ཐུབ་བསྟན་ཕུན་ཚོགས། རྨོངས་དད་ནི་ཁོར་ཡུག་གཏོར་བཤིགས་ཀྱི་རྒྱུ་ཡིན།

ཐུབ་བསྟན་ཕུན་ཚོགས། རྨོངས་དད་ནི་ཁོར་ཡུག་གཏོར་བཤིགས་ཀྱི་རྒྱུ་ཡིན།

ཡུལ་ཁམས་ཡར་རྒྱས་ཆེ་ཆུང་དེ། །
ཡུལ་མིའི་སློབ་གསོའི་ཚད་ལ་རགས། །
ཡང་དག་ཚན་རིག་སློབ་གསོ་ཡིས། །
ཡོ་རོབ་ཡར་རྒྱས་ཕྱིན་ལ་ལྟོས། །

ཚན་རིག་སྦྱོང་ཞིང་རྨོངས་དད་སྤངས། །
རྒྱལ་ཁྲིམས་སྲུང་ཞིང་ཆོས་ཁྲིམས་དོར། །
དངོས་པོའི་དཔལ་ཡོན་དང་བླངས་ན། །
འཁྲུལ་པའི་སྟོང་བསམ་རིམ་བཞིན་ཡལ། །

ནང་གི་ལུས་ཁམས་བདེ་ཐང་ལ། །
ཕྱི་ཡི་ཁོར་ཡུག་དྭངས་གཙང་གནད། །
རྨོངས་པ་བོད་ཀྱི་སློབ་གསོ་ཡིས། །
ཁོར་ཡུག་གཏོར་བཤིགས་བྱས་ལ་ལྟོས། །

ཕྱི་ཡི་འབག་བཙོག་གད་སྙིགས་དང་། །
ནང་གི་འབག་བཙོག་རྨོངས་དད་ཡིན། །
འབག་བཙོག་གཉིས་དང་བྲལ་འདོད་ན། །
ཡང་དག་ཚན་རིག་སློབ་གསོར་འཇུག །

ཚེ་བསོད་བསྐྱེད་པའི་ཐབས་ལམ་ལ། །
སེམས་བསྐྱེད་བཟང་པོའི་ཕྲིན་བཅོལ་དགོས། །
རང་ཕན་འདོད་པའི་དར་ལྕོག་གིས། །
གཞན་གྱི་ལུས་སེམས་སྡུག་ལ་སྦྱོར། །

རི་དྭགས་རྣམས་ཀྱི་མགོ་སྐེ་བཅིངས། །
སྒོ་ཕྱུགས་རྣམས་ནི་ཐག་རྒྱར་ཚུད། །
ཉིན་མཚན་ལྟོས་མེད་སྔངས་སྐྲག་མཐར། །
ལྟོག་གྲིར་འཆི་བ་སྙིང་རྗེའི་གནས། །

རྩྭ་ལྗང་ཉི་མའི་འོད་དང་བྲལ། །
འབུ་སྲིན་རྣམས་ཀྱི་བདེ་དྲོད་བཅོམ། །
ས་གཞིར་བཅུད་བྲལ་བྱེ་ཐང་གྱུར། །
སྐྱེ་དངོས་བདེ་ཐང་ཁོར་ཡུག་གཏོར། །

ལྗོན་ཤིང་རྣམས་ཀྱི་རྩ་བ་རུལ། །
ཤིང་རྩི་ཕལ་གྱི་འདབ་ལོ་སྐེམ། །
ནགས་ཚལ་ཁྲོད་ཀྱི་སྲོག་གཅོད་རྒྱ། །
རྨོངས་པའི་དར་ལྕོག་ཁོར་ཡུག་དགྲ། །

ས་བཅུད་འཕེལ་བའི་གཏེར་བུམ་དང་། །
ནོར་བཅུད་འཕེལ་བའི་ནོར་བུམ་རྣམས། །
མཚོ་ཡི་བཅུད་དུ་དབྱུགས་པ་དེ། །
མཚོ་གནས་རྣམས་ལ་དུག་ཏུ་གྱུར། །

ནོར་དད་ཅན་རྣམས་ཆོས་པར་བརྫུས། །
སྲོག་བསླུའི་རྒྱལ་མཚན་བོད་དུ་བཙུགས། །
བླུན་དད་ཅན་གྱིས་བསགས་པའི་སྒོར། །
གཡོ་ཁྲམ་ཅན་གྱི་རུམ་དུ་ལྷུང་། །

རྒྱ་ཉ་ཉོས་ཏེ་བོད་དུ་དྲངས། །
བོད་ཀྱི་ཆུ་མཚོ་ཉ་རོས་ཁེངས། །
སྲོག་བསླུ་ཚོགས་པའི་སྲོག་བཅད་འདི། །
དགེ་སྡིག་གང་ཡིན་ལེགས་པར་དཔྱོད། །

སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི། །
བླ་མ་གོང་མས་མ་གསུངས་པའི། །
རྒྱ་བླ་གསར་པའི་མཛད་ཕྲིན་ལས། །
དམར་ཟས་སྤང་བའི་བཀའ་ལུང་ཕེབས།

སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས། །
འདུལ་ཁྲིམས་ཉིས་བརྒྱ་ང་གསུམ་ལས། །
དམར་ཟས་སྤང་དགོས་མ་གསུངས་ན། །
ཕལ་པའི་འགྲོ་ལ་ཇི་ལྟར་བཀག །

དེང་དུས་བོད་ཀྱི་བླ་སྤྲུལ་ཚོས། །
འདུལ་ཁྲིམས་ཇི་ལྟར་མ་མཁྱེན་པར། །
མདོ་སྡེའི་ཚིག་དུམ་འགའ་སྒྲུག་ནས། །
དམར་ཟས་བཀག་པ་ཧ་ཤང་ལུགས། །

ཕན་པའི་ཟས་རིགས་བླ་མས་བཀག །
གད་སྙིགས་ཟས་རིགས་དགོན་པས་བཙོང་། །
དད་ལྡན་བོད་མིའི་ལུས་ཁམས་ལ། །
ནད་རིགས་སྣ་ཚོགས་འཇའ་ལྟར་བཀྲ། །

མདོར་ན་བླུན་པོའི་ཆོས་ལུགས་ཀྱིས། །
ཕྱི་ཡི་ཁོར་ཡུག་འབག་བཙོག་བྱེད། །
ནང་གི་ལུས་ཁམས་ནད་ཀྱིས་ཁྱབ། །
བོད་ཁམས་ལོག་པའི་ལམ་དུ་ཁྲིད། །

དམ་པའི་ཆོས་བསྒྲུབ་ན་ཐོག་མར་རང་འདོད་སྤངས་པའི་གཞན་ཕན་གྱི་ཀུན་སློང་རྣམ་དག་ཅིག་གིས་ལས་ཀ་བྱེད་དགོས། ང་ཚོ་རང་གཞན་ཐམས་ཅད་ཀྱིས་ལས་གང་བྱས་ཀྱང་རང་འདོད་ཀྱི་ཀུན་སློང་གིས་བསྐྱེད་པའི་ལས་ཞིག་མ་གཏོགས་གཞན་ཕན་གྱི་ཀུན་སློང་གི་ལས་ཀ་བྱེད་ཐུབ་མཁན་སྲིད་མཐར་ཙམ་རེད། དཔེར་ན། བོད་ལ་སྐྱ་སེར་སུས་ཆོས་བསྒྲུབ་ཀྱང་ཐོག་མའི་ཀུན་སློང་དེ་རང་ཉིད་ལ་ཕན་པ་དང་། མཚན་སྙན་གྲགས་ཀྱི་ཆེད་དུ་ཡིན་པ་སྨྲོས་མ་དགོས་པ་རེད། ཀུན་སློང་དེ་འདྲ་ཞིག་གི་སྒོ་ནས་ལས་ཀ་བྱེད་ཡོང་དུས་ཆོས་ཀྱི་བྱ་བས་ཆོས་ལོག་གི་འབྲས་བུ་འབྱུང་གི་ཡོད་པ་རེད།

