ལྷ་སའི་ས་ཕྱོགས་ཁག་ནང་ཡོད་པའི་སློབ་སྦྱོང་འཛིན་གྲྭ་ཟེར་བ་འདི་དྲན་སྐབས་དང་། ཡང་སློབ་སྦྱོང་འཛིན་གྲྭ་ཟེར་བའི་དེའི་ནང་སློབ་གསོ་ཟེར་བ་དང་ལེན་བྱ་དགོས་བྱུང་བ་དང་། དེ་བཞིན་ད་དུང་ཡང་སློབ་གསོ་ཟེར་བ་དང་ལེན་བྱ་བཞིན་ཡོད་པའི་བོད་མི་མང་པོ་དྲན་བྱུང་ལ། ཡང་ཁོང་ཚོར་སློབ་གསོ་ཟེར་བ་བཏང་དོན་ནི་ན་ནིང་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གནང་བའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་བར་བཅར་བའི་རྐྱེན་གྱིས་ཡིན་པ་དྲན་དུས་དེའི་ནང་ཡོད་པའི་བོད་མི་ཁག་ཅིག་གི་གཟུགས་བརྙན་གུས་མོའི་མིག་མདུན་འཁོར་བྱུང་། ཁོང་རྣམས་ནི་ང་རང་ལྷ་སར་ཡོད་དུས་མཇལ་མྱོང་ཡོད་པའི་རྒན་རབས་ཤ་སྟག་རེད་ལ། རྒས་ཡོལ་ཞུས་པའི་མི་སྣ་དང་། ཡང་ན་གྲོང་མི་དཀྱུས་མ་ཤ་སྟག་ཡིན་ཞིང་། བསམ་པ་རྣམ་པར་དག་པའི་ངང་ནས་ནང་ཆོས་ལ་དད་པ་ཡིད་ཆེས་བྱས་པ་དེར་ཆབ་སྲིད་ཀྱི་གནོན་ཤུགས་ཚད་མེད་མྱོང་དགོས་བྱུང་པའི་དད་ལྡན་པ་ཤ་སྟག་རེད།
ལོ་ན་དེ་ཙམ་མཐོ་པོ་མིན་པའི་སྐུ་ཞབས་ཤིག་གིས་ལོ་མང་སྔོན་ནས་ཐོབ་ཆ་ཡག་པོ་ཡོད་པའི་ལས་ཁུངས་ནས་ཁ་བྲལ་ཡོད། དེ་འདྲ་བྱ་དོན་ནི་རྨི་ལམ་ནང་རྟག་ཏུ་མཇལ་བའི་སྐུ་མདུན་དངོས་སུ་མཇལ་ཁ་ཐོབ་པའི་འདུན་པ་མངོན་འགྱུར་ཡོང་བའི་ཆེད་དུ་རེད། ཁོང་གིས་བྲིས་པའི་ཉིན་ཐོ་གུས་མོས་ཀློག་མྱོང་ཡོད། དེའི་ནང་ཁོང་གིས་ཕོ་བྲང་པོ་ཏྰ་ལར་ཆོས་མཇལ་ཞུ་བར་བཅར་བའི་མྱོང་ཚོར་ཞིག་བྲིས་ཡོད་པ་སྟེ། སོ་ལྟའི་པར་ཆས་སྒེའུ་ཁུང་ལས་མང་བ་དང་། དམག་མི་དགེ་འདུན་པ་ལས་མང་བ་འདུག་ལ། ཙི་ཙི་སངས་རྒྱས་སྐུ་འདྲ་ལས་མང་བ་འདུག་ཅེས་བཀོད་བཞག ཁོང་ད་དུང་ཡང་སློབ་སྦྱོང་འཛིན་གྲ་ཟེར་བ་དེའི་ནང་བཅུག་སྟེ་རང་ཁྱིམ་དུ་ལོག་ཆོག་གི་མེད།
དེ་མིན་གཟུགས་པོ་སྐྱོ་ཞིང་ནད་མང་བའི་རྨོའོ་ལགས་ཤིག་ཡོད་པ་ཁོང་ལྷ་ས་ནས་གནས་མཆོག་རྡོ་རྗེ་གདན་ལ་ཕེབས་ཡོད་པ་ཚང་མས་ཡིད་ཆེས་ཀྱི་མི་འདུག