གྲོ་སོ་ཕྱེ་མར། སོ་ནམ་ལོ་གསར་ལ་བཀྲ་ཤིས་བདེ་ལེགས།

2015 02 19 Chemar
གྲོ་སོ་ཕྱེ་མར་ཟེར་བ་འདི་བོད་རིགས་ཀྱི་གོམས་སྲོལ་དུ་ཇི་ལྟར་གྱུར་པའི་ལོ་རྒྱུས་ནི་ལོ་རྒྱུས་ཡིག་ཆར་བཀོད་པ་མ་མཐོང་ཡང་རྒན་རབས་རྣམས་ཀྱི་ངག་རྒྱུན་ལྟར་ན་བོན་གྱི་ལྷ་གསོལ་དང༌།
ཕྱྭ་གཡང་འགུགས་པ་སོགས་ལ་སྤྱོད་པའི་ཆོ་གའི་མཐུན་རྐྱེན་ཞིག་ཡིན་པར་གསུངས་ལ། དེ་ཡང་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་ཙམ་ནས་སྤྱོད་སྲོལ་ཡོད་པས་དེའི་གོང་སྔ་མོ་ཞིག་ནས་དར་ཡོད་པར་མངོན། སྐབས་དེ་ཉིད་དུ་ད་ལྟ་ལྟ་བུའི་རྒྱས་སྤྲོས་ཡོད་པར་མ་ངེས་ཀྱང་ད་ལྟ་ཞིང་འབྲོག་ཁུལ་དུ་སྡེར་མའི་ནང་དུ་དཀར་གསུམ་མངར་གསུམ་བཏབ་པའི་ཕྱེ་མར་གྱི་སྟེང་དུ་མར་རྡོག་ལྷེབ་ཙམ་འཛུགས་སྲོལ་ཡོད་པ་ལྟ་བུ་མིན་ནམ་སྙམ། ཕྱེ་མར་ནི་བོད་རིགས་ཀྱི་ལོ་གསར་གྱིས་མཚོན་པའི་བཀྲ་ཤིས་པའི་རྟེན་འབྲེལ་གྱི་བྱ་བའི་རིགས་ཐམས་ཅད་ལ་སྤྱོད་པའི་བྱེད་སྒོའི་ཆ་རྐྱེན་མེད་མི་རུང་བ་ཞིག་ཀྱང་ཡིན། དཔེར་ན་ཁྲི་འདོན་དང༌། ཁང་གསོལ། གཉེན་སྒྲིག བང་གསོལ། སྐྱེས་སྐར་སོགས་གང་སར་གྲོ་སོ་ཕྱེ་མར་བེད་སྤྱོད་ཅིང༌། གནའ་སྔ་མོ་མི་རྣམས་ཀྱིས་ལོ་གསར་དང༌། དགའ་སྟོན་རྟེན་འབྲེལ་ཁག་ལ་གྲོ་ནས་ཀྱི་སྙེ་མའི་ཆུན་པོ་འབུལ་སྲོལ་ཡོད་པ་དེ་ཕྱིས་རིམ་གྱིས་འཕེལ་རྒྱས་སུ་སོང་ནས་གཏན་འཛིག་ཁལ་རུ་འབོ་རྒྱ་མ་ཉི་ཤུ་རྩ་བརྒྱད་ཀྱི་འབོགཉིས་སོ་སོར་ཡ་གཅིག་གྲོ་དང༌། ཡ་གཅིག་རྩམ་པས་བཀང་སྟེ་གྲོའི་སྟེང་ལ་ཚྭ་རྡོག་དང༌། རྩམ་པའི་སྟེང་ལ་མར་ལེབ་ལྔའམ་གསུམ་འཇོག་ཅིང༌། མི་རེ་རེས་བཏེགས་ནས་རྟེན་འབྲེལ་ཞུ་བའི་སྲོལ་ནས་རིམ་བཞིན་འབོ་ཉིས་སྤྲེལ་བཟོས་པར་ཚོན་རིས་བཀྲ་ཤིས་རྟགས་བརྒྱད་དམ། བཀྲ་ཤིས་རྫས་བརྒྱད། ནོར་བུ་ཆ་བདུན། རྟགས་བརྒྱད་བུམ་གཟུགས། སེང་གེ་གཉིས་ཀྱིས་ནོར་གཞོང་བཏེགས་པ། རི་མོ་བསྡུས་པར། ནོར་བུ་མེ་འབར་དང༌། ནོར་བུ་དགའ་འཁྱིལ་སོགས་རྟེན་འབྲེལ་གྱི་ཚོན་རིས་ཀྱིས་རྣམ་པར་མཛེས་པར་བྱས་ཤིང༌། འབོའི་ནང་དུ་ཡས་ངོས་གྲོ་ཡོས་བྱུར་ཁེངས་དང༌། གཡོན་ངོས་ཕྱེ་མར་བྱུར་ཁེངས་སུ་བླུགས་པའི་སྟེང༌། ཤིང་གི་བྱང་བུར་མར་ཚོན་གྱི་མཐུན་པ་སྤུན་བཞིའམ། མི་མཐུན་གཡུལ་རྒྱལ། ཚེ་རིང་དྲུག་སྐོར། རྟགས་བརྒྱད་བུམ་གཟུགས། བསྡུས་པར་མེ་ཏོག་དང༌། ཉི་ཟླ་མེ་རིས་སོགས་ཀྱིས་བརྒྱན་པ་དབུས་སུ་བཙུགས་པའི་མཐའ་སྐོར་གྲོ་ཡོས་དང༌། ཕྱེ་མར་གྱི་ཐོག་ཏུ་བཙུགས་པའི་གྲོ་སྙེ་ཚོན་སྣ་དང་ལོ་གསར་མེ་ཏོག་གིས་མཛེས་པར་བརྒྱན་ཅིང༌། གྲོ་སོ་ཕྱེ་མར་འདི་ལོ་གསར་དང༌། རྟེན་འབྲེལ་གྱི་བཀྲ་ཤིས་དགའ་སྟོན་ནམ་ཡིན་ལ་དགོས་ཤིང༌། ལོ་གསར་ལ་མཚོན་ན། གསར་དུ་བཞད་པའི་ལོ་འདིའི་ནང་བགེགས་མེད་བདེ་སྐྱིད་ལྡན་ཞིང་རང་གཞན་འཕྲལ་ཡུན་བདེ་བའི་སྨོན་འདུན་ཞུ་ཞེས་ལོ་གསར་ཀྱི་ཁ་གཡང་སྒྲོགས་པར་བྱེད།
2015 02 19 Chemar 1
 
ཕྱེ་མར་དང་ཆང་ཕུད་འབུལ་སྐབས། ལོ་གསར་ཡིན་ན་འབུལ་མིས། བཀྲ་ཤིས་བདེ་ལེགས་ཞེས་འབུལ་བ་དང༌། ལེན་མིས་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨ་མ་བག་གྲོ་སྐུ་ཁམས་བཟང༌། གཏན་དུ་བདེ་བ་འཐོབ་པར་ཤོག གོང་ནས་གོང་དུ་འཕེལ་བར་ཤོག་ཅེས་དང༌། ལོ་གསར་མིན་པའི་རྟེན་འབྲེལ་བྱེད་སྐབས་ཕྱེ་མར་འབུལ་ལེན་གཉིས་ཀས་བཀྲ་ཤིས་བདེ་ལེགས་ཞེས་ཟེར་བ་ལས་དེ་མིན་རྣམས་ཟེར་སྲོལ་མི་འདུག ལོ་གསར་དང་ལུག་མགོའི་དཔེ་ཞེས་པ་ནི། སྡེར་ཁ་དང་མཉམ་དུ་ལུག་མགོ་མར་ཚོན་གྱིས་བརྒྱན་ཏེ་བསྒྲིག་དགོས་པ་དང༌། ཟས་སུའང་ལུག་མགོ་ངེས་པར་ཟ་དགོས་པའི་སྲོལ་ཆགས། གྲོ་སོ་ཕྱེ་མར་སྒྲིག་གཤོམ་བྱེད་སྐབས་འབོ་ཡ་གཅིག་ཏུ་འབྲུ་རིགས་ཀྱི་ནང་ནས་གཏན་ཁེལ་གྱིས་གྲོའམ་གྲོ་ཡོས་ཁོ་ན་བཀང་དགོས་པ་ཡང་ཁ་དྲོའམ་ཞལ་དྲོ་ཞེས་བརྗོད་ཅིང༌། སྔོན་དུས་བླ་མ་དང༌། དཔོན་རིགས་ཆེ་ཁག་ཁྲི་འདོན་མཛད་བྱེད་སྐབས་གྲོའི་གཡུང་དྲུང་འབྲི་སྲོལ་ཡོད་པ་དེ་ནི་མི་འགྱུར་བརྟན་པའི་མཚོན་དོན་ཡིན་པར་བཤད་ལ། དགོན་སྡེ་ཁག་ཏུ་གསང་སྔགས་ཀྱི་ཆོ་ག་བྱེད་སྐབས་སྤྱིར་བཏང་དུ་མཆོད་འབྲུ་ནས་ཁོ་ན་བྱེད་ཅིང༌། རབ་གནས་ཀྱི་ཆོ་ག་དང༌། བཀྲ་ཤིས་བརྗོད་སྐབས་སྟོར་བའི་མཆོད་འབྲུ་ཡང་ཁ་ཆེ་ཤ་ཁ་མ་དང༌། གུར་གུམ་གྱིས་ཚོས་བརྒྱབ་པའི་གྲོ་ཁོ་ན་བྱེད་པ་ནི་གྲོ་འདི་རྟེན་འབྲེལ་དུ་བརྩི་བས་སོ།།
2015 02 19 Chemar 2
 
གྲོ་སོ་ཕྱེ་མར་གྱི་མཚོན་དོན་ནི། བོད་རིགས་ཀྱི་ས་ཁུལ་དུ་ཞིང་འབྲོག་གཉིས་ཀྱི་ཐོན་སྐྱེད་བྱེད་སྒོ་གཙོ་བོར་འཛིན་པ་དང༌། དེ་ཡང་ཞིང་བས་ཐོན་སྐྱེད་ཀྱི་གཙོ་བོ་འབྲུ་རིགས་ཡིན་པ་དང༌། བོད་ཀྱི་ཟས་རིགས་ཀྱི་གཙོ་བོ་རྩམ་པར་བརྟེན་ཅིང༌། འབྲོག་པས་ཐོན་སྐྱེད་ཀྱི་གཙོ་བོ་དཀར་ཆུ་ཡིན་ཞིང་དེའི་སྙིང་བོ་མར་ཡིན་པས་ཞིང་འབྲོག་ཐོན་ཁུངས་ཀྱི་གཙོ་བོ་རྩམ་པ་དང་མར་ཡིན་པ་དེ་བོད་རིགས་ལ་མཚོན་ན་མེད་དུ་མི་རུང་བའི་ཟས་རིགས་མཆོག་ཏུ་གྱུར་པ་འཚོ་བའི་དགོས་མཁོའི་ནང་གི་ཨང་དང་པོར་གནས་པ་བཅས་ཀྱི་རྒྱུ་མཚན་ཡོད་པར་བརྟེན། རྟེན་འབྲེལ་གྱི་ཐོག་མར་ཁ་ལ་ཕྱེ་མར་ཟ་དགོས་པ་དང༌། འབྲུ་རིགས་ནས་ལ་བསྙལ་བའི་ཆང་ཕུད་སྟོར་བ་ནི་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རིང་མོ་ཉིད་ནས་གོམས་སྲོལ་དུ་གྱུར་པ་ལགས་སོ།།
http://mp.weixin.qq.com/s?__biz=MjM5Njc0NDcwMQ==&mid=207259909&idx=2&sn=22d78b4ceecb4bfd85a1c040d57a22c8#rd

Leave a Comment

Your email address will not be published. Required fields are marked *

*