༡ དར་ལྕོག་དང་རླུང་རྟའི་སྐོར། བོད་འདིར་ཀླུང་རྟ་བསྐྱེད་པའི་ཆོ་ག་སྣ་ཚོགས་ཡོད་པ་རེད། འདི་ནི་གནའ་བོའི་བོད་ཀྱི་ཡུལ་སྲོལ་རྙིང་པ་ཞིག་ནང་ཆོས་ཡང་དག་ཅིག་མ་རེད། རི་ལ་དར་ལྕོག་སྒྲོན་ནས་རང་གི་ཚེ་བསོད་དབང་ཐང་རྒྱས་པའི་རེ་སྨོན་བྱེད་པ་ནི་ནང་ཆོས་ཀྱི་ལུགས་མ་ཡིན། ནང་པའི་ཆོས་དེ་རྒྱུ་འབྲས་རྟེན་འབྲེལ་ལ་བརྟེན་དགོས་ན། སྔོན་བསགས་ཀྱི་བསོད་ནམས་དང་། ད་ལྟའི་སེམས་བསྐྱེད་གང་ཡང་མེད་པའི་རང་འདོད་ཁོ་ནའི་སྒོ་ནས་རི་ངོ་ཐམས་དར་ལྕོག་གིས་བཀང་ན་ཁྱོད་ལ་འབྲས་བུ་བཟང་པོ་ཞིག་འབྱུང་པའི་རྒྱུ་མཚན་ཅི་ཡང་མེད། །དེ་ལས་ལྡོག་སྟེ་དེང་དུས་རི་ཀླུང་དར་ལྕོག་གིས་བཀང་པ་འདི་ཡིས་སེམས་ཅན་མང་པོ་ཞིག་གི་སྲོག་ལ་གནོད་པ་བྱེད་ཅིང་འདུག །སྲོག་ཆགས་ཆེ་བ་ལ་རི་དྭགས་ཤྭ་གནའ་རྒོ་གསུམ། སྒོ་ཕྱུགས་གཡག་ལུག་ར་གསུམ་སོགས་མང་པོ་ཞིག་ཇོ་དར་གྱི་རྒྱ་ནང་དུ་ཚུད་འཇིགས་སྐྲག་དང་། བཀྲེས་ལྟོག་གིས་མནར་ནས་ཤི་ཡོད་པ་ནི་དེང་དུས་དྲྭ་ཐོག་ཏུ་ཁྱབ་བཞིན་པ་འདི་དག་རེད། སྲོག་ཆགས་ཆུང་བའི་རིགས་ལ་རྩྭ་ཐང་གི་འབུ་སྲིན་ཆུང་ངུ་རྣམས་རང་བྱུང་ཁམས་ཀྱི་བདེ་དྲོད་ལ་བརྟེན་ནས་གནས་དགོས་པ་དེ་དག་གི་ཁོར་ཡུག་འགྱུར་བར་ཕྱིན་པའི་རྐྱེན་གྱིས་རྩྭ་ཤིང་རྣམས་ཀྱང་སྐམ་འགྲོ་ཞིང་ཡོད་ན། འབུ་སྲིན་ཆུང་ངུ་གྲངས་ལས་འདས་པ་ཞིག་གི་ཚེ་སྲོག་བཅོམ་ཞིང་ཡོད་པ་ནི་རྗེས་དཔག་གི་སྒོ་ནས་རྟོགས་ནུས། །གཞན་ཡང་ཤོག་ངོས་སུ་སྤར་བའི་མ་ཎི་ལ་སོགས་སྔགས་ཡིག་རྣམས་གང་བྱུང་གཏོར་མཆོད་བྱེད་པ་ནི་གནོད་པ་གཉིས་ཏེ། གཅིག ཆོས་ཀྱི་དབང་དུ་བྱས་ན་གསུང་རབ་ལ་མ་གུས་པའི་ཉེས་དམིགས་དང་། ཚན་རིག་དབང་དུ་བྱས་ན་ཁོར་ཡུག་ལ་འབག་བཙོག་གི་རྒྱུར་ཡིན་པས་དེས་རླུང་རྟ་གང་བྱུང་དུ་གཏོར་བ་ནི་ཚེ་འདི་ཕྱི་གཉིས་ཀ་ལ་གནོད་པའི་ལས་ཞིག་ཡིན་དགོས། །འདི་ནི་ཆོས་བྱེད་སྟངས་མ་ཤེས་པས་ཆོས་ལོག་གི་འབྲས་བུ་ཡིན་ནོ།


