མ་ཎི་གད་འགོ་ནི་འགྲེམ་འགྲུལ་གྱི་གནད་འགག་ས་ཆ་ཞིག་ཡིན་པ་རེད། གཞན་གྱིས་བརྗོད་པར། མ་ཎི་གད་འགོ་ནི་ཧོང་ཀོང་གི་བདེན་འཛིན་དཔའ་བརྟུལ་གྱི་གློག་བརྙན་<> ཟེར་བ་དེ་དང་འདྲ་བར་ཁམས་པའི་ཕོ་རྒོད་ཀྱི་དཔའ་ཉམས་རྣམ་པས་ཁེངས་པའི་ཕྱོགས་འཁྱམས་པའི་བྲོ་བ་ཞིག་ལྡན་ཡོད་ཟེར། དོན་དངོས་ཐོག་དེ་ནི་དང་ཐོག་ལྡན་པའི་རྣམ་པ་འདི་མིན་པ་རེད། དངོས་གནས་ཞུས་ན། མ་ཎི་གད་འགོ་ཟེར་དོན་ནི་རི་ལྡེབས་སུ་ཕྱག་དཔེ་ཡོད་པའི་མ་ཎི་རྡོ་བརྐོས་ཀྱི་ཁེངས་ཡོད་པས་རེད། དེར་བརྟེན་དེ་སྔོན་འདི་ལྟ་བུའི་མཛེས་ལྗོངས་ཤིག་གནས་ཡོད་པ་ངེས་གཏན་རེད། འོན་ཀྱང་ད་ཆ་གང་ཡང་མཐོང་རྒྱུ་མེད། འདི་ལྟ་བུའི་མ་ཎི་རྡོ་བརྐོས་མང་པོ་དེ་འདྲ་ད་ཆ་གང་དུ་ཡོད་པ་རེད་དམ། རིག་གནས་གསར་བརྗེའི་དུས་སྐབས་དང་ཡང་ན་དེ་ལས་སྔ་བའི་དམངས་གཙོ་བཅོས་བསྒྱུར་ཟེར་བའི་སྐབས་གསར་བརྗེ་བས་འཁྱེར་ཏེ་དམར་སྒར་བསྐྲུན་པ་དང་ཡང་ན་ཤང་སྲིད་གཞུང་བསྐྲུན་པ་མིན་ནམ། ཡང་ལྷག་མ་ཁག་མི་དམངས་མང་ཚོགས་ཀྱིས་ལག་ཞོར་དུ་འཁྱེར་ཏེ་མི་དང་ཕྱུགས་ཟོག་མཉམ་སྤྱོད་ཀྱི་ཁང་པ་བརྒྱབ་པ་མིན་ནམ།
ཟླ་བ་བདུན་པའི་ཉིན་དེར་ང་ཚོ་རྫོགས་ཆེན་དགོན་པ་ནས་མ་ཎི་གད་འགོའི་བར་སོང་བ་ཡིན། རྒྱང་རིང་ནས་འབྲེལ་ཡོད་འཆར་ལྡན་བུ་བཙའི་དྲིལ་བསྒྲགས་ཀྱི་པར་རིས་ཧ་ཅང་ཆེན་པོ་ཞིག་འགྱིང་ངེར་ལམ་གྱི་འགྲམ་དུ་ཡོད་པ་མཐོང་རྒྱུ་ཡོད་པ་དེའི་ཐོག་སྡེ་དགེ་ཁུལ་གྱི་བོད་ཆས་གྱོན་པའི་ཁམས་པའི་བཟའ་ཚང་གཅིག་གིས་འཛུམ་མུལ་མུལ་ངང་ལག་ཏུ་མཇལ་དར་འཁྱེར་ནས་ཡོད་པ་ཞིག་དང་། མདུན་དེར་ལག་ཏུ་མེ་ཏོག་འཁྱེར་བའི་བུ་ཆུང་ཆུང་ཞིག་དང་བེའུ་གཅིག ལུག་ཕྲུག་གཉིས་ཡོད་པ་དེ་རྣམས་ཀྱིས་བདེ་སྐྱིད་ཀྱི་འཚོ་བའི་པར་རིས་ཤིག་བཟོས་འདུག ཡང་མ་ཎི་གད་འགོར་ཤིན་ལུང་མན་འགྲུལ་ཁང་གི་རྣམ་པ་དེ་མཐོང་རྒྱུ་མེད་པར་གྱུར་བཞག ཁྲོམ་གཞུང་ཡོངས་རྫོགས་ཟི་ཁྲོན་གྱི་མིས་བཙུགས་པའི་ཁ་ཟང་དང་ཚོང་ཁང་རེད་འདུག ནན་ཁྲུང་གི་བཟའ་ཚང་གཅིག་གིས་བརྗོད་པར། ས་ཆ་འདིར་ཟ་ཁང་ཟིན་ནས་ལོ་ངོ་ཉི་ཤུ་ལྷག་ཙམ་འགྲོ་གི་ཡོད་པ་དང་། ཕ་ཡུལ་དུ་ཁང་པ་ཡང་གསར་རྒྱག་བྱས་ཡོད་པ་བརྗོད་བྱུང་།
དེ་སྔོན་མོ་ཀྲ་སྣ་ཚོགས་བཀག་ནས་ཡོད་པའི་ཁྲོམ་གཞུང་ཐོག་མཚམས་རེ་གཡག་ནག་པོ་དེ་འདྲ་མཐོང་རྒྱུ་ཡོད་པ་དེ་ཚོ་ཡང་ད་ཆ་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མེད་པར་གྱུར་བཞག