རྒྱང་ཐག་རིང་བའི་ལམ་ལ་འཁྲུག་ཆེ་ཞིང་དཀའ་ངལ་མང་ལ། ས་ཆུ་མ་འཕྲོད་པའི་དཀའ་ངལ་ཡང་སྣ་ཚོགས་ཡོད་པས། ཚང་མས་ཁོང་གི་ལུས་པོས་དཀའ་ངལ་འདི་རྣམས་མྱོང་ཐུབ་མིན་ཐད་སེམས་ཚབས་བྱུང་ཡོད། འོན་ཀྱང་ཁོང་གི་བསམ་འདུན་གལ་ཆེ་ཤོས་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་བར་སྐྱོད་རྒྱུ་འདི་ཡིན་པས། དེའི་སྐབས་ཤི་བ་པ་ཡིན་རུང་འདི་ནི་སྡུག་བསྔལ་ལས་ཡོངས་སུ་རྫོགས་པ་ཐར་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། གསུང་ཆོས་གྲུབ་པའི་རྗེས་སེམས་ཤུགས་ཆེ་སྐྱེས་ངང་ལྷ་སར་ཕྱིར་ལོག་ཐུབ་ན་ཡང་རིང་པོ་མི་སོང་བར་སློབ་སྦྱོང་འཛིན་གྲ་ཟེར་བའི་ནང་བཅུག་པ་དང་། དེ་ནས་ཡང་ལམ་སེང་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད། གོ་ཐོས་ལ་སྨན་ཁང་གི་ཉལ་ཁྲིའི་སྟེང་ཡོད་པའི་རྨོའོ་ལགས་ཁོང་གིས་ནང་མིར་གསུངས་དོན་དུ། སློབ་སྦྱོང་འཛིན་གྲ་ཟེར་བ་འདིའི་ནང་ཐ་ན་ངས་ཞུ་བ་འཐེན་པ་སྟེ། ང་ཚོ་ཚང་མ་ཤི་ལ་ཉེ་བའི་རྒས་འཁོགས་ཤ་སྟག་ཡིན་པས་ཀླད་པ་འཁྲུས་པ་ཟེར་བའི་སློབ་གསོ་དེ་རིགས་ལ་དང་ལེན་ཞུ་མི་དགོས་པ་ཞེས་བརྗོད་པའི་སྐོར་གླེང་ཞིང་མིག་ཆུ་ལྷུང་ལྷུང་དུ་བཏང་ཡོད།
སློབ་སྦྱོང་འཛིན་གྲ་ཟེར་བ་ནི་སྲིད་དབང་སྒེར་གཅོད་པའི་ཁྱད་ཆོས་ལྡན་པའི་འཇིགས་སྐུལ་ལས་བྱུང་བ་ཞིག་ཡིན་པ་དང་། དེ་དང་འདྲ་བ་དཔེར་ན། ཀླད་པ་འཁྲུ་བའི་འཛིན་གྲ་ཟེར་བ་དང་ཐ་ན་གཅིག་བསྡུས་བཙོན་ར་ཟེར་བ་ལྟ་བུ་རེད། དེ་ཡང་wikipediaནང་འགྲེལ་བཤད་བྱས་པ་བཞིན་གཅིག་བསྡུས་བཙོན་རའི་རྣམ་པ་འདྲ་མིན་ལ་རྟག་ཏུ་མི་ཚོས་ཁ་གསལ་ཞིང་གཏན་འཁེལ་བའི་མཚམས་ཤིག་དབྱེ་བ་ཕྱེ་ཐུབ་ཀྱི་མེད། འོན་ཀྱང་ཁོང་ཚོར་ཐུན་མོང་གི་ཆ་ཞིག་ཡོད་པ་ནི། དེའི་ནང་བཀག་ཉར་བྱ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ལ་ཚང་མས་སྣང་ཆུང་དང་གཏོར་བཤིག་བཏང་གི་ཡོད་ཅེས་པ་དེ་རེད། ཡང་རྒྱ་གར་ལ་གནས་མཇལ་དུ་སྐྱོད་མཁན་བོད་མི་སྟོང་ཕྲག་ཁ་ཤས་ལ་གཞུང་ཕྱོགས་ནས་སློབ་སྦྱོང་འཛིན་གྲ་ཟེར་བ་བཙུགས་ཏེ་ཕྱི་ཚུལ་ལ་ཁྲིམས་ལུགས་སློབ་གསོ་ཟེར་བ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཟེར་བ། དེ་བཞིན་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་སོགས་སློབ་སྦྱོང་བྱ་རྒྱུ་ཡིན་པ་རེད། ཡིན་ནའི་རྒྱ་མི་ཁྲིམས་རྩོད་པ་ཞིག་གིས་གསུངས་པ་བཞིན། དེ་རྣམས་ཚང་མ་ཁྲིམས་ལུགས་ཀྱི་གཞི་འཛིན་ས་མེད་པའི་བཀག་ཉར་ཡིན་པ་མ་ཟད། འདི་ནི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཅིག་རེད་ཅེས་བརྗོད་ཡོད།
