གླག: མི་རིགས་རིང་ལུགས།

2015 08 25 Nationalism 2
 
 མི་རིགས་རིང་ལུགས་ཞེ་ན། ང་ཚོས་གོ ཐ་སྙད་ཉེ་དུས་ཐོན། ནང་དོན་སྔོན་ཞིག་ཡོད། འདི་ཀུན་གྱིས་གླེང་སྤྲོ་བས། ང་ཚོའི་རྒྱུན་ཤེས་ཀྱི་ཆ་ཤས་སུ་གྲུབ་ཡོད། ལྷག་པར་ཏུ། མི་མང་ཤོས་ལ་མཚོན་ན། མི་རིགས་རིང་ལུགས་ནི་ལེགས་ཉེས་ཤན་འབྱེད་པའི་ཁྲེ་ཙེ་ཞིག་དང་། ཤིན་ཏུ་ཐེར་ཟུག་གི་འདུ་ཤེས་སུ་ཆགས་འདུག །

 

 དེའི་མི་རིགས་དེ་མི་རིགས་གང་ཡིན་ཀྱང་། མི་སེམས་ལ་ཤུགས་དྲག་པོའི་བརྩེ་དུང་སྣོན། དེར་བདེན་རྫུན། བླང་དོར། བཟང་ངན། ཡིན་མིན་གོ་ཕྱེ་བའི་ནུས་སྟོབས་ཧ་ལས་པ་ཞིག་ཡོད། ནུས་སྟོབས་དེས་མི་སེམས་ལ་ཚད་གྲུབ་དང་ལངས་ཕྱོགས་བཅའ་ཞིང་། ལངས་ཕྱོགས་དེས་ང་ཁྱོད”ང”རུ་བསྒྱུར་དུས་དང་། ང་ཁྱོད་ཕྱེ་སྟེ། ཁྱོད”ང”འི་ཁྲོད་ནས་ཕར་བསལ་དུས་ཀྱང་གཅིག་མིན་དུ་མ་འབྱུང་། །

 

 ཉེ་བའི་རྒྱའི་ལོ་རྒྱུས་ལ་དཔེ་བཞག་ན། གོ་གུང་གཉིས་ཅིའི་ཕྱིར་གཅིག་ཏུ་མཐུན་ཀྱང་སླར་ཡང་ཁ་གཏད་དུ་ལངས་པ་ཡིན་ནམ།བསམ་ཞིང་བསམ་ན། ཁོ་ཚོ་གཅིག་ནས་གཉིས་དང་། གཉིས་ནས་གཅིག སླར་ཡང་གཅིག་ནས་གཉིས་སུ་གྱེས་པའི་རྒྱུ་རྐྱེན་ནི། མཐར་དེད་ན་མི་རིགས་རིང་ལུགས་རེད། ཡང་ན། གོ་གུང་མཉམ་འབྲེལ་བྱེད་ཐུབ་དོན་མི་རིགས་རིང་ལུགས་རེད་ལ། གོ་གུང་ཁ་ཁར་འགྲོ་དོན་ཀྱང་མི་རིགས་རིང་ལུགས་རེད། མའོ་ཙེ་ཏུང་ཀྲུང་གོའི་ཆེད་དུ་རེད་ལ། ཅང་ཅེ་ཧྲིའང་ཀྲུང་གོའི་ཆེད་དུ་རེད། དེ་བས། མི་རིགས་རིང་ལུགས་ལ་དུམ་བུ་མཐུད་པའི་ཤེད་ཡོད་པ་མ་ཟད། ཧྲིལ་བོ་བརླག་པའི་རྩལ་ཀྱང་ཡོད་པ་རེད། །

 