ལོ་ངོ་ལྔའི་སྔོན། དེ་ཡང་སྤྱི་ལོ་༢༠༠༦ལོའི་དབྱར་ཁ་ལ་མ་ཎི་གད་འགོར་རྒྱ་ནག་གི་ཚོང་གཉེར་ཁང་ཞིག་གིས་གཡག་ཤའི་ལས་སྣོན་བཟོ་གྲ་ཞིག་བཙུགས་ཡོད་པ་དེར་ས་གནས་ཀྱི་བོད་མིས་མེ་བརྒྱབ་ཡོད་པ་རེད། ཡང་བོད་མི་དེ་ཚོ་འཛིན་བཟུང་བྱས་ཏེ་ཁྲིམས་བཅད་བཏང་ཡོད། དྲ་རྒྱའི་ཐོག་བརྗོད་པར། དེ་ནི་གཡག་བཤས་གཏོང་སྟངས་དེ་བོད་པའི་སྲོལ་རྒྱུན་གྱི་བཤས་གཏོང་སྟངས་དང་རྒྱབ་འགལ་འགྲོ་གི་ཡོད་པས་འགལ་རྐྱེན་དེ་རིགས་ཐོན་ཡོད་པ་རེད་ཅེས་དང་། ཡང་རྒྱུ་མཚན་དེ་གཅིག་པུ་ཡིན་པ་རེད་དམ། རྗེས་ལ་དཀར་མཛེས་ཁུལ་གྱི་གསར་འགྱུར་བརྒྱུད་ལམ་ཐོག་ལས་ཀ་བྱེད་མཁན་གུས་མོའི་ངོ་ཤེས་ཤིག་ཐུག་རྗེས་གཞི་ནས་ཤེས་རྟོགས་བྱུང་བར་ནང་མོལ་སྟབས་བདེ་པོ་འདི་འདྲ་ཡོད་པ་རེད་མི་འདུག
ཏག་ཏག་རེད། རིག་གཞུང་མི་མཐུན་པ་ནི་རྒྱུ་རྐྱེན་གཅིག་ཡིན་གྱི་རེད། ངོ་ཤེས་ཁོང་གིས་དེང་རབས་ཀྱི་བཟོ་ལས་ཅན་གྱི་བཤས་གཏོང་སྟངས་དེ་རིགས་ཁོང་གིས་དངོས་སུ་མཐོང་མྱོང་ཡོད་པ་བརྗོད་བྱུང་། བཟོ་པས་གནད་འགག་གི་བརྡ་གཅིག་ལག་པས་སྣོན་ཐེངས་གཅིག་ལ་དང་ཐོག་ཁ་ཕྱེ་ནས་ཡོད་པའི་ལྕགས་སྒྲོམ་ཞིག་ཤུགས་དྲག་ཆེན་པོས་ཁ་བརྒྱབ་སྟེ་གཡག་ཆེན་པོ་ཞིག་དམ་པོའི་ངང་དེའི་ནང་བཀག་གི་ཡོད་པས་གཡག་དེ་འཁྱོམ་ཆེན་པོ་བརྒྱབ་སྟེ་ལྷིང་འཇགས་རྩ་བ་ནས་མི་འདུག བཟོ་པས་བསྐྱར་དུ་གནད་འགག་གི་བརྡ་གཞན་ཞིག་སྣོན་པའི་སྐབས་བར་ལ་བཀག་ནས་ཡོད་པའི་གཡག་གློ་བུར་དུ་གནམ་ལ་ཡར་འཕྱང་ནས་བསྐྱར་དུ་མགོ་རྟིང་སློག་གི་ཡོད། དེ་རྗེས་མུ་མཐུད་འཕྲུལ་ཆས་ཀྱིས་བཤས་གཏོང་བའི་བརྒྱུད་རིམ་དེ་ཡིན་པས་ཧ་ཅང་མགྱོགས་པོའི་ངང་གསོན་པོར་ཡོད་པའི་གཡག་འདི་དུམ་བུར་བཅད་ནས་ཤ་ཁ་ཁ་དང་རུས་པ་ཁ་ཁ་བཟོ་གི་ཡོད་འདུག ངོ་ཤེས་ནས་བརྗོད་པར། ཁོང་གིས་གཡག་ཅིག་མགོ་རྟིང་སློག་སྟེ་གནམ་བཏགས་བྱས་པ་དངོས་སུ་མཐོང་བའི་སྐབས་དེར་མིག་ཆུ་རེ་རེ་བཞིན་གཡག་གི་མིག་ནས་ལྷུང་ཡོང་གི་འདུག་ཅེས་བརྗོད་མྱོང་ཡོད།
བོད་མི་ཚོས་གཡག་བཤས་གཏོང་གི་མེད་པ་མ་རེད། འོན་ཀྱང་བཤས་གཏོང་བར་ཚད་གཞི་ཡོད། གཡག་ཤ་ལས་སྣོན་གྱི་བཟོ་གྲས་ཉིན་ལྟར་མཚམས་མི་ཆད་པར་བཤས་བཏང་བ་དེ་འདྲ་མིན་པ་རེད། བཟོ་གྲའི་ནང་ནས་ཕྱི་ལ་འཁྱིལ་ཡོང་བའི་ཁྲག་གིས་རྩ་ཐང་དམར་པོ་བཟོས་པ་མཐོང་བ་དང་། བཟོ་གྲའི་ནང་ནས་འཕྱུར་བའི་ཁྲག་དྲི་ཕྱོགས་བཞིར་ཁྱབ་སྟེ་དྲི་མ་སྣུམ་དགོས་ཡོང་དུས་མ་ཎི་གད་འགོའི་བོད་མི་ཚོའི་སེམས་ནང་བཟོད་སྒོམ་ག་ལ་ཐུབ་ཀྱི་རེད་དམ།
ཡང་དེ་བས་བཟོད་སྒོམ་ཐུབ་ཐབས་མེད་པ་ཞིག་ནི་ས་གནས་རང་ནས་ཉོས་པའི་གཡག་དེ་ཚོའི་རིན་གོང་ནི་དོན་དངོས་ཐོག་དྲང་པོ་རྩ་བ་ནས་མེད་པ་རེད། འོན་ཀྱང་བཟོ་གྲ་བཙུགས་མཁན་གྱི་ཚོང་གཉེར་ཁང་དང་ས་གནས་ཀྱི་དཔོན་རིགས་བར་གན་རྒྱ་བཞག་ཡོད་པ་དང་། ཡང་དཔོན་རིགས་ཀྱིས་མང་ཚོགས་ལ་རིན་གོང་དམའ་པོའི་ངང་གཡག་བཙོང་དགོས་པ་བཀའ་བཏང་ཡོད། འདིའི་ནང་ཀུན་སློང་གང་འདྲ་ཞིག་བཅངས་ཡོད་པ་ཡིན་ནམ། མི་སུ་ཡིན་རུང་བལྟས་པ་ཙམ་གྱིས་ཤེས་གསལ་རེད། མང་ཚོགས་ཚོས་རིན་གོང་དམའ་པོ་དེ་འདྲའི་འོག་གཡག་བཙོང་འདོད་མེད་པའི་སྐབས་དེར་བཟོ་གྲ་ནས་ཐ་ན་དངུལ་ལ་རྔམ་མཁན་མི་དེ་ཚོ་བད་སྤྱོད་བཏང་སྟེ་དད་ལྡན་པ་ཚོའི་ཁྲོད་ནས་ཚེ་ཐར་བཏང་བའི་གཡག་མཁོ་གྲུབ་བྱེད་ཀྱི་ཡོད། དེར་བརྟེན་སྔ་ས་ནས་སེམས་ནང་གནག་པའི་ཁོང་ཁྲོ་དང་མི་འདོད་པ་འདི་མེ་ལྕེ་ཆེན་པོ་ཞིག་ཏུ་གྱུར་བ་དང་། བོད་མི་ཚོས་གཡག་ཤ་ལས་སྣོན་བཟོ་གྲ་འདི་མེར་བསྲེགས་བཏང་བ་རེད། ཡང་དེའི་རྒྱུ་རྐྱེན་གཙོ་བོ་ནི་དཔོན་རིགས་ཚོས་དམ་པོ་འགེབས་སྲུང་བྱས་ཏེ་རྒྱུ་རྐྱེན་ཚང་མ་རིག་གཞུང་གི་འགལ་རྐྱེན་ཐོག་ཁ་གཡར་བྱེད་ཀྱི་ཡོད།
གུས་མོས་དེ་སྔོན་བྲིས་མྱོང་བར། ཚོང་གཉེར་ཁང་བདུད་འདྲེ་ཞིག་དང་འདྲ་བ་དང་། ཚོང་གཉེར་ཁང་ཕུད་དེ་མིན་དེ་བས་གཏུམ་དྲག་ཆེ་བའི་བདུད་འདྲེ་ཞིག་ནི་སྲིད་གཞུང་རེད། ཡང་འདི་ནི་མགོ་བོ་གཉིས་ལྡན་གྱི་བདུད་འདྲེ་ཡིན་པ་བརྗོད་ན་ཆོག མགོ་བོ་གཉིས་ལྡན་གྱི་བདུད་འདྲེ་འདིས་གསར་སྤེལ་ཟེར་བ་དང་འཕེལ་རྒྱས་ཟེར་བའི་དར་ཆ་བསྒྲེངས་ནས་མཆེ་བརྩེགས་སྡེར་བགྲད་ཀྱིས་བོད་མིའི་ཁྱིམ་གཞིས་ལ་འཛུལ་སླེབས་ཡོད་པས་ག་རེ་འཁྱེར་སླེབས་ཡོད་པ་རེད་དམ། ངའི་བསམ་པར་གུས་མོས་སྡོམ་ཚིག་བྱས་པ་ནི་འཁྱེར་ཡོང་བ་དེ་ས་གནས་ཀྱི་མིའི་ཁེ་དབང་ཤོར་བ་དེ་རེད། ཡང་ཁེ་དབང་ཤོར་པའི་ཁོངས་སུ། ཐོན་སྐྱེད་རྒྱུ་ཆ་དཔེར་ན། ས་ཞིང་དང་ཕྱུགས་ཟོག་ཤོར་ཡོད་ལ། འཚོ་བའི་གོམས་སྲོལ་ཐོག་ནས་དཔེར་ན། སྲོལ་རྒྱུན་དང་གོམས་སྲོལ་མེད་པ་ཆགས་པ། དེ་བཞིན་རིག་གཞུང་མེད་པ་ཆགས་པ་དང་། རང་ཉིད་ཀྱི་ནང་སེམས་ཀྱི་སྙིང་བཅུད་ཤོར་བ། དེ་ནས་མཐར་མི་རིགས་ཤིག་མེད་པ་ཆགས་རྒྱུ་དེ་རེད།
09/07/11 ལྷ་ས་ནས།
གནས་ཚུལ་ཡོངས་ཁུངས http://www.sherab.org/?p=4982
Related
གནའ་ནས་ད་བར། གངས་ཅན་པ་ཞིག་ཡིན་དུས། དྲིན་ཨ་མའི་ཁོག་ནས་སྐྱེས་ཏེ་དྲན་ཤེས་ཡོད་པ་ནས་བཟུང་། རྒས་པོ་ཚོའི་གཏམ་རྒྱུད་དང་ལྷ་སྒྲུང་གི་ཚོན་མདོག་བཀྲག་བའི་འཇིག་རྟེན་དེ་རུ་རི་དང་མཚེའུ། ཆུ་དང་ཤིང་། ཞིང་གོར་མོ་དང་རྡོ། རི་སྐྱེས་སྲོག་ཆགས་བཅས་ལ་འགྲོ་བ་མི་དང་འདྲ་བའི་ལུས་ཕུང་དང་། མིང་། གཤིས་ཀ། དགའ་སྐྱོ་ཆགས་སྡང་བཅས་ལྡན་པས་དེ་དག་ལ་གཅེས་སྐྱོང་དང་བརྩི་འཇོག་གང་ལེགས་བྱ་དགོས་ཞེས་གསུངས། འདི་ནི་ལྷ་སྒྲུང་དང་སྟོང་བསམ་རྐྱང་པ་ཞིག་མིན་ཏེ་མིའི་རིགས་དང་རང་བྱུང་ཁམས་ཆེན་མོ་བར་གྱི་ཆུ་དང་ཉ་མོ་ལྟ་བུའི་འབྲེལ་བ་དང་གནས་ལུགས་གང་མང་ཞིག་མཚོན་ཡོད། ཅི་རེད་ཅེ་ན། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཞེས་པའི་རྟེན་འབྲེལ་དེ་རེད། ལུག་ལོ་ནི་གནས་ཆེན་ཁ་བ་དཀར་པོའི་རང་ལོ་རེད། ཆོལ་ཁ་གསུམ་ནས་ཡོང་བའི་བན་བོན་ཆོས་དད་རྣམས་དང་འགྲོགས་ཏེ། བསོད་ནམས་ལྡན་པའི་ང་རང་ཡང་རྒྱལ་ཐང་གི་གྲོགས་མཆོག་བཞི་དང་མཉམ་དུ་ཨ་མྱེ་ཁ་བ་དཀར་པོ་རྒྱ་སྐོར་གྱི་ལམ་ལ་ཆས། ཁ་བ་དཀར་པོར་རྒྱ་སྐོར་ཐེངས་གཅིག་སོང་ན། བདེ་ཆེན་རྫོང་དང་ཉིང་ཁྲི་ས་ཁུལ་གྱི་རྫ་ཡུལ་རྫོང་། ཆབ་མདོ་ས་ཁུལ་གྱི་མཛོ་སྒང་རྫོང་སོགས་ས་ཁོངས་སུ་རྒྱུ་དགོས་པ་དང་། མཚོ་འཕགས་སྨི་བཞི་སྟོང་བརྒྱད་བརྒྱ་ལྷག་ལྡན་པའི་གནམ་མཐོང་ལ་དང་སྨི་བཞི་སྟོང་བཞི་བརྒྱ་ཅན་གྱི་རྡོ་སྐས་ལ། སྨི་བཞི་སྟོང་ཉིས་བརྒྱ་ཅན་གྱི་ཤུག་ལ་རི་བོ་སོགས་དང་། འབྲི་ཆུ། རྫ་ཆུ། རྒྱལ་མོ་དངུལ་ཆུ་སོགས་གཏུབ་དགོས་འདུག རྐང་ཐང་རྐྱང་རྐྱང་འགྲོ་ན་ཆེས་མགྱོགས་ནའང་ཕལ་ཆེར་ཉིན་བརྒྱད་དགུ་ཙམ་མ་འགྲོ་ན་སྐོར་ར་གཅིག་ཐོན་མི་ཐུབ།རྒྱ་སྐོར་གྱི་འགྲུལ་བཞུད་ལམ་བར་དུ། གངས་ལྗོངས་ཀྱི་མཛེས་ལྗོངས་བརྗིད་ཉམས་འབུམ་གྱིས་ཕྱུག་ཅིང་མཛེས་སྒེག་སྟོང་དུ་ལྡན། དྭངས་ཤིང་གཙང་བའི་གནས་མཆོག་འདིས་མིའི་སེམས་ནང་གི་ནག་ནོག་དང་དྲི་མ་ཡོད་ཚད་གཙང་སེལ་བྱས་སོང་། གཞན་དབང་གིས་སྡུག་བསྔལ་མཐའ་ཡས་བཀལ་མྱངས་ཀྱང་མཛེས་སྒེག་དང་དགའ་སྤྲོ་གཏན་ནས་བོར་མ་མྱོང་བའི་ཕ་གཞིས་དྲོན་མོ་འདི་རུ། ལམ་བར་དུ་མིག་གི་ལོངས་སྤྱོད་དང་སེམས་ཀྱི་བདུད་རྩི་ལྟ་བུར་གྱུར་བའི་ཡུལ་ལྗོངས་ཡོད་ལ། གནས་སྐོར་བ་རྣམས་ཀྱི་རྨོངས་དད་རྗེས་ལུས་ཀྱི་འདུ་ཤེས་དང་ཀུན་སྤྱོད་མ་རབས་ལས་བྱུང་བའི་ན་ཟུག་དང་སྐྱོ་གདུང་ཡང་བགྲང་གིས་མི་ལོངས་བའང་མཆིས། བྱ་སྤྱོད་ངན་པ་དེས་རང་ཅག་གི་དག་ཞིང་ལྟ་བུའི་ཕ་ས་ཕ་ཡུལ་དེ་འབག་བཙོག་དང་ཉམས་ཉེན་དུ་བཏང་དང་གཏོང་བཞིན་འདུགཐག་རིང་ཀྱག་ཀྱོག་གི་རྒྱ་སྐོར་གྱི་ལམ་རྒྱུད་དེ་ཆུ་བོ་དང་ཆུ་མིག གྲོང་ཚོ་དང་འབྲོག་ས། གདོད་མའི་ནགས་ཚལ་དང་རྫ་རི་སྤང་རི་སོགས་ལ་བགྲོད་དགོས་པས། ཆུ་ཤོག་དང་འགྱིད་གི་གད་སྙིགས་འདྲ་མིན་སྣ་ཚོགས། བཏུང་བའི་རིགས་ཀྱི་དེམ་བེ། ཤེལ་དེམ། འགྱིད་གི་ཕོར་རུ། ལྕགས་ཀྱི་ཕོར་རུ། ལྕགས་རིགས་སྣ་ཚོགས་ཀྱི་གད་སྙིགས་ཆུ་ཁ་དང་ནགས་གསེང་། སྤང་ཐོག་དང་ལམ་འགྲམ། རི་འགོ་དང་གྲོང་ཚོ། འབྲོག་ས་བཅས་ལ་ག་ས་གང་དུ་ས་ཁྱབ་རྡོ་ཁྱབ་རེད། ལམ་བར་དུ་གནས་དེ་གའི་མི་རྣམས་ཀྱིས་གནས་སྐོར་བ་རྣམས་ལ་ཇ་འཐུང་ས་དང་ཞག་སྡོད་སའི་གུར་མང་པོ་ཕུབ་ཡོད། གུར་ཡོད་ས་ལ་འཚོ་བའི་གད་སྙིགས་དཀར་ལྷེམ་ལྷེམ་གྱིས་བཀང་ཡོད། གད་སྙིགས་ཀྱི་རི་རབ་ཐོག་ལ་སྦྲང་འབུ་ནག་ཚུབ་ཚུབ་འཁོར་ཡོད་པས་དྲི་ངན་དང་སྦྲང་འབུའི་འུར་ཟིང་དེ་མི་ལ་སྐྱུག་བྲོ་ཞིང་དབུགས་འབྱིན་དཀའ་བའི་སྣང་ཚོར་ཡ་ང་བ་ཞིག་སྟེར། ལམ་བར་ལ་གད་སྙིགས་སྒམ་ཐེབས་ཆག་ཁ་ཤས་འཇོག་ཡོད་ཀྱང་གད་སྙིགས་ཀྱིས་ལྟེམས་ལྟེམས་རེད། གད་སྙིགས་སྒམ་ཕྱིའི་ཁོ་ར་ཁོར་ཡུག་ཏུ་གད་སྙིགས་མ་གཏོགས་ཅི་ཡང་རིག་རྒྱུ་མེད། གནས་སྐོར་བ་རྣམས་ལ་ཁོར་ཡུག་སྲུང་སྐྱོང་དང་གད་སྙིགས་རང་གིས་སྡུད་རུབ། རང་རང་སོ་སོས་ཁྱེར་འགྲོ་རྒྱུའི་འདུ་ཤེས་ཡེ་ནས་མེད། གོམས་གཤིས་ངན་པ་དེའི་ཐད་མི་མང་པོ་ལ་བཤད་སྲོལ་ཡ་མཚན་ཞིག་ཡོད་པ་སྟེ།…
November 2, 2016 In "Uncategorized @tb"
ཤིན་ལུང་ཟེར་བའི་ས་ཆ་དེར་བོད་སྐད་ཐོག་འབོད་སྲོལ་གཉིས་ཡོད་པའི་ནང་ནས་གཅིག་ལ་ཉག་རོང་ཟེར་འབོད་ཀྱི་ཡོད། དེའི་གོ་དོན་ནི་ནགས་གསེབ་ཁྲོད་ཀྱི་རོང་ས་ཟེར་ཡིན་ཞིང་། མིང་གཞན་ཞིག་ལ་ལྕགས་མདུད་ཟེར་འབོད་སྲོལ་ཡོད་པ་དེ་ས་གནས་འདིའི་སྐད་གྲགས་ཡོད་པའི་བླ་ཆེན་ཞིག་དང་འབྲེལ་བ་ཡོད་པ་རེད། ཡང་ཉག་རོང་ཟེར་འབོད་སྲོལ་ཡོད་པ་འདི་བོད་པའི་ནང་དེ་བས་ཡོངས་ཁྱབ་ཆགས་ཡོད། དེ་མིན་ཡང་རྒྱ་སྐད་ཐོག་འབོད་སྲོལ་ཁག་གཉིས་ཡོད་པ་སྟེ། གཅིག་ལ་ཀྲན་ཧྰ་ཟེར་འབོད་ཀྱི་ཡོད་པ་དང་། དེ་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་དུས་ཚོད་དེའི་འགོ་སྟོད་ལ་བྱུང་བ་ཞིག་ཡིན་ཞིང་། གོ་དོན་ནི་ལྕགས་མདུད་རྒྱ་མིར་འགྱུར་བར་རྟོགས་ཀྱི་འདུག མིང་གཞན་ཞིག་ནི་ཤིན་ལུང་ཟེར་བ་དེ་ཡིན་པས་སྤྱི་ལོ་༡༩༥༡ལོར་བསྒྱུར་བ་བཏང་བ་ཞིག་རེད། ཤུགས་བསྟན་དུ་གོ་དོན་ནི་འབྲུག་ལ་སྐྱེ་བ་གསར་པ་ཐོབ་པ་ཟེར་བ་དེ་ཡིན་པས། གསལ་པོར་མཐོང་ཐུབ་རྒྱུར། མིང་དེ་གཉིས་ཀར་མི་སེར་སྤེལ་ཡུལ་གྱི་རྣམ་པ་ཞིག་ལྡན་ཡོད། གུས་མོ་ཁམས་ཁུལ་དུ་ལོ་མང་འཚོ་བ་བསྐྱལ་མྱོང་ཡོད་པས་ཁམས་ཀྱི་བྱང་རྒྱུད་དང་ལྷོ་རྒྱུད་ཀྱི་ས་ཆ་མང་པོར་འགྲོ་མྱོང་། འོན་ཀྱང་ཉག་རོང་དུ་སྐྱོད་མྱོང་མེད་པ་དེ་ཕལ་ཆེར་ལམ་ཞོར་འཁེལ་མྱོང་མེད་པས་རེད། ས་ཆ་དེར་མི་རིགས་ཀྱི་ཉམས་འགྱུར་དཔའ་ངར་ཆེ་བར་གྲགས་པ་དང་། དེ་བས་སྨྱོ་བ་ལྟར་ཆོས་ལུགས་ཐོག་སྒོམ་པ་ཉམས་ལེན་བྱས་པ་ནས་སྙན་གྲགས་བྱུང་བ་དེ་གུས་མོས་ཤེས་ཀྱི་ཡོད། ལོ་ཞིག་གི་དགུན་དུས་གུས་མོས་ལྷ་ལྡན་གཙུག་ལག་ཁང་ནང་ཉག་རོང་ནས་རྐྱང་ཕྱག་ཕུལ་ཏེ་ལྷ་སར་འབྱོར་བའི་དགེ་འདུན་པ་གཉིས་ཀྱིས་ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་མར་ཁུས་ཁེངས་ནས་ཡོད་པའི་རས་མཐེ་པོར་གཡོགས་ནས་མཆོད་མེ་ཕུལ་བ་ངས་མཇལ་མྱོང་ཡོད། མཛུབ་མོས་མཆོད་མེ་ཕུལ་བ་ནི་གནའ་སྔ་མོའི་གཏམ་རྒྱུད་ནང་ཡོད་པའི་དཀའ་ཐུབ་སྤྱོད་སྟངས་ཤིག་ཡིན་པས་མཐར་ཕྱིན་པའི་དད་སེམས་ཤིག་མཚོན་པར་བྱེད་ཀྱི་ཡོད། ང་ཚོ་མོ་ཊ་བཏང་སྟེ་དཀར་མཛེས་ནས་ཁ་བྲལ་བའི་སྐབས་དེར་གཙང་ཆུའི་འགྲམ་ནས་མོ་ཊ་བཏང་སྟེ་ཉག་རོང་དུ་སྐྱོད་བར་ཕལ་ཆེར་ཆུ་ཚོད་ལྔ་དྲུག་ཙམ་འགོར་སོང་། ལམ་བར་དུ་རི་མཐོན་པའི་སྟེང་ལྗང་ཐིང་ཐིང་མཐོང་རྒྱུ་ཡོད་ན་ཡང་མང་ཆེ་བ་ནགས་ཤིང་ཐ་རེ་ཐོ་རེ་ལས་མི་འདུག་ལ། ཐ་ན་གང་བྱུང་གིས་ཤིང་སྣ་གཅོད་པའི་ཤུལ་མངོན་གསལ་དོད་པ་དང་། ས་ལ་ལྷུང་བའི་ཤིང་ལྡོང་རེ་རེ་བཞིན་རི་འདེབས་སུ་འཐོར་ནས་འདུག ལྷག་པར་དུ་ཞེད་སྣང་དངངས་སྐྲག་བྱུང་བ་ནི་རི་ལམ་གསར་བཟོ་བྱས་པ་དེས་ས་ཆུ་ཤོར་བ་དང་། མཐོང་སྣང་མི་འདོད་པའི་རྨ་ཤུལ་ལྷེབ་ལྷེབ་དེ་ཚོ་དམར་རྗེན་དུ་ས་ངོས་ལ་ཐོན་ནས་འདུག་པས། རི་ལམ་དེ་ཚོ་མང་ཆེ་བ་གཏེར་ཁ་དབོར་འདྲེན་ཆེད་བེད་སྤྱོད་བྱས་ཡོད་པ་རྗེས་ལ་ཤེས་རྟོགས་བྱུང་། རིམ་པས་རྫོང་གྲོང་དང་ཐག་ཉེ་རུ་འགྲོ་སྐབས་གཅིག་གྱུར་གྱི་བཟོ་ལྟ་གཅིག་པའི་བོད་བཟོའི་སྡོད་ཁྱིམ་སྟར་པ་བཞིན་མཐོང་རྒྱུ་འདུག་ལ། ཁང་པའི་ཐོག་སྟེང་ཚང་མར་ཚོན་མདོག་དམར་རྐྱང་དང་ཡང་ན་སྔོ་རྐྱང་བཟོས་འདུག་པས་ཕལ་ཆེར་འདིར་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་ཟེར་བའི་ནུས་པ་ཐོན་གྱི་ཡོད་ས་རེད། རྫོང་གྲོང་ཧ་ཅང་ཆུང་ཆུང་དང་། ཁྲོམ་གཞུང་གསུམ་ལས་མི་འདུག འོན་ཀྱང་འགྲུལ་ཁང་ཡོངས་རྫོགས་ཁེངས་པ་དང་། ཚང་མ་ཡུལ་སྐོར་བ་རེད་འདུག ད་ཆ་བོད་ལ་ཡུལ་སྐོར་དུ་ཡོང་མཁན་མང་ཆེ་བ་རྒྱ་ནག་གི་མི་ཡིན་ཞིང་། དེ་མ་ཚད་ཟླ་བ་གསུམ་པ་ནས་བཟུང་དཔེར་ན་ཟི་ཁྲོན་ཁོངས་ཀྱི་བོད་ཀྱི་ས་ཁུལ་ནང་ཕྱི་རྒྱལ་མི་སྣ་ཡུལ་སྐོར་དུ་སྐྱོད་རྒྱུའི་སྒོ་བརྒྱབ་ཡོད། ང་ཚོར་ས་གནས་བོད་མིས་གཉེར་བའི་མགྲོན་ཁང་ཞིག་རྙེད་བྱུང་བ་དང་། དེ་རྗེས་ཁྲོམ་གཞུང་ལ་སྐོར་ར་བརྒྱབ་པར་ཕྱིན་པ་ཡིན། གྲོང་ཁྱེར་ནང་རྒྱུགས་ནས་ཡོད་པའི་ཆུ་བོའི་སྟེང་ཟམ་པ་ཞིག་ཡོད་པ་དེས་ཉེ་ཆར་དྲ་རྒྱའི་ཐོག་ནས་མཐོང་བའི་འདྲ་པར་ཞིག་གུས་མོས་དྲན་བྱུང་བ་སྟེ། ལོ་གཞོན་གཞོན་གྱི་བོད་མི་གསུམ་གྱིས་ཏག་ཏག་ཟམ་པ་འདི་བརྒྱུད་གོམ་བགྲོད་བྱེད་བཞིན་བསྒྲགས་ཡིག་གཏོར་བ་དང་། འབོད་ཚིག་སྒྲོག་ནས་འདུག ཁོང་ཚོ་འཛིན་བཟུང་བྱས་ཡོད་པ་ངེས་པ་རེད། ཡིན་ནའི་ཁོང་ཚོར་ཁྲིམས་བཅད་ལོ་ཚད་ག་ཚོད་བཏང་མིན་མ་ཤེས། གུས་མོས་ད་དུང་ཉག་རོང་གི་སྐད་གྲགས་ཡོད་པའི་མི་སྣ་ངོ་མཚར་ཅན་མགོན་པོ་རྣམ་རྒྱལ་དྲན་བྱུང་། ཐ་ན་ཁོང་ནི་ལོ་ངོ་བརྒྱ་ལྷག་ཙམ་སྔོན་གྱི་དཔའ་རྒོད་ཞིག་ཡིན་པས། ཉེ་འཁོར་གྱི་སྡེ་པའི་འགོ་པ་དང་ཡུལ་དཔོན་མང་པོར་འཕྲོག་བཅོམ་བྱས་པ་མ་ཟད། ད་དུང་རང་ཉིད་ཀྱི་ཕ་བསོད་མཁན་གྱི་ཆིང་སྲིད་གཞུང་ལ་དམག་བརྒྱབ་མྱོང་ཡོད་ལ། ཐ་ན་ལྷ་སའི་བཀའ་