༢ གཏེར་བུམ་གྱི་སྐོར། དེང་དུས་བླ་ལོག་ཚོས་ཡོན་བདག་མགོ་བསྐོར་བྱེད་དུ། ཡུལ་བཅུད་གསོ་བའི་གཏེར་བུམ་དང་། ནོར་བཅུད་གསོ་བའི་གཏེར་བུམ་སོགས་བུམ་པ་མང་པོ་ཞིག་གི་ནང་དུ་རྫས་རིགས་སྣ་ཚོགས་ཤིག་བླུགས་ནས་ཚེ་བསོད་དཔལ་འབྱོར་རྒྱས་པའི་ཆེད་དུ་ཡོན་བདག་རྣམས་ལ་བླུ་བཅུག །ཡོན་བདག་དེ་དག་གིས་བླུས་ཟིན་པ་རྣམས་སླར་ཡང་རི་མཐོ་ས་གཙང་གི་མཛེས་ལྗོངས་རྣམས་སུ་གནས་པའི་དྭངས་གཙང་གི་མཚོ་དང་རྫིང་བུ་རྣམས་ཀྱི་ཁྱེར་ནས། བླ་ལོག་ཚོས་མིག་ཕོར་པ་ཙམ་བགྲད་ཅིང་། ལུས་ཀྱི་ཉམས་འགྱུར་སྣ་ཚོགས་དང་། ཁ་ནས་ཁུང་ལུང་མེད་པའི་ཧཱུཾ་ཕཊ་སྒྲ་མང་པོ་སྒྲོག་ཅིང་མཚོ་དང་རྫིང་བུ་ནང་དུ་དབྱུགས། བསྐལ་པ་ཆགས་ནས་འབག་བཙོག་གིས་གོས་མ་མྱོང་པའི་མཚོ་དང་རྫིང་བུ་རྣམས་འབག་བཙོག་བྱེད་ཅིང་། མཚོ་གནས་ཀྱི་སྲོག་ཆགས་རྣམས་ཤི། རྫིང་བུ་ཆུང་བ་རྣམས་སྐམ། ཆེ་བ་རྣམས་འབག་བཙོག་གིས་མཚོའི་ཁ་དོག་དང་རྣམ་པའང་འགྱུར་ཡོད་པ་དྲྭ་ཐོག་ཏུ་མཐོང་བཞིན་པ་འདི་རྣམས་སོ། །འདི་ནི་ཆོས་བྱེད་སྟངས་མ་ཤེས་པས་ཆོས་ལོག་གི་འབྲས་བུ་ཡིན་ནོ། །


