ་འདྲ་ནི་གཞུང་གི་གོ་གནས་བཟུང་ཡོད་མཁན་དང་སྒྲིག་སྲོལ་འོག་ལས་ཀ་བྱེད་མཁན་དག་གི་ཁྲོད་དུ་ཡོད་ངེས་ཤིང་། ཁོང་ཅག་གིས་སེམས་ནས་ཁོང་ལ་དད་གུས་བྱེད་པ་ཙམ་མིན་པར། ཁོང་ཚོས་ཀྱང་མངོན་གསལ་དོད་པོས་ཁོང་ལ་དད་གུས་བྱེད་ཀྱིན་ཡོད། བརྡ་ཐོའི་ནང་འདི་ལྟར་བཀོད་དོན་ནི་ཁ་བྲལ་ངོ་རྒོལ་འཐབ་རྩོད་ཀྱི་མི་མང་གི་རྒྱབ་སྐྱོར་ཤོར་འགྲོ་བ་དང་། ཚད་ངེས་ཅན་ཞིག་ནས་ས་གནས་དཔོན་རིགས་ཚོས་དེ་ཡི་མཇུག་འབྲས་ལ་ཡོངས་སུ་སྣང་མེད་བྱེད་པ། མི་མང་གི་ཕྱོགས་ནས་ཁོང་ཚོའི་རྩ་ཁྲིམས་དང་གཞུང་གིས་བརྒྱུད་ལམ་ཐོག་ཆོས་ལུགས་ཀྱི་དུས་སྟོན་བཀག་འགོག་བཙན་བཀའ་བཏང་བར་རྩིས་མེད་བྱེད་པ་བཅས་ཀྱིས་རེད།

གནད་དོན་འདི་ཡིས་ང་ལ་རང་ཉིད་ཀྱིས་ལོ་གསུམ་གྱི་སྔོན་སྟེ། སྤྱི་ལོ་༢༠༠༩ལོར་བྲིས་པའི་རྩོམ་ཡིག་<<འདི་ལོའི་ས་ག་ཟླ་བའི་སྐོར་གྱི་དངོས་ཡོད་གནས་ཚུལ་>>ཞེས་པ་དྲན་དུ་བཅུག་ཅིང་། ཕྱིར་དྲན་མ་བགྱིས་པར་འུ་ཚོས་རང་གི་མི་ཚེའི་ནང་གི་དངོས་ཡོད་གྱི་གནས་ཚུལ་མང་དག་ཅིག་ཅི་འདྲའི་ཁུངས་མེད་ཅིག་ཡིན་པ་དང་། ཐོབ་ཐང་ཡོད་ཚད་འཕྲོག་སོང་བའི་མི་དག་གི་ངོ་རྒོལ་སྙིང་སྟོབས་ཅི་འདྲའི་བླ་ན་མཐོ་བ་བཅས་རྟོགས་པར་མི་འགྱུར། སྐབས་དེར་གཞུང་འབྲེལ་གྱིས་བཀག་འགོག་བྱ་རྒྱུ་ཡིན་པ་བརྒྱུད་ལམ་སྟེང་དྲིལ་སྒྲོག་བྱས་མེད། འོན་ཀྱང་། ཐེངས་འདིའི་བརྡ་ཐོ་དང་ཡོངས་སུ་མཚུངས་པའི་བརྡ་སྦྱོར་ཞིག་ཚོགས་འདུ་ཞིག་གི་སྟེང་ནས་ཁྱབ་སྤེལ་བྱས་ཤིང་། བཀག་འགོག་དེའི་ནང་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་ཚུད་ཡོད་པ་དང་ཁོང་ཚོའི་དྲིལ་སྒྲོག་དག་རྒྱུན་དུ་བསྐྱར་བསྡུས་ཙམ་ཡིན་རུང་ཞེད་སྣང་དང་འཇིགས་སྐུལ་བྱེད་ཀྱིན་པ་བོད་མི་ཚོས་གསལ་བོར་རྟོགས་ཀྱི་ཡོད་ལ། བཀག་འགོག་དེ་ལས་ལྡོག་སྟེ་བོད་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ཁམས་ཕྱོགས་ནས་ཡོང་མཁན་གཙོ་བོར་གྱུར་བའི་བོད་མི་ཉིས་བརྒྱ་ཙམ་གྱིས་པོ་ཏ་ལར་གདོང་གཏད་དེ་ལྷ་རྒྱལ་ལོ་ཞེས་སྐད་འབོད་བརྒྱབས་པ་དང་། ཁོང་ཚོ་ལ་ཤས་དོན་རྐྱེན་དེ་ཡིས་དབང་གིས་བཙོན་དུ་ཚུད་པ་རེད།