ཤག་གཞུང་ལ་ཡང་དམག་བརྒྱབ་མྱོང་ཡོད་པ་རེད། ཁྱད་མཚར་བ་ཞིག་ལ། ཁོང་གིས་དེ་སྔ་སྨྱོ་གཏམ་བརྗོད་པར་ལྷ་ས་བར་དམག་བརྒྱབ་སྟེ་གཙུག་ལག་ཁང་གི་ཇོ་བོ་རིན་པོ་ཆེའི་སྐུ་འདྲ་འཕྲོག་ནས་ཉག་རོང་དུ་གདན་འདྲེན་ཞུས་ཏེ་བསྙེན་བཀུར་ཞུ་རྒྱུ་དང་། དེ་ནས་བཟུང་བོད་ས་ཡོངས་ཀྱི་དད་ལྡན་པ་ཚོ་ལྷ་ས་བར་སྐུ་ཕྱག་ཕུལ་ཏེ་སྐྱོད་དགོས་དོན་མེད་པར་ལམ་བསྒྱུར་ནས་ཁོང་གི་ཕ་ཡུལ་དུ་གནས་མཇལ་ལ་འགྲོ་ཐུབ་པ་བཟོ་རྒྱུ་ཡིན་པ་བརྗོད་ཡོད། མགོན་པོ་རྣམ་རྒྱལ་ཁོང་ནི་དངོས་གནས་བྱས་ན་ཕྱུག་པོའི་ཁྱིམ་ཚང་གི་འགོ་པར་སྐྱེས་ཤིང་། ས་ཆ་བཙན་འཕྲོག་བྱེད་མཁན་གྱི་འཇག་པ་ཞིག་རེད།…
February 9, 2012 In "Uncategorized @tb"
ལོ་ངོ་གསུམ་སྔོན་བོད་ས་ཡོངས་ལ་ཐོན་པའི་ངོ་རྒོལ་ནང་རྒྱ་ནག་གི་མཁས་པ་དང་རྩོམ་པ་པོ་དམངས་ཆེ་བའི་ཁྲོད་གོ་དོན་ལྡན་པའི་བསམ་ཞིབ་བྱ་དགོས་པ་ཞིག་བྱུང་ཡོད། དཔེར་ན། Qing hua གཙུག་ལག་སློབ་གྲྭའི་དགེ་རྒན་ཆེན་མོ་བ་wang hui ལ་ཆ་མཚོན་ན། ཁོ་པ་ནི་བོད་རིག་པའི་ཆེད་ལས་ཀྱི་ཞིབ་འཇུག་པ་ཞིག་མིན་པ་བརྗོད་ཀྱི་འདུག འོན་ཀྱང་ཆེད་ལས་ཀྱི་བོད་རིག་པ་མཁས་ཅན་ཟེར་བརྗོད་པའི་རྒྱ་ནག་མི་དམངས་གཙུག་ལག་སློབ་གྲྭའི་དགེ་རྒན་ཆེན་མོ་བ་Shen wei rongདང་wang huiགཉིས་ཀས་དེབ་བྲིས་ཏེ་ནུབ་ཕྱོགས་ཀྱིས་བོད་ལ་ཤང་རི་ལའི་བསམ་ཚུལ་ཟེར་བ་དང་ཤ་རི་ལའི་ཞེན་ཆགས་ཟེར་བ་ལྡན་ཡོད་པ་དེ་ནི་ཡ་མཚན་ཅན་གྱི་ཤར་ཕྱོགས་རིང་ལུགས་ཟེར་བའི་ནང་ལྷུང་པ་ཞིག་རེད་ཅེས་མཐའ་གཅིག་ཏུ་སྐྱོན་བརྗོད་བྱས་ཡོད། ཤང་རི་ལ་ཟེར་བ་འདི་ཨ་རི་བ་James Hiltonནས་ལོ་ངོ་༧༠སྔོན་བྲིས་པའི་གྲུང་གཏམ་<>ཟེར་བའི་དེབ་ནས་བྱུང་བ་ཞིག་རེད། དེབ་འདི་དར་ཁྱབ་ཧ་ཅང་ཆེན་པོ་བྱུང་ཏེ་Hollywoodཡིས་གློག་བརྙན་བཟོས་ནས་<>ཀྱིས་དབྱིན་ཡིག་གི་ཐ་སྙད་ལ་བདེ་བ་ཅན་གྱི་ཞིང་ཁམས་ཟེར་གསར་གཏོད་བྱས་ཡོད། ཤང་རི་ལ་ཟེར་བ་འདི་ལྷ་ཡུལ་གྱི་མཚོན་རྟགས་ཤིག་ཏུ་གྱུར་ནས་དེའི་ལྡོག་ཕྱོགས་ནི་དམྱལ་བ་དང་། ཡང་ན་རྒྱ་ནག་གི་རིག་གཞུང་ནང་གི་གཤེན་རྗེའི་ཕོ་བྲང་ཡིན་པ་རེད། བརྗོད་དུས་མགོ་སྐོར་བཏང་པ་རང་རེད། ཤང་རི་ལ་ཟེར་ནས་རྒྱ་ནག་གི་མཁས་པ་ཚོས་ཟུར་ཟ་བྱེད་པའི་ཤར་ཕྱོགས་རིང་ལུགས་ཟེར་བ་འདི་ཁོ་པ་ཚོའི་མིག་མདུན་མངོན་སུམ་དུ་གྱུར་ཡོད། སྤྱི་ལོ་༢༠༠༡ལོར་ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཀྲུང་ཏན་རྫོང་ཟེར་རྒྱལ་ཐང་གི་མིང་ལ་ཤང་རི་ལ་ཟེར་དངོས་སུ་བསྒྱུར་བ་བཏང་ཡོད་པ་རེད། འདི་ནི་གཞུང་གི་བྱ་སྤྱོད་ཅིག་ཡིན་ཞིང་། དབང་ཤུགས་ཀྱི་རྣམ་པ་ལྡན་ཡོད། དེ་ནི་ཡུལ་སྐོར་གྱི་བྱ་གཞག་འཕེལ་རྒྱས་གཏོང་ནས་ཕྱི་ནང་གི་ཡུལ་སྐོར་བ་སྐོང་བའི་ཆེད་དུ་ཡིན་པ་བརྗོད་ཀྱི་འདུག