ཉེ་བའི་རང་རེའི་ལོ་རྒྱུས་ལ་རོབ་བལྟས་ན། གླང་དར་གྱིས་ཆོས་བསྣུབས་པ་བོད་ཀྱི་ཆེད་དུ་རེད་ལ། ལྷ་དཔལ་གྱིས་གླིང་དར་བཀུམས་དོན་ཀྱང་བོད་ཀྱི་ཆེད་དུ་མ་ཡིན་ནམ། ས་པཎ་གྱིས་ཧོར་ལ་མགོ་ཕུལ་བ་བོད་ཀྱི་ཆེད་དུ་རེད་ལ། དགའ་ལྡན་ཕོ་བྲང་གིས་སོག་དམག་བོད་ལ་དྲངས་དོན་ཀྱང་བོད་ཀྱི་ཆེད་དུ་མ་ཡིན་ནམ།དིས་ཆིང་པ་ཐུར་བསྒྲལ་པ་བོད་ཀྱི་ཆེད་དུ་རེད་ལ། ང་ལུམ་སྦྱར་གསུམ་སྒྲོལ་དོན་ཀྱང་བོད་ཀྱི་ཆེད་དུ་རེད། ལུང་ཤར་གྱི་མིག་ཟུང་སར་ལྷུང་བ་བོད་ཀྱི་ཆེད་དུ་རེད་ལ། རྭ་སྒྲེང་གིས་ལུང་ཤར་གྱི་མིག་གཉིས་རྩ་ནས་བྲེགས་དོན་ཀྱང་བོད་ཀྱི་ཆེད་དུ་མ་ཡིན་ནམ། འབའ་ཕུན་གྱིས་དམར་དམག་གི་རུ་སྣ་བོད་ལ་དྲངས་པ་བོད་ཀྱི་ཆེད་དུ་རེད་ལ། སྟག་བྲག་གིས་དེར་ངོ་རྒོལ་དོན་ཀྱང་བོད་ཀྱི་ཆེད་དུ་མ་ཡིན་ནམ། ཐ་ན། གསེར་རྟའི་དགེ་བཅུའི་སྲོལ་ཟེར་བ་བོད་ཀྱི་ཆེད་དུ་རེད་ལ། ཨ་མདོ་བ་བོད་མ་ཡིན་པར་བསྒྲུབ་མཁན་དེས་ཀྱང་བོད་ཀྱི་ཆེད་དུ་མ་ཡིན་ནམ། འོ་ན་བོད་ཅེས་པ་སུ་རེད།

 

 བོད་ཅེས་པ་ཐ་སྙད་ཅིག་རེད། ཐ་སྙད་འདི་སྒམ་ཆུང་ཞིག་ཡིན་པའི་དབང་དུ་བཏང་ན། དེའི་ནང་གང་ཡང་བླུགས་རྐྱང་རེད། དཔེར་ན། ང་ཁྱོད་སུ་ལའང་སངས་རྒྱས་ཞེས་མིང་གདག་ཆོག་པ་བཞིན། ལོ་རྒྱུས་ཀྱི་དུས་ཚིགས་མི་འདྲ་བའི་ནང་། སྒམ་ཆུང་འདིའི་ནང་བླུགས་པའི་ནོམ་པ་མི་འདྲ་ཡང་མིང་ལ་བོད་རེད།སྒམ་ཆུང་འདི་བསྐྱེད་ན་སྐྱེད་རྒྱུ་ཡོད་པ་ཞིག་དང་། བརྐུམ་ན་རྐུམ་རྒྱུ་ཡོད་པ་ཞིག་རེད། ལན་རེར་འདིའི་ནང་མང་པོ་ཤོང་ཞིང་། སྐབས་རེར་ཉུང་ངུ་ལས་མིན། ཡིན་ནའང་། སྒམ་ཆུང་འདི་དང་ནམ་ཡང་བྲལ་མ་མྱོང་བ་ནི། མི་རེ་གཉིས་ཀྱི། ཚོགས་པ་གང་རུང་གི བློ་གྲོས་དང་ཁེ་ཕན་རེད། དེ་བས་མི་ཚོགས་ཐ་སྙད་དམ་མིང་གིས་བསླུས་ཤིང་། དེས་མགོ་བསྐོར། དེའི་གཟུ་ལུམ་ཏུ་ཡོངས་སུ་ཚུད། ཁོ་ཚོས་བོད་ཀྱི་ཆེད་དུ་ཞེས་པ་ཙམ་ནས་སྙིང་རྗེ་རྐྱང་དང་། བསྟན་སྲིད་ཀྱི་དགྲ་བོ་ཞེས་པ་ཙམ་ནས་འཛིང་རྐྱང་བྱེད་པས་ན། འདས་པའི་ལོ་རྒྱུས་ནི་ཆུ་སྣ་གར་ཁྲིད་དང་།ཡོག་མགོ་ཡོག་བསྒྱུར་གྱིས་འཁོར་བ་མང་ཞིང་། རལ་གྲི་སོ་གཉིས་ལྟ་བུའི་མི་རིགས་རིང་ལུགས་ཀྱིས་དྲང་ལྡོག་གཉིས་ཀྱི་ནུས་པ་ཐོན་ཡོད་པ་རེད།

 

