བོད་ཀྱི་གཞོན་ནུ་རྣམས་ལ་སྤྲིངས་པ། ཐུབ་བསྟན་ཕུན་ཚོགས་ཀྱིས།

ལྷག་བསམ་དབུ་ཡི་སྐྲ་དང་ལྷན་ཅིག་དཀར། །

བཞིན་རས་ཉི་མའི་འོད་དང་ལྷན་ཅིག་འཛུམ། །

ཚིག་རྩུབ་རྣམ་ལྕགས་ཐོག་མདས་ཕྱི་རྒོལ་བཅོམ། །

མཁས་དབང་འཇམ་དཔལ་རྒྱ་མཚོ་ཕྱག་གི་ཡུལ། །

དམ་ཆོས་ཉོ་ཚོང་བྱེད་པའི་ཐོབ་ཐང་དང་། །

སྡེ་འབངས་ཆོས་གྲལ་ཕུད་པའི་དབང་མེད་ཀྱང་། །

རང་རིགས་བདེན་དོན་སྲུང་པའི་སྙིང་སྟོབས་ཅན། །

ལུང་རིགས་སྨྲ་མཁས་འཇམ་དཔལ་རྒྱ་མཚོའི་ཞལ། །

སྡང་བའི་དགྲ་ལ་ཕྱག་ན་རྡོ་རྗེའི་གཟུགས། །

བྱམས་པའི་གཉེན་ལ་སྙིང་རྗེའི་དབང་ཕྱུག་སྐུ། །

དགྲ་འདུལ་གཉེན་སྐྱོང་སྒང་པ་བོད་ཀྱི་སྲོལ། །

ཁམས་པའི་ཕོ་རྒོད་འཇམ་དཔལ་རྒྱ་མཚོ་དངོས། །

ང་ཚོ་བོད་མི་རིགས་ལ་མི་རིགས་གཞན་གྱིས་ཐུབ་ཚོད་དང་དབང་ཡོད་ཀྱིས་དཀའ་ངལ་ཞིག་འཕྲོད་ཡོང་དུས།གདོང་དུ་ལངས་ནས་བདེན་དོན་རྩོད་ལེན་ཆེད་དུ་སྐད་ཆ་བཤད་མཁན་ཚང་མ་བོད་རིགས་ལས་བྱེད་པ་དང་།ཤེས་ཡོན་ཅན་དེ་ཚོ་མ་གཏོགས་མི་འདུག དཔེར་ན།ད་ལན་ཧང་ཀང་ལ་རྒྱ་རིགས་པདྨ་འོད་གསལ་ཟེར་བ་ཞིག་གིས་འཁྲབ་སྟོན་པ་སྐད་གྲགས་ཅན་ཀྲང་ཐེ་ལིན་ཁྲིར་བཞུགས་མཛད་སྒོ་དེ་ལ་གསར་འགྱུར་མོལ་སྟེགས་(新闻媒体)རྣམས་ཀྱིས་གནད་དོན་འདི་བོད་ཀྱི་ནང་ཆོས་དང་འབྲེལ་ནས་བླ་སྤྲུལ་རྫུན་མ་ཡིན་མིན་སྐོར་ལ་རྙོག་དྲ་འདི་ཁྱབ་བསྒྲགས་བྱུང་བ་རེད། སྐབས་དེར་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་དོན་ལས་ཁུང་གི་དབུ་ཁྲིད་ཀྲུའུ་ཝེན་ཆུང་གིས་གསར་འགྱུར་མོལ་སྟེགས་རྣམས་ཀྱིས་པདྨ་འོད་གསལ་སྤྲུལ་སྐུ་བདེན་རྫུན་གང་ཡིན་སྐོར་ལ་བཅར་འདྲི་བྱས་པའི་ལན་དུ། ཀྲུའུ་ཝེས་ཆུང་གིས་གནད་དོན་དངོས་དེ་ལས་གཡོལ་ཏེ་ཐད་ཀར་ལེན་མ་བཏབ་པར། “བོད་ཀྱི་བླ་སྤྲུལ་རྫུན་མ་རྣམས་རྒྱ་ནག་ཏུ་ཡོང་ནས་མང་ཚོགས་མགོ་བསྐོར་གཏོང་བ་དང་། རྒྱ་ནག་ཤར་རྒྱུད་ཀྱི་ས་ཁུལ་ཁག་ནས་སྒོར་མོ་མང་པོ་བསགས་ཤིང་། ཕྱིར་བོད་དུ་འགྲོ་ནས་འགའ་ཞིག་གིས་ཁ་བྲལ་གྱི་ལས་འགུལ་སྤེལ་ཞིང་ཡོད་པ་རེད།” ཅེས་ནག་ཉེས་ཚང་མ་བོད་ཀྱི་བླ་སྤྲུལ་རྣམས་ཀྱི་མགོ་ལ་གཡོག་སྐབས། གནས་ཚུལ་དེ་ལུང་རིགས་གཉིས་ཀྱི་སྒོ་ནས་བདེན་དོན་གསལ་འབྱེད་ཀྱི་གསུང་བཤད་གནང་མཁན་མཁས་དབང་འཇམ་དཔལ་རྒྱ་མཚོ་དང་། དེ་ནས་མུ་མཐུད་དེ་ཁྲོ་བོ་རྒྱལ་མཚན། ཆོས་ལྡན།(汉名李茂) བཅས་ཁོ་ཚོས་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ་གྱི་ཆེད་དུ་བོད་ཀྱི་བླ་སྤྲུལ་རྣམས་ལ་ནག་མེད་ནག་འགེབ་བྱས་པ་དེ་དག་དག་སེལ་བྱེད་ཅིང་། ད་ལན་བླ་སྤྲུལ་རྫུན་མ་ཡོང་བའི་བྱུང་ཁུང་དང་ལོ་རྒྱུས་ལ་ཐེར་འདོན་དང་ར་སྤྲོད་གསལ་པོར་གནང་འདུག །

