བོད་ལ་མི་མཁོ་བ་འགའ། དུང་དཀར་ཡོན་ཏན་རྒྱ་མཚོས་བརྩམས།

༄༅།།བོད་ལ་མི་མཁོ་བ་འགའ།
ཅོ་ནེ། དུང་དཀར་ཡོན་ཏན་རྒྱ་མཚོ།


དང་པོ། མང་དང་དགོན་གྲོང་ལ་མི་ཕན་པའི་སྤྲུལ་སྐུ་མི་དགོས།

དཔེར་ན། དམ་ཚིག་ཉམས་པ་དང་ཆོས་ཀྱི་ཡོན་ཏན་གྱིས་མི་ཕྱུག་པ། ལྷག་པར་དུ་བསྟན་པ་དང་འགྲོ་དོན་མི་སྒྲུབ་པའི་སྐུ་སྐྱེས་ཀྱི་མིང་འཛིན་མཁན་དག་ནི་བོད་མི་རིགས་ཀྱི་བསྟན་པ་དང་དཔལ་འབྱོར་གང་ལའང་གནོད་འཚབ་ཧ་ཅང་ཆེ་བས་དེ་དག་ནི་མང་ཚོགས་ཀྱིས་ངོས་ཟིན་པར་བྱས་ལ་རྨོངས་དད་དང་ཕྱོགས་རིས། ཧམ་སེམས་དང་སྒེར་སེམས་ཀྱི་ཆེད་དུ་མ་ཡིན་པར་སྙིགས་དོར་བཅུད་ལེན་བྱེད་དགོས་པ་རེད།

གཉིས་པ། རིགས་ཀྱི་འདུ་ཤེས་མེད་པའི་ལས་བྱེད་མི་དགོས།

ཁྱེད་ཚོ་ནི་རིགས་དང་རུས་རྒྱུད་ལྡན་ཞིང་ཕ་སྐད་དང་ཕ་ཡིག་ལྡན་པ། ཆོས་དང་རིགས་གནས་ལྡན་ཞིང་ལོ་རྒྱུས་དང་ས་གཞི་མངའ་བའི་མི་རིགས་ཤིག་གི་བུ་རྒྱུད་ཡིན་པས་ན། ཁྱེད་ཚོས་རང་གི་ཤ་རུས་ཟུངས་ཁྲག་གི་རྒྱུན་གཅིག་པའི་སྤུན་ཟླ་ལ་ཕན་མི་ཐོག་རུང་གནོད་མ་སྐྱེལ་ན་བཟང་། དེ་མིན་མི་རིགས་རང་གི་ལས་བྱེད་པ་ཁ་ཁེར་གྱིས་ཕྱི་དགྲ་ནང་དུ་བསུས་ནས་ས་ཆུ་གཞན་ལ་སྤྲོད་པ། ནང་བཅུད་ལྐོག་ཏུ་དྲུས་ནས་མི་རིགས་སྟོང་བར་ཕུད་པའི་དཔལ་འབྱོར་གྱི་དགྲ་བོ། ད་དུང་བུ་ཕྲུག་གཞན་ལག་ཏུ་བཞག་ནས་ཁ་ལྕེས་ཕ་སྐད་དང་ཕ་ཡིག་མི་ཤོད་པའི་རིག་གནས་ཀྱི་དགྲ་བོ། མི་རིགས་ཀྱི་སློབ་གསོ་དང་ཁྲིམས་ལུགས་ཀྱི་དགོས་དོན་མི་རྟོགས་པའི་མི་རིགས་འཕེལ་རྒྱས་ཀྱི་གདོན་འདྲེ། འདིའི་རིགས་ནི་རྒྱལ་ཁབ་