མི་འགྱང་བར་ངའི་ཕ་ཡུལ་ནས་ལྕགས་བྱ་འཕུར་རྒྱུ་རེད།

ངའི་ཕ་ཡུལ། ཀན་ལྷོ་ཁུལ་བསང་ཆུའི་ལྷོ་རྒྱུད་ཀྱི་ཨ་མཆོག་རྩྭ་ཐང་ཡིན།

ལོ་འགའི་སྔོན་དུ་ངའི་ཕ་ཡུལ་གྱི་ཡུལ་མི་ཚོས། ༼མི་འགྱང་བར་ང་ཚོའི་ཕ་ཡུལ་ནས་ལྕགས་བྱ་འཕུར་རྒྱུ་རེད་ཟེར།༽ངས་སྐད་ཆ་ འདི་གོ་བ་ནས་བཟུང་། ངའི་སེམས་སུ་གློ་བུར་དུ་ཙག་ཤད་འགའ་རྒྱུག་མོད། དེ་ཟེར་སྒྲོས་ཙམ་ཞིག་རེད་འདོད་ནས་གང་ཡང་བཤད་  མ་མྱོང་།

ལོ་ཟླ་དུས་ཚོད་ཀྱི་བར་གསེང་ནས་ཆུ་བོ་དང་ལྷན་དུ་བཞུར་དུས། བཤད་རྒྱུན་ལ་རྐང་བ་ཐོགས་ནས་ངའི་ཕ་ཡུལ་ནས་དངོས་སུ་  ལས་འགོ་ཚུགས།

བདག་མཐོ་གཅིག་གི་སྐབས་སུ་ཀན་ལྷོའི་ཚགས་པར་ངོས་སུ་ཁྱབ་བསྒྲགས་བྱས་འདུག་ལ། སློབ་ཆེན་དུ་ཐོན་མ་ཐག་པའི་ལོ་དེར་  ཕྱིར་ཕ་ཡུལ་དུ་ལོག་དུས། ཕ་ཡུལ་དང་ཁ་ཐག་ཉེ་བའི་དངུལ་སྤྲོད་ས་ཚིགས་སའང་དངོས་སུ་ལས་འགོ་བཙུགས་ཡོད་ཅེས་བསྒྲགས་  ཡིག་སྦྱར་ཡོད་པས། ད་གཟོད་བཤད་རྒྱུན་དེ་བདེན་པ་ཡིན་པར་ར་སྤྲོད་བྱུང་།

བདེན་པ་བདེན་པར་འཕྲད་ནས། བདེན་པས་བཤད་རྒྱུན་དེད་ཡོང་དུས། འདི་ནི་ངའི་ཕ་ཡུལ་ནས་ཆེས་ཐོག་མར་ལྕགས་བྱ་འཕུར་ ཐུབ་པའི་ཆ་རྐྱེན་དང་བོར་གྱུར།

བདག་ལ་ཏག་ཏག་ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་ཉིན་འགའི་གནང་བ་བྱིན་ནས་ཕ་ཡུལ་དུ་བསྡད་ཡོད་པའི་སྐབས། ང་ཚོའི་ཞང་ གི་ལས་བྱེད་པ་དང་། སྨན་པ། ད་དུང་དགེ་རྒན་རེ་འགའ་བཅས་མི་སྣ་སྐོར་ཞིག རླངས་འཁོར་བསྐོར་ཏེ་ཁྱིམ་ཚང་རེ་རེའི་སྒོ་ནང་དུ་  ལག་ཏུ་ཡིག་ཆ་འགའ་བཟུང་སྟེ་འགྲོ་བཞིན་འདུག་ལ། ཁོ་ཚོས་བཤད་རྒྱུར། ༼འདི་ནི་གོ་རིམ་རྫོང་རིམ་པའི་ཡིག་ཆ་ཡིན་ལ། སང་ཉིན་  ནས་བཟུང་དངོས་སུ་རྨང་རྡོ་གཏིང་སྟེ་ལས་འགོ་རྩོམ་རྒྱུ་ཡིན་པ་མ་ཟད། ད་དུང་དམག་མི་སྐོར་ཞིག་ཀྱང་ཡོང་ནས་ལྟ་རྟོག་བྱེད་རྒྱུ་  ཡིན་པས། རང་གི་ཁྱིམ་མི་དང་ལྷག་པར་ཏུ་བྱིས་པ་ཚོར་དེར་འགྲོ་མི་ཉན་པའི་སློབ་གསོ་གཏོང་དགོས་ལ། ཁག་ཐག་བྱེད་རྒྱུར་མིང་  རྟགས་ཀྱང་འགོད་དགོས་ཟེར།༽འདི་ནི་ངའི་ཕ་ཡུལ་ནས་འགོ་བརྩམས་ཏེ་ལྕགས་བྱ་ཐང་ལས་རྒྱུའི་ཆ་རྐྱེན་གཉིས་པ་ཡིན།

གང་ལྟར། མི་འགྱང་བར་ངའི་ཕ་ཡུལ་ནས་ལྕགས་བྱ་འཕུར་རྒྱུ་རེད། ཡིན་ནའང་། ཡང་ཡུལ་མི་ཚོས་བདེན་ཤོས་ཆེ་བའི་སྐད་ཆ་ཞིག་ བཤད་ཀྱིན་འདུག དེ་ནི༼བྱ་བ་འདི་དངོས་སུ་ལེགས་འགྲུབ་བྱུང་དུས། ང་ཚོའི་ད་ལྟའི་ཁང་བ་འདི་རྨང་ནས་ཞིག་སྟེ་ཁང་རྩེག་གསར་  བ་ཉིས་ཐོག་ཅན་ལས་རྒྱུ་རེད་ཟེར་བ་དེ་ཡིན་ལ། རྒྱུ་མཚན་ནི་ལྕགས་བྱ་འཕུར་ན་ཁང་བ་འདི་དག་གིས་རང་ཚུགས་མི་ཐུབ་ཟེར།༽འདི་  ནི་ངའི་ཡུལ་མི་ཚོས་བཤད་པའི་བདེན་ཤོས་ཆེ་བའི་སྐད་ཆ་དང་ཁོ་ཚོས་བསམ་བློ་སྔོན་དུ་བཏང་བའི་དཔྱོད་ཤོས་ཐོག་མ་དེའང་རེད།

ཡང་གཅིག་བཤད་ན། ལྕགས་བྱ་ལས་འཕྲོས་ཏེ་གྲོང་ཁྱེར་ཆགས་རྒྱུའི་འཆར་གཞི་དང་བོ་ཡིན་ཀྱང་སྲིད།

༢༠༡༡.༦.༡ ཉིན་གྱི་དགོང་མོ།

གནས་ཚུལ་ཡོངས་ཁུངས http://blog.amdotibet.cn/chedong/archives/23597.aspx

Leave a Comment

Your email address will not be published. Required fields are marked *

*