བོད་མི་ཚང་མས་ཤེས་ཀྱི་ཡོད། བོད་ཀྱི་ས་གནས་ཁག་ནས་ཕྱི་སྐྱོད་ལམ་ཡིག་ཞུ་རྒྱུར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། སྤྱི་ལོ་༢༠༠༨ལོར་བོད་ས་ཡོངས་ནང་ངོ་རྒོལ་ཐོན་པའི་དབང་གིས་གཞུང་ཕྱོགས་ནས་ཐ་ན་ཕྱི་སྐྱོད་ལམ་ཡིག་བཟོ་རྒྱུ་མཚམས་འཇོག་བྱས་ཡོད། ཉེ་བའི་ལོ་གཉིས་ནང་ལྷ་སར་མཚོན་ན། གཞུང་ཕྱོགས་ནས་རྒས་འཁོགས་ལ་བསམ་ཤེས་ཀྱིས་ལོ་ངོ་དྲུག་བཅུ་ཡན་གྱི་ཕྱི་སྐྱོད་ལམ་ཡིག་ཞུ་མཁན་རྒས་འཁོགས་ལ་ལམ་ཡིག་བཟོ་རྒྱུར་མོས་མཐུན་བྱས་ཡོད་པ་རེད། དེར་བརྟེན་ད་རེས་གནས་མཆོག་རྡོ་རྗེ་གདན་ལ་གསུང་ཆོས་ཞུ་བར་སྐྱོད་མཁན་བོད་ནང་གི་བོད་མི་རྒས་འཁོགས་མང་བ་ཡོད། འོན་ཀྱང་ཁོང་ཚོས་དཀའ་ལས་མང་པོ་བརྒྱབ་སྟེ་ཕྱི་སྐྱོད་ལམ་ཡིག་རགས་པའི་སྐབས་དང་། དཀའ་ལས་ཚད་མེད་ཐོག་ནས་གནས་མཆོག་ལ་འབྱོར་ཏེ་མཐར་རྩ་བའི་བླ་མའི་སྐུ་མདུན་ནས་བཀའ་དབང་ཐོབ་ཅིང་། དུས་ཡུན་ཐུང་ལ་བདེ་སྐྱིད་ལྡན་པའི་ཉི་མ་ཞིག་བསྐྱལ་རྒྱུ་བྱུང་ཡོད་ན་ཡང་རྗེས་སུ་རྩིས་རྒྱག་པ་ཟེར་བ་དེ་འདྲ་བྱ་གི་ཡོད་པ་བསམ་ཡུལ་ལ་མེད་པ་རེད།
སློབ་སྦྱོང་འཛིན་གྲ་ཟེར་བ་འདི་ཕལ་ཆེར་ཟླ་བ་གཉིས་པའི་ཟླ་སྟོད་ལ་འགོ་བཙུགས་པ་དང་། ལྷ་ས་གཅིག་པུའི་ནང་ཉུང་ཐར་ས་གནས་བདུན་བརྒྱད་ཙམ་བཙུགས་པ་ཁག་དམག་སྒར་དང་མགྲོན་ཁང་། སློབ་གྲྭ་བཅས་ནང་ཡོད་འདུག ཡང་གཞིས་རྩེ་དང་ལྷོ་ཁ་རྩེ་ཐང་སོགས་ས་གནས་ལ་ཡང་སློབ་སྦྱོང་འཛིན་གྲ་ཟེར་བ་བཙུགས་ཡོད། ཉེན་རྟོག་པ་ཚོས་གཅིག་རྗེས་གཉིས་མཐུད་ངང་རང་ཁྱིམ་ནས་སློབ་སྦྱོང་འཛིན་གྲ་ཟེར་བ་དེའི་ནང་བཅུག་པའི་ཁོངས་སུ་ཐ་ན་དགུང་གྲངས་བརྒྱད་བཅུ་ཡན་སོན་པའི་བགྲེས་སོང་ཡོད་པ་རེད་ལ། དར་མ་དང་གཞོན་སྐྱེས་ཀྱང་ཡོད་པ་རེད། ཁོང་ཚོའི་ནང་མིང་ཐོབ་འདྲ་མིན་ཡོད་པ་སྟེ། རྒས་ཡོལ་ཞུས་པའི་ལས་བྱེད་ཡོད་ལ། གྲོང་ཁྱེར་ནང་གི་གྲོང་མི་དང། གྲོང་གསེང་གི་ཞིང་པ། དེ་བཞིན་ཚོང་པ་ཡང་ཡོད། ཡང་སློབ་སྦྱོང་ཟེར་བའི་དུས་ཡུན་ནི་རིམ་པ་གཉིས་ལ་དབྱེ་ཡོད་ཅིང་། བོད་ཀྱི་ལོ་གསར་རྗེས་ལོ་ངོ་༦༥ཡན་གྱི་གུང་བྲན་ཚོགས་པའི་ཚོགས་མི་མིན་པ་ཚོ་སློབ་སྦྱོང་ཟེར་བ་ མཇུག་སྒྲིལ་བྱས་ཆོག་པ་དང་། གུང་བྲན་ཚོགས་པའི་ཚོགས་མི་དང་དེ་བཞིན་ལོ་ངོ་༦༥མ་སོན་པའི་གུང་བྲན་ཚོགས་པའི་ཚོགས་མི་མིན་པ་ཚོ་ད་དུང་མུ་མཐུད་སློབ་སྦྱོང་ཟེར་བ་བྱ་དགོས་ཀྱི་ཡོད།
