ཁ་བ་སྙིང་ལྕགས་ཀྱི་བཅད་རྩོམ་ཁག་ལྔ།
གྱེས་ཕྱག་ཕུལ་བ།
ཉི་མའི་ལན་བུ་སྲོད་ཀྱི་རླུང་བུས་བསྲེགས།།
མཚན་མོའི་གཤོག་པ་སྨག་གི་སོར་མོས་བཅུན།།
དེ་ཡི་པང་དུ་ང་རང་གཅིག་པུ་ཉལ།།
སེམས་ཀྱི་ནང་ལ་ཁྱོད་རང་ཙམ་ཞིག་དྲན།།
ཁྱེད་ནི་རིང་དུ་གཤེགས་ཤིང་རྒྱང་དུ་གྱེས།།
ང་ནི་སྔར་མལ་སྡོད་ཅིང་དེ་གར་སྒུག།
ད་ནི་ཡང་བསྐྱར་དཔྱིད་ཀྱི་དུས་སུ་སླེབས།།
རེ་བའི་མིག་ཟུང་ཆེ་ནས་ཆེ་རུ་བགྲད།།
ཁྱོད་ནི་གཏན་དུ་བྲལ་ཞིང་ལོག་མ་བྱུང་།།
ལོ་ཟླའི་གོམ་འགྲོས་རྫི་མའི་རྩེ་ལ་ཕོག།
སེམས་ཀྱི་སྨྲེང་བ་ལག་པའི་མཐིལ་ཏུ་ལྷུང་།།
ཨ་སྔོན་ནམ་མཁར་ཅེར་ནས་ཡུན་ཙམ་ལུས།།
མིག་གི་མཐའ་ལ་མཆི་ཞགས་ལྷོད་ཀྱིས་འཁོར།།
ཚེ་ཡི་ཐ་གི་འདི་ཉིད་གཏང་གྱུར་ནས།།
ཕྱི་མའི་ཡུལ་ཏུ་དར་གཅིག་སླེབས་ན་བསམ།།
སེམས་ཀྱི་གཤོག་རུ་ནམ་མཁའི་མཐའ་ལ་བསྲིངས།།
ནམ་མཁའི་མཐར་ཡང་ལྷགས་རླུང་ཤེད་ཀྱིས་ལྡང་།།
གཙང་བོའི་འགྲམ་དུ་གཅིག་པུར་འགྲེང་བ་ཡིས།།
ལག་པ་མཐོ་རུ་བཀྱགས་ཤིང་གྱེས་བརྡ་བཏང་།།
ནམ་ཞིག་ང་རང་ལོག་པ་མ་བྱུང་ཚེ།།
གཙང་ངོགས་འདི་རུ་གཏན་དུ་གཉིད་པ་ཡིན།།
ཤ་དང་ཁྲག་བཅས་ལུད་ཀྱི་ཟོལ་གྱིས་ནི།།
མེ་ཏོག་རྩི་ཤིང་རྒྱས་པའི་ཡོན་ཏུ་དབུལ།།
༢༠༡༣ ༣
ཇི་བཞིན།
སེམས་ནི་གྲོག་མ་ཇི་བཞིན་གྲོག་མའི་གཤོག་པ་ཇི་བཞིན།།
ལམ་ནི་སྨུག་པ་ཇི་བཞིན་སྨུག་པའི་སྐུད་པ་ཇི་བཞིན།།
ཚེ་ནི་རླུང་བུ་ཇི་བཞིན་རླུང་གི་འཛུམ་བག་ཇི་བཞིན།།
མིག་ནི་སྐར་མ་ཇི་བཞིན་སྐར་མའི་མེ་ལོང་ཇི་བཞིན།།
ང་ནི་ཤིན་ཏུ་ཡངས་པ་རྟ་ཡི་རྔོག་མ་ཇི་བཞིན།།
རྨི་ལམ་མཛེས་ཤིང་སྡུག་པ་རྒོད་པོ་འཕུར་བ་ཇི་བཞིན།།
སེམས་རྩ་ཤིན་ཏུ་གཉོམ་པ་ཆུ་ཡི་གཉེར་མ་ཇི་བཞིན།།
སྐྱེ་འཆི་ཉེ་ཞིང་ཉེ་བ་ཞོགས་པའི་རྩྭ་ཟིལ་ཇི་བཞིན།།
ཉི་འོད་ཟེར་མ་དག་ལ་རླུང་གིས་རྡེག་པ་ཇི་བཞིན།།
སྲོད་ཀྱི་ལྗོན་པ་དག་ལ་གྲིབ་བསིལ་ཕོག་པ་ཇི་བཞིན།།
མཚན་གུང་རྨི་ལམ་ནང་ལ་ཆུང་འདྲིས་རྨིས་པ་ཇི་བཞིན།།
ལྭ་བའི་གོང་ཕུར་དག་ལ་མཆི་མས་བརླན་པ་ཇི་བཞིན།།