༣ སྲོག་བསླུའི་སྐོར། སྲོག་བསླུ་ནི་གནའ་བོའི་བོད་ཀྱི་དམངས་སྲོལ་རྙིང་པ་ཞིག་ཡིན། འདི་ནི་ཁྱིམ་དུ་ནད་པ་ཐུ་མོ་ཡོད་ཚེ་མོ་རྩིས་ཀྱི་ལུང་ལས། རྟེན་འབྲེལ་ལ་ཉེའི་སྒོ་ནས་ནད་པ་ཚེའི་བར་ཆད་ལས་ཐར་བའི་རྟེན་འབྲེལ་ཆེད་དུ་འཆི་ངེས་པའི་སེམས་ཅན་རེ་ཟུང་ཚེ་ཐར་བྱེད་སྲོལ་ཡོད་པ་རེད། དེང་དུས་བླ་ལོག་ཚོས་ཡོན་བདག་འགུག་པའི་ཆེད་དུ་མི་དྲན་དགུ་དྲན་ཚང་མ་དྲན་ནས། རྒྱ་རིགས་ཡོན་བདག་གཙོ་བོར་གྱུར་པའི་རྨོངས་པའི་མི་སེར་རྣམས་ལ་རང་ཉིད་དྲིལ་བསྒྲགས་པའི་ཆེད་དུ་སྲོག་བསླུའི་ལས་འགུལ་འདི་བཙུགས་པ་རེད། ལས་འགུལ་འདི་ལ་བརྟེན་ནས་ཉ་རིགས་ཆེ་ཆུང་ཚང་མ་སྒོར་མོ་སྒྲུབ་བྱེད་ཀྱི་ལག་ཆས་ཤིག་ཆགས་པ་རེད། ལས་འགུལ་འདི་ལ་བརྟེན་ནས་ཚོགས་པ་ཁག་གསུམ་ཕྱུག་པོར་གྱུར་ཡོད། 1 ཉ་ཚོང་བྱེད་མཁན། 2 སྲོག་བསླུའི་བླ་མ། 3 སྲོག་བསླུ་ཚོགས་པ། ཚོགས་པ་འདི་དག་ཕྱུག་པོར་གྱུར་ཀྱང་། ཉ་རིགས་རྣམས་ལ་སྡུག་བསྔལ་མང་པོ་ཞིག་འཕྲད་པ་ནི། གཅིག །རང་གར་གནས་པའི་ཉ་རིགས་རྣམས་ཚོང་ལས་ཀྱི་ཆེད་དུ་འཛིན་བཟུང་གི་སྡུག་བསྔལ། གཉིས། ཉ་བཟུང་ཟིན་པ་རྣམས་ཤར་ཉ་ནུབ་ཏུ་དྲངས། ནུབ་ཉ་ཤར་དུ་སྐྱེལ། ཡུལ་ཆུ་མ་འཕྲད་པའི་དབང་གིས་ཤི་མ་རན་པའི་ཉ་རྣམས་ཤི། མཚོ་ཐམས་ཅད་ཉ་རོས་ཁེངས། ཆུ་ཐམས་ཅད་འབག་བཙོག་བྱེད། འདི་དགེ་སྡིག་གང་ཡིན་ལེགས་པར་དཔྱོད། འདི་ནི་ཆོས་བྱེད་སྟངས་མ་ཤེས་པས་ཆོས་ལོག་གི་འབྲས་བུ་ཡིན་ནོ། །