འདི་ལོའི་ས་ག་ཟླ་བའི་ཚེས་དྲུག་ཉིན་ཇོ་ཁང་དང་དྲག་གནོན་ས་ཚིགས་ཏེ་བར་བསྐོར་གྱི་ཉེན་རྟོག་ལས་ཁུངས་གཉིས་ཀྱི་དབར་ཕྱོགས་གཅིག་ནས་བསྐོར་ལམ་ལ་ཁེལ་ཡོད་པ་དང་། ཁྲོམ་ལམ་ཡང་ཡིན་པ། ཡུལ་སྐོར་བ་འགྲོ་སའང་ཡིན་པས་ལག་ཏུ་དྲག་པོའི་མཚོན་ཆ་ཐོགས་པའི་ཉེན་རྟོག་པས་འགོག་སྲུང་བྱེད་ཀྱིན་ཡོད་ལ། སྐབས་དེར་ཨ་མདོ་ནས་ཡོང་ཞིང་ལྷ་ས་རུ་ལས་ཀ་བྱེད་ཀྱིན་པའི་བོད་མི་ལོ་ཆུང་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་ཞིང་། ཁོང་གཉིས་ཀྱི་གཅིག་གྲོངས་པ་དང་གཞན་དེ་ལ་རྨས་སྐྱོན་ཕོག་ནས་གར་སོང་ཆ་མེད་དུ་གྱུར། དོན་རྐྱེན་འདི་ཡིས་ད་ལྟའི་བོད་ནང་གི་འཚོ་སྡོད་ཀྱི་རིན་ཐང་དང་གནས་བབ་ངོ་མ་དེ་ཕྱིར་བཏོན་པ་རེད་ལ། མི་མང་པོ་ཞིག་ལ་སེམས་སྡུག་ཚད་མེད་བྱུང་དུ་བཅུག་པ་དང་འགལ་འཛོལ་བྱེད་མཁན་དག་ལ་སྨྱོ་བ་ལྟར་འཁོན་ལན་སློག་འདོད་པ་ཞིག་ཀྱང་བཟོས་པ་རེད།

དེའི་རྗེས་ཙམ་ལ་ས་ག་ཟླ་བའི་ཚེས་བདུན་ཉིན་ཨ་མདོ་འཛམ་ཐང་དུ་ཕྲུ་གུ་གསུམ་གྱི་ཨ་མ་རི་སྐྱོ་ཡིས་རང་ལུས་མཆོད་མེར་ཕུལ་བའི་ཡིད་སྐྱོའི་གནས་ཚུལ་ཐོན་མོད། ཉིན་ཁ་ཤས་རྗེས་སུ་གཞུང་འབྲེལ་བརྒྱུད་ལམ་ཐོག་སླར་ཡང་རྫུན་སྒྲིག་བྱས་པའི་གཤམ་གྱི་གསར་འགྱུར་“བོད་མིའི་ས་ག་ཟླ་བའི་དུས་ཆེན་སྐབས་དད་ལྡན་སྟོང་ཕྲག་མང་པོ་འཚང་ཁ་ཤིག་ཤིག་ངང་མཆོད་འབུལ་བྱེད་དུ་ཡོང་བ་དང་ཡིད་སེམས་རབ་ཏུ་མགུ་བ་བྱུང་ཡོད་”ཅེས་འཁོད་དེ། གནས་ཚུལ་གང་ཡང་མ་བྱུང་པར་བོད་མི་རྣམས་སྔར་ལས་བདེ་ཞིང་སྐྱིད་པའི་རྣམ་འགྱུར་བསྟན་ནོ།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།

http://karkhung.com/?p=538

Leave a Comment

Your email address will not be published. Required fields are marked *

*