དངོས་གནས་བྱས་ན་ད་ལན་བོད་ཀྱི་བླ་སྤྲུལ་རྣམས་ལ་ནག་མེད་ཉེས་འགེབས་ཀྱི་ཞྭ་མོ་ནག་པོ་འདི་འདྲ་ཞིག་གཡོག་ཡོང་དུས་ཀྲུའུ་ཝེས་ཆུང་ལ་ཡིན་མིན་གྱི་བདེན་དོན་གསལ་བཤད་བྱེད་མཁན་གྱི་འོས་འགན་དེ་བོད་ཀྱི་བླ་སྤྲུལ་མཁན་གསུམ་སྐད་གྲགས་ཅན་དེ་ཚོ་ལ་ཡོད་པ་རེད། འོན་ཀྱང་བླ་སྤྲུལ་མཁན་གསུམ་ཐམས་ཅད་ཁ་དམ་བསྒྲགས་བྱེད་ནས་བཞུགས་མཁན་མ་གཏོགས་གཅིག་ཀྱང་མི་འདུག དུས་རྒྱུན་ཁོང་ཚོས་བོད་མི་མང་གི་ཐོག་ལ་རྫིག་པོ་གཏོང་ཞིང་དགེ་སྡིག་གི་ཁྲིམས་བསྒྲགས། ཉེས་ཆད་བཅད། མགོ་ལ་ཤོག་ཞྭ་བཀོན། སྐེ་བ་ཤོག་བྱང་བཏག བཀའ་ལ་མ་ཉོན་ན་ཆོས་གྲལ་ནས་ཕུད། ཤ་ཟོས་དངུལ་ཆད་བཅད་པ་སོགས་ཆོས་སྲིད་གཉིས་དང་མི་མཐུན་པའི་སྒེར་གཅོད་ཀྱིས་མི་སེར་ལ་མནར་གཅོད་གཏོང་དུས་བཤད་མཁས་པ། ཁ་གཅིག་ལས་གཅིག་བདེ་བ་ཤ་སྟག་རེད། ཁོ་ཚོས་གྲྭ་པ་མཁས་པ་ཡོད་ན་ལྟ་ལོག་ཅེས་ཕྱིར་ཕུད། མི་སེར་ལ་དགེ་བཅུའི་ཁྲིམས་ཞེས་རིག་གནས་གསར་བརྗེའི་ཁྲིམས་ཆད་དང་མཚུངས་པ་སྤྱོད། བོད་ནང་ལ་བཀའ་བཙན་སྒྲོག་མཁན་དེ་ཚོ་ད་ལན་གང་དུ་ཕྱིན་པ་རེད། ཁ་མི་གྲགས་པའི་རྒྱུ་མཚན་གང་། དངོས་གནས་བྱས་ན་ཁོ་ཚོས་དཔོན་རིགས་རྣམས་ལ་ངོ་དགའ་མ་གཏོགས་ཕོག་ཐུག་གཏོང་འདོད་མེད་པ་རེད། རང་གི་ཁེ་ཕན་ཆེད་དུ་གོང་གི་དཔོན་རིགས་ཀྱིས་མཐོང་ཆེན་ཐོབ་པ་དང་། འོག་གི་འབངས་མི་ཀྱིས་བཀའ་ལ་ཉོན་ཐབས་ཀྱི་བསམ་བློ་ཁོ་ན་རེད། དེར་བརྟེན་ད་ལན་ཁོ་ཚོ་སུས་ཀྱང་ཀྲུའུ་ཝེས་ཆུང་ལ་བདེན་དོན་རྩོད་འདོད་མེད་པའི་རྒྱུ་རྐྱེན་དེ་རེད། །