༤ དཀར་ཟས་ཀྱི་སྐོར། འཇིག་རྟེན་ཁམས་སུ་སྐྱེས་པ་དང་འཇིག་རྟེན་གྱི་འཚོ་བ་སྤྱོད་པ་ལས་ལྷ་དང་ཞིང་ཁམས་ཀྱི་འཚོ་བ་སྤྱོད་མི་ཐུབ། སྐྱ་སེར་ཐམས་ཅད་ལྷན་ཅིག་ཏུ་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་ཞུགས་ནས་ཕྱམ་གཅིག་དག་པའི་ཞིང་དུ་འགྲོ་རྒྱུའི་བསམ་བློ་འདི་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་ཆོས་ལོག་(邪教)གི་བསམ་བློ་ཞིག་རེད། མཐུན་རྐྱེན་འཛོམས་པའི་འབྱོར་ལྡན་གྱི་གང་ཟག་བྱེ་བྲག་པ་ཞིག་ཡིན་ན་དཀར་ཟས་དང་། དམར་ཟས་བདམས་ཀ་བྱེད་ཆོག་ཀྱང་། འཚོ་ཐབས་ཀྱི་ཆ་རྐྱེན་ཞན་པའི་མི་སེར་དབུལ་པོ་རྣམས་ལ་བདམས་ཀ་བྱེད་རྒྱུའི་ཆ་རྐྱེན་གང་ན་ཡོད། དེང་དུས་ཁམས་ཕྱོགས་སུ་དམར་ཟས་བཀག་པའི་ཚབ་ཏུ་གྲོང་ཁྱེར་ནང་གི་དུས་ཚོད་ཡོལ་བའི་ཟས་སྐོམ་གྱི་རིགས་རྣམས་བོད་དུ་དབོར་ནས་གྲོང་སྡེའི་བཟའ་ཆས་གཙོ་བོར་ཞིག་ཆགས་བཞིན་ཡོད་འདུག །འདི་ནི་ཤར་མར་གྱི་ཚབ་ཏུ་རྒྱ་ཟས་ཟེར་ནས་རྫིག་རྫིག་གིས་བཤམས་རྒྱུའི་ཟས་རིགས་ཤིག་ཏུ་བྱུང་ཡོད་པ་ནི། དམར་ཟས་བཀག་པའི་འབྲས་བུ་གཙོ་བོ་དེ་རེད། །འདི་ནི་ཆོས་བྱེད་སྟངས་མ་ཤེས་པས་ཆོས་ལོག་གི་འབྲས་བུ་ཡིན་ནོ། །


༥ སྲོག་གཅོད་ཀྱི་སྐོར། དེང་དུས་བླ་སྤྲུལ་ཚོས་འབྲོག་པ་རྣམས་ལ་གཡག་གསད་མི་ཆོག །ལུག་གསད་མི་ཆོག །ར་གསད་མི་ཆོག་གསུངས་ནས་བཀའ་ཡིས་བཅད་པ་མང་པོ་ཞིག་གནང་ཡོད་པ་འདི་དག་ལ་བརྟེན་ནས་དེང་དུས་འབྲོག་ཁུལ་དུ་གཡག་ལུག་སོགས་སེམས་ཅན་གསོད་མཁན་ཇེ་ཉུང་འགྲོ་ཞིང་ཡོད་པ་ནི་ཡག་པོ་རེད། འོན་ཀྱང་དགོན་པའི་ནང་གི་གྲྭ་པ་ཚོས་འབྲོག་པའི་མནའ་མ་རྐུ་འཕྲོག་བྱེད་ཅིང་དམེ་འཛིང་སློང་། བླ་མས་མི་བསད་པའི་དོན་རྐྱེན་ལོ་རེ་བཞིན་ཇེ་མང་འགྲོ་ཞིང་ཡོད་པ་ནི་དངོས་ཡོད་གནས་ཚུལ་འདི་རེད། དེས་ན་བླ་སྤྲུལ་ཚོས་དགོན་པའི་ནང་ནས་སྲོག་གཅོད་སྤང་དགོས་པའི་སློབ་གསོ་རེ་གནང་ཐུབ་ན་བཀའ་དྲིན་ཤིན་ཏུ་ཆེ། ཁྱེད་རྣམ་པས་མཁྱེན་གསལ་ལྟར། ནང་པ་སངས་རྒྱས་པའི་ལུགས་ལ་སྲོག་གཅོད་གོང་ན་སྡིག་པ་མེད། ཅེས་གསུངས་པ་དེ་གཙོ་བོར་མི་བསད་པ་ལ་དགོངས་ནས་གསུངས་པ་ཞིག་རེད། ཕམ་པ་བཞིའི་ནང་གི་སྲོག་གཅོད་པ་ཟེར་བ་དེའང་གཞི་བསམ་སྦྱོར་བ་མཐའ་ཐུག་བཅས་དོན་ཚན་བཞི་ཚང་པའི་སྒོ་ནས་མི་བསད་པ་ཡིན་ན་ཕམ་པ་འབྱུང་བ་རེད། གཡག་དང་ལུག་བསད་ན་ཉེས་ལྟུང་ལས་ཕམ་པ་འབྱུང་བ་མེད། དེས་ན་མི་སེར་གྱིས་གཡག་ལུག་བསད་པ་དང་། བླ་མས་མི་བསད་པ་གཉིས་ཀྱི་ཉེས་དམིགས་དེ་ངོ་བོའི་སྒོ་ནས་གནམ་ས་ལྟ་བུའི་ཁྱད་པར་ཡོད་རེད། དེང་དུས་བོད་ཀྱི་བླ་སྤྲུལ་ཕལ་ཆེར་གྱིས་གསང་སྔགས་རྫོགས་པ་ཆེན་པོ་ཉམས་ལེན་གནང་པ་ལས་། འདུལ་བ་གཟིགས་མ་མྱོང་སྟབས་ཕམ་ལྟུང་གི་ཁྱད་པར་ཕལ་ཆེར་མཁྱེན་བགྱི་མ་རེད། འོན་ཀྱང་ཁོ་བོའི་ཡིག་ཉོག་འདི་ཡིས་རྐྱེན་བྱས་ཏེ་སྐབས་འགར་འདུལ་བ་ལ་གཟིགས་ཙམ་གནང་ན་ཤཱཀྱ་ཐུབ་པའི་སྤྱོད་པ་དང་ཐག་ཉེ་བ་ཙམ་ཡོང་སྲིད།