གང་ལྟར། དེང་གི་དུས་འདིར། བླ་སྤྲུལ་སྐྱ་སེར་སུ་ཡིན་ཀྱང་། དེའི་ཁྲོད་བོད་ཀྱི་ཆེད་དུ་འདི་བྱ་དགོས་དེ་བྱེད་དགོས་ཞེས་བཀོད་པ་འཇོག་མི་དང་། འདི་བྱ་མི་རུང་དེ་བྱེད་མི་ཆོག་ཅེས་འགྲིག་བཅའ་མི། དེ་མ་ཟད། བོད་ཀྱི་ཆེད་དུ་འདི་བཅོམ་ནས་དེ་བཙུགས་ཡོད་ཅེས་ངོམས་མཁན། བོད་ཀྱི་ཆེད་དུ་གསོན་དགོས་སམ་ཤི་ཐུབ། ཡང་ན་བོད་ཀྱི་ཆེད་དུ་འདི་སྐྱོངས་ལ་དེར་གནོད་ཅིག་ཅེས་ཇུས་འཐེན་མཁན། བོད་ཀྱི་ཆེད་དུ་ཅིག་ཅིག་ཉིག་ཉིག་སོགས་གཅིག་གིས་གཅིག་ལ་འགྲན་པའི་ཚུལ་རེད། འོ་ན་ཉིད་ཀྱིས་དེའི་ཆེད་དུ་ཟེར་སའི་བོད་དེ་དོན་དམ་སུ་རེད་དམ། ཞིབ་ཏུ་སོམས་དང་། ཁྱོད་རང་གི་ཁེ་ཕན་ཉི་ཚེ་བའི་ཚབ་ཚིག་གམ།ཁྱོད་རང་ཐེ་བའི་གྲུབ་མཐའ་གང་དེའི་ཚབ་ཚིག་གམ། ཁྱོད་རང་སྐྱེ་སའི་ཡུལ་ལུང་གང་དེའི་ཚབ་ཚིག་གམ། མདོར་ན། བོད་ཅེས་པ་ཁྱོད་རང་ཉིད་མིན་ནམ།མིན་ན། ཁྱེད་གི་སྡེ་བ་ཨེ་རེད། ཧི་ཧི་མི་རིགས་རིང་ལུགས་པ་ཚོ།

 

 གང་ཞིག མི་རིགས་རིང་ལུགས་ཟེར་ན་སྤྲོ་མཁན་མང་། ལ་ལས་དེ་དགོས་སམ་མི་དགོས་ཞེས་ཀྱང་དྲི། ཤིན་ཏུ་མགོ་མ་ཚོས་པའི་དྲི་བ་ཞིག་སྟེ། དེ་དགོས་མི་དགོས་མིན་པར་དེ་ཡོད་པ་ཞིག་རེད། དེ་བས། ལ་ལས་མི་རིགས་རིང་ལུགས་ཀྱི་དར་འཕྱར་ཏེ། རང་གིས་བཞག་པའི་བདེན་པ་ཙམ་ཞིག་བདེན་པ་མཐར་ཐུག་ཏུ་ཁས་བླངས་ནས། དེ་དེའི་སྒུལ་མེད་ཀྱི་ནང་སྙིང་ལྟ་བུར་འཐས་པར་འཛིན།ཡང་ལ་ལས། བོད་ཅེས་པའམ། བསྟན་སྲིད་དམ། འགྲོ་བའི་དོན་ཞེས།ངག་ལ་དེ་ག་ཙམ་ཞིག་ཁྱེར་ཏེ།དོན་དུ་རང་གིས་གང་འདོད་པ་དེ་ཉིད་བསྒྲུབ་པར་བྱེད་པས། བོད་ཅེས་པའི་ཐ་སྙད་ཁེ་ཕན་ཚོགས་པ་མི་འདྲ་བས་ལག་ཆ་ཁོ་ནར་གྱུར། དོན་ཏུ། མི་རིགས་རིང་ལུགས་ནི་ནག་པོ་དགུ་འཛོམས་ཤིག་མིན་ནའང་། བཟང་བོ་ཀུན་ལྡན་ཞིག་ཀྱང་མིན་པས། ང་ཚོས་མི་རིགས་རིང་ལུགས་དྲན་པ་དང་མཉམ་དུ། འཛམ་གླིང་ཐོག་གཞི་རྒྱ་ཆེས་ཆེ་བའི་མི་རིགས་རིང་ལུགས་པ་དྲན་དགོས་ཤིང་། དེའི་འཐུས་ཚབ་ཏུ་སོང་བའི་རྒྱལ་ཁབ་སྤྱི་ཚོགས་རིང་ལུགས་དྲན་དགོས་ཤིང་། དེའི་བྱེད་པོ་ནི་ཤུ་ཐི་ལུ་ཡིན་པའང་བརྗེད་མི་རུང་ངོ་། །

 

                       2015.4.15ཉིན།  ཁྲིན་ཏུའུ 

http://korawa.com/index.php?c=content&a=show&id=163

 

Leave a Comment

Your email address will not be published. Required fields are marked *

*