༢༠༡༣ ༨ ༣༡
http://www.qhtb.cn/wenxue/shige/2015-01-30/15990.html
མཚོ་སྔོན་པོའི་ཟླ་བ།
ཁ་བ་སྙིང་ལྕགས་ལ་ཕུལ།
སྒྲོག་ནག ༼མགོ་ལོག༽
ཁྱེད་ཀྱིས་གྱེས་ཕྱག་མཐའ་མ་དེ་མཚོ་ལ་བཞག
ཁྱེད་ཀྱིས་མིག་ཟུང་མཐའ་མ་དེ་གངས་ལ་གཏད
ཁྱེད་ཀྱིས་དུས་ཚོད་མཐའ་མ་དེ་གསེར་ཉྭར་གནང
ཁྱེད་རང་འདི་ལྟར་གློ་རྡེག་ཏུ་བུད་སོང
ཀྱེ་མ་ཇི་འདྲའི་ཕངས་བ་ལ
མཚོ་སྔོན་པོ ཁྱེད་ཀྱི་སྲོད་ཁ་འདིས
ང་ཚོའི་གློ་སྙིང་ཚལ་བར་གཤེགས་ཤིང
ལག་པ་མེ་ཡིས་འཚིག་ཤུལ་ཏུ
ཤེས་རབ་ཆུ་ཡིས་ཁུར་ཤུལ་ཏུ
ང་ཚོ་ལ་ཅི་ཞིག་བསྐྱུར་ཡོད
མཚན་མོའི་གསེབ་ཀྱི་འཛུམ་མདངས་ནི་སེམས་ཀྱི་ཕུག་ཏུ་ཟུག
མུན་པའི་གསེང་གི་ཐ་སྙད་ནི་ཡིད་ཀྱི་གཏིང་ལ་ལྷུང
ཁ་བའི་ནང་གི་སེང་ཕྲུག་ཅིག་འདི་ལྟར་བུད་སོང
སྙིང་ལ་ལྕགས་ཀྱི་སྲང་ལམ་བཟོས་ནས་བུད་སོང
ལག་ཏུ་གཙང་བོའི་རྦབ་རླབས་འཁྱེར་ནས་བུད་སོང
རྐང་བ་ནམ་མཁར་སྤོས་ནས་བུད་སོང
མཚོ་སྔོན་པོ་ནི་གཡུ་ཡི་མེ་ལོང་ཞིག་ཡིན
མེ་ལོང་དེའི་ནང་དུ་འཆར་བ་ནི་ཁྱོད་གཅིག་པུའི་ངོ་གདོང་ངོ
མཚོ་སྔོན་པོ
མདང་ནུབ་ཟླ་བ་མཐོང་བྱུང་ངམ
ཟླ་བའི་འཛུམ་ཞལ་མཐོང་བྱུང་ངམ
གསེར་ཉྭ་ཁྲི་ཕྲག་གི་ཚེ་སྲོག་མཐོང་བྱུང་ངམ
༢༠༡༥ .༦ .༢༧ ཉིན།
http://www.lhatso.com/literature/2667.html
ག་ལེར་ཕེབས་རོགས།
— གྲོགས་ཁ་བ་སྙིང་ལྕགས་ལ།
དགེ་ཆོས།
རྩྭ་ལོའི་ཁུད་ན་མེ་ཏོག་གི་དྲི་ངད་ཡོད་དམ
ནགས་ལོའི་གསེབ་ན་སྔོ་ལྗང་གི་བསུང་ཞིམ་ཡོད་དམ
ཆུ་བོའི་གཏིང་གི་རྡེའུ་ལ་རྡོ་དྲེག་ཡོད་དམ
ཡང་ན དུས་ཚིགས་འདི་དབྱར་ཁ་རེད་དམ
ཁུ་བྱུག་ཟེར་བ་ཇི་ལྟར་གྲག་ཀྱང་སྐད་ངག་ལ་ཨག་སྐད་འདྲེས་འདུག
སྔོ་རྩྭ་རབ་ཏུ་རྒྱས་ཀྱང་སྒོ་ཕྱུགས་ཀྱིས་དབྱར་དུས་གོམས་པར་མི་འདུག
ད་ལོ་ནི་དབྱར་ཁ་སྟེ ད་ལོ་ནི་དགུན་ཁའོ
མཚོ་ཁར་འགྲོ་དུས མཚོ་མཐའ་ན་མེ་ཏོག་ཡོད་དམ
མཚོ་འགྲམ་དུ་ཚུར་ཡོང་དུས མཚོ་མཐའ་ན་ཅི་ཞིག་ཡོད
ག་ལེར་འགྲོ་དུས
གསེར་ཉའི་གཤོག་རྩལ་ལ་གསོན་ཤུགས་རྒྱས་སམ
༢༠༡༥.༠༦.༢༧.ཉིན།
Follow Us!