ཡང་བོད་ཤར་ཕྱོགས་ཁམས་ཁུལ་གྱི་ཟུར་ཆ་གཅིག་གི་ས་གནས་དེའི་མིང་ངོ་མ་ནི་རྒྱལ་ཐང་ཡིན་པ་རེད། འོན་ཀྱང་དུས་བབ་ཀྱི་གྱུར་བའི་ཁྲོད་ནས་མིང་ཐེངས་མང་བསྒྱུར་ཡོད་ལ། དུས་རབས་ཕྱེད་ཀའི་སྔོན་ཀྲུང་ཏན་ཟེར་བསྒྱུར་བ་བཏང་ཞིང་། ད་ཆ་ཐད་ཀར་ཤང་རི་ལ་ཟེར་འབོད་ཀྱི་ཡོད། ཏག་ཏག་རེད། འདི་ནི་གདོང་ལ་དཀར་དམར་བྱུགས་ནས་གེར་སྟེགས་ཐོག་འཛེག་པའི་སྤྲོ་སེམས་ཀྱིས་ཁོ་པའི་བསམ་བློའི་འཆར་སྣང་བྱེད་སྟངས་འདི་ལ་སྟུན་ཐབས་བྱས་པ་ཞིག་རེད། སྐུ་ཞབས་wang hui ནས་འདིར་བློ་ཕམ་བྱས་ཏེ་ནུབ་ཕྱོགས་ཀྱིས་བོད་འདི་བཞིན་ཡ་མཚན་ཅན་ཏུ་གྱུར་བའི་དར་སྲོལ་འདི་ད་ཆ་རྒྱ་ནག་ལ་ཁྱབ་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། འདི་ནི་སྔར་ནས་བོད་འདི་གདོན་འདྲེ་ཅན་ལ་བསྒྱུར་མཁན་རྒྱ་ནག་ནས་ད་ཆ་ནུབ་ཕྱོགས་ལ་སྟུན་ཐབས་བྱེད་འགོ་ཚུགས་པ་ཞིག་ཡིན་པ་བརྗོད་ཀྱི་ཡོད་པ་མ་རེད་དམ། ཡང་ན་ནུབ་ཕྱོགས་ཀྱིས་མཐར་བོད་འདི་གདོན་འདྲེ་ཅན་ལ་བསྒྱུར་མཁན་གྱི་རྒྱ་ནག་འདི་བཞིན་བསྒྱུར་བ་བཏང་ཡོད་པ་བརྗོད་ཀྱི་ཡོད་པ་རེད་དམ། གུས་མོས་དེ་སྔ་བྲིས་མྱོང་བར། དོན་དངོས་ཐོག་བོད་ནི་མི་ཚོའི་བསམ་བློའི་འཆར་སྣང་ནང་གི་དྭངས་ཤིང་གཙང་བའི་ས་ཆ་ཞིག་མིན་ལ། མི་ཚོའི་བསམ་བློའི་འཆར་སྣང་ནང་གི་གད་སྙིགས་ཤིག་ཀྱང་མིན་པ་རེད། བོད་ནི་འཛམ་གླིང་ཐོག་གི་ས་གནས་ཚང་མ་དང་འདྲ་བར་འགྲོ་བ་མིའི་རིགས་འཚོ་གནས་བྱ་ཡུལ་གྱི་ས་ཆ་ཞིག་རེད། ཡིན་ནའི་བོད་ལ་དད་པ་ཡིད་ཆེས་ཡོད་པར་བརྟེན་གྲ་བཙུན་གྱི་ཚོན་མདོག་ངུར་སྨྲིག་གི་འོད་ཟེར་འཕྲོས་པའི་ས་ཆ་ཞིག་ཆགས་ཡོད། ཡང་སྔར་ནས་བོད་ལ་དཔེ་མཚོན་གྱི་རྣམ་པ་གཉིས་འཛིན་གྱི་ཡོད་པ་སྟེ། གདོན་འདྲེ་ཅན་དང་མཆོག་གྱུར་ཅན་འདི་གཉིས་རེད། འོན་ཀྱང་མཐའ་འབྲས་ནི་གཅིག་པ་རེད། དེའི་ཐོག་ནས་བོད་ཀྱི་དངོས་ཡོད་རྣམ་པ་འདི་ཐོན་མི་ཐུབ་པ་དང་བོད་མིའི་དངོས་ཡོད་གནས་སྟངས་འདི་ཐོན་ཐུབ་ཀྱི་མེད། གཅིག་བྱས་ན་རྒྱ་ནག་གི་མཁས་པ་དེ་ཚོར་དྲན་སྐུལ་བྱ་དགོས་ཡོད་ཀྱི་རེད། རྒྱ་ནག་གུང་བྲན་གཞུང་གིས་བོད་རྙིང་པ་ཟེར་ཚིག་ཐག་བཅད་ཡོད་པ་སྟེ། ཆེས་ངོ་ལོག་དང་ཆེས་མུན་ནག ཆེས་གདུག་རྩུབ། ཆེས་ཀླ་ཀློ་ཟེར་བ་དེར་ཁས་ལེན་བྱེད་ཀྱི་ཡོད་པ་རེད་དམ། ཡང་རྒྱ་ནག་གིས་བོད་ལ་དེ་བས་ཤར་ཕྱོགས་རིང་ལུགས་ཟེར་བ་ཡིན་པ་མ་ཟད། ད་དུང་བོད་འདི་བཞིན་གདོན་འདྲེ་ཅན་ལ་བསྒྱུར་བའི་ཤར་ཕྱོགས་རིང་ལུགས་ཟེར་བ་དེ་ཡིན་པ་ཁས་ལེན་བྱེད་ཀྱི་ཡོད་པ་རེད་དམ།…
August 9, 2011 In "Uncategorized @tb"
Follow Us!