དོན་དངོས་ཐོག་བོད་མི་མང་པོ་འདི་འདྲ་རྒྱ་གར་ལ་གསུང་ཆོས་ཞུ་བར་སྐྱོད་པ་འདི་སློབ་སྦྱོང་ངོ་མ་ཡིན་ཞིང་། དེ་ནི་རང་འདོད་ལྟར་རང་འགུལ་ངང་སྐྱོད་པ་ཞིག་དང་། བསམ་པའི་དགའ་ཚོར་གྱིས་ཁེངས་པའི་ནང་ཆོས་སློབ་སྦྱོང་ཞིག་རེད། ཡིན་ནའི་བོད་ཁུལ་གྱི་རང་ཁྱིམ་དུ་ཕྱིར་ལོག་བྱུང་བའི་རྗེས་སློབ་སྦྱོང་འཛིན་གྲ་ཟེར་བར་བཀག་ཉར་བྱས་ཡོད།
ཕྱི་ཚུལ་ནས་སློབ་སྦྱོང་ཡིན་ན་ཡང་བསམ་འདུན་དང་རྒྱབ་འགལ་ཡིན་པ་མ་ཟད། བསམ་བློར་སྡུག་སྦྱོང་མྱོང་དགོས་བྱུང་བའི་ཆབ་སྲིད་ཀྱི་ཀླད་པ་འཁྲུས་པ་ཞིག་རེད། ལོ་ན་མཐོ་བ་དང་ལུས་ལ་ནད་གཞི་ཡོད་པར་བརྟེན་གཞི་ནས་སློབ་སྦྱོང་འཛིན་གྲ་ཟེར་བ་ནས་ཕྱིར་ལོག་བཏང་བའི་བགྲེས་སོང་འགའ་ཤས་ནས་སེམས་ནང་གི་སྐྲག་སྣང་འཇགས་མེད་པའི་ངང་བརྗོད་དོན་དུ། ཐ་ན་ཁོང་ཚོར་ལོ་རབས་དྲུག་བཅུའི་ནང་གི་དྲིལ་བསྒྲགས་གློག་བརྙན་ཟེར་བ་ལྟ་བཅུག་པ་དང་། དེ་རྗེས་མི་རེ་རེ་བཞིན་བསམ་ཚུལ་མྱོང་ཚོར་བརྗོད་དགོས་ཀྱི་ཡོད་ལ། ངེས་པར་དུ་སྡུག་དྲན་སྐྱིད་བསམ་ཟེར་བ་དང་གུང་བྲན་ཚོགས་པའི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ་བ་ཟེར་བ་བྱས་ན་གཞི་ནས་འགག་སྒོ་འདི་ལས་ཐར་གྱི་ཡོད་པ་རེད།
ཡང་མུ་མཐུད་སློབ་སྦྱོང་འཛིན་གྲ་ཟེར་བར་ཡོད་པའི་བོད་མི་ཚོ་ཉ་ཆར་དམར་པོའི་གཞས་ཟེར་བ་བཏང་བཅུག་པ་དང་དམར་པོའི་ཞབས་བྲོ་ཟེར་བ་འཁྲབ་བཅུག་ནས་སྦྱོང་བརྡར་བྱེད་ཀྱི་ཡོད། དེ་འདྲ་བྱ་དོན་ནི་ཟླ་༣ཚེས་༢༨ཉིན་ནི་གུང་བྲན་ཚོགས་པ་ནས་བོད་མི་དམངས་ལ་བཙན་འགེལ་བྱས་པའི་ཡར་ལངས་ཞིང་བྲན་ལ་བཅིངས་འགྲོལ་བཏང་བའི་དྲན་གསོའི་ཉིན་མོ་ཟེར་བ་འདི་ཡིན་པས་གུང་བྲན་ཚོགས་པར་རྣམ་འགྱུར་སྟོན་དགོས་ཀྱི་ཡོད། 03/15/2012
སྒྲོལ་དཀར་ནས་བསྒྱུར།
གནས་ཚུལ་ཡོངས་ཁུངས http://www.rfa.org/tibetan/chediklaytsen/ukaylatsen/woser/patriotric-education-to-tibetan-who-came-back-from-india–03172012120519.html
Follow Us!