མ་གཞི་དེང་སང་སྤྱི་ཚོགས་ཐོག་བླ་མ་དང་། དཔོན་རིགས། མི་སེར་གསུམ་གྱི་འབྲེལ་བ་དེ་གྲུ་གསུམ་ཧོམ་ཁུང་འདྲ་པོ་ཞིག་ཆགས་ནས། བླ་སྤྲུལ་རྣམས་དཔོན་རིགས་ལ་ཞེད། དཔོན་རིགས་རྣམས་མི་མང་ལ་ཞེད། མི་མང་རྣམས་བླ་སྤྲུལ་ལ་ཞེད། དེ་འདྲའི་གནས་ཚུལ་གྱི་འོག་ཏུ་བླ་དཔོན་མཉམ་འབྲེལ་གྱིས་དེང་དུས་བོད་ཀྱི་ས་ཁུལ་འགའ་ཞིག་ལ་ཆོས་སྲིད་གཉིས་དང་མི་མཐུན་པའི་མི་དམངས་ལ་དོ་དམ་བྱེད་སྟངས་ཤིག་ལག་ལེན་བྱེད་ནས་མི་སེར་ལ་དཀའ་ངལ་དང་། སྤྱི་ཚོགས་བདེ་འཇགས་མེད་པའི་རྒྱུ་རྐྱེན་གཙོ་བོ་དེ་རེད་སྙམ། །

གསལ་པོར་བཤད་ན། ས་ཁུལ་ཁ་ཤས་ལ་གྲོང་དང་། ཤང་སྟེ་རིམ་པ་གཉིས་ཀྱི་སྲིད་གཞུང་དེ་ཏང་གིས་ཆོས་ལུགས་ལ་མགོ་ཁྲིད་མ་ཡིན་པ། དེ་ལས་ལྡོག་པ་ཆོས་ལུགས་ཀྱིས་ཏང་ལ་མགོ་ཁྲིད་ལྟ་བུ་ཞིག་ཆགས་ཡོད་སྟབས། ཡུལ་དེ་དག་གི་མི་སེར་ལ་དགོན་པ་རྣམས་ཀྱིས་དཀའ་ངལ་མང་པོ་ཞིག་བྱེད་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ཆགས་ཡོད་འདུག །

ལོ་རྒྱུས་ལ་ཕྱིར་མིག་གཅིག་བལྟས་ན། བོད་མི་རིགས་དང་ཆོས་ལུགས་ལ་དཀའ་ངལ་ཞིག་འཕྲད་དུས་བདེན་རྩོད་མཁན་དེ་བོད་ཀྱི་ལས་བྱེད་པ་རྒན་པ་དེ་ཚོ་མ་གཏོགས་མི་འདུག དཔེར་ན། དམར་དམག་རྒན་པ་བཀྲ་ཤིས་དབང་ཕྱུག འབའ་པ་ཕུན་ཚོགས་དབང་རྒྱལ། ཡར་གླིང་རྡོ་རྗེ། འཇམ་དཔལ་རྒྱ་མཚོ་ལྟ་བུ་རེད། བོད་ཀྱི་བླ་སྤྲུལ་མཁན་གསུམ་རྣམས་ལས་པཎ་ཆེན་རིན་པོ་ཆེ་ཕར་ཕུད་འཕྲོས་བོད་ཀྱི་བདེ་སྡུག་གི་ཆེད་དུ་བདེན་དོན་རྩོད་ལེན་བྱེད་མཁན་གྱི་བླ་སྤྲུལ་མཁན་གསུམ་ཞིག་ད་བར་མཐོང་མ་བྱུང་བ་འདི་ལའང་ང་ཚོས་ཞིབ་འཇུག་བྱ་འོས་པ་ཞིག་རེད། །

ཞེས་པ་རང་གི་རིགས་དང་རིག་གཞུང་ལ་ལྷག་བསམ་ཅན་གྱི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས་སྤྱི་ལོ་༢༠༡༥་ལོའི་ཟླ་བ་༡༢པའི་ཚེས་༢༡ཉིན། རྒྱ་ནག་པེ་ཅིང་གྲོང་གི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ནས་སྤྲིངས་སོ། །

http://mp.weixin.qq.com/s?__biz=MzA5OTQwMjA4OA==&mid=401285229&idx=1&sn=9d957681defcf127d1a5d7f533e5aa63&scene=5&srcid=1221PcZXvKoOIUsNrzQnIiIk#rd

This post is also available in: དབྱིན་ཇིའི་སྐད