ཆོས་པས་ནི་བོད་ཁམས་གང་། །
རྙོག་དྲས་ནི་ལུང་པ་གང་། །
འཛམ་གླིང་ནི་ཞི་བདེ་སྨོན། །
རང་ཡུལ་ནི་འཁྲུག་པས་གང་། །

རི་ཀླུང་ནི་དར་ལྕོག་ཁེངས། །
དར་གསེབ་ནི་གཡག་རོས་ཁེངས། །
ཉ་སྲོག་ནི་ཚོང་པས་བསླུ། །
ཉ་རོ་ཡིས་ཆུ་བོ་ཁེངས། །

འབྲོག་པས་ནི་སྲོག་གཅོད་སྤོང་། །
བླ་མས་ནི་མྱི་སྲོག་གཅོད། །
ཞིང་པས་ནི་དགེ་བསྙེན་བསྒྲུབས། །
གྲྭ་པས་ནི་ཆུང་མ་བརྐུ། །

འཛམ་གླིང་འདིར་མེད་པའི་རིགས། །
བོད་ཡུལ་འདིར་ཤིན་ཏུ་མང་། །
ཆོས་ལུགས་ཀྱི་སློབ་གསོ་འདི། །
ཨ་ལ་ལ་ངོ་མཚར་ཆེ། །

ཞེས་པ་སྤྱི་ལོ་༢༠༡༩ལོའི་ཟླ་བ་བདུན་པའི་ཚེས་༡༦ཉིན་གྱི་ཞོགས་པ་འཕྲིན་ཕྲན་འགའ་ཞིག་མཐོང་བས་རྐྱེན་བྱས་ཏེ་རང་སྣང་གི་འགྱུ་བག་བན་བུན་སྐྱེས་པ་རྣམས་ཞོགས་པའི་ལྟོ་ཆས་ཟ་ཞོར་དུ་ཟིན་བྲིས་སུ་བཀོད་པ་པོ་ནི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེའོ། །

ཐུབ་བསྟན་ཕུན་ཚོགས། རྨོངས་དད་ནི་ཁོར་ཡུག་གཏོར་བཤིགས་ཀྱི་རྒྱུ་ཡིན།

Leave a Comment

Your email address will not be published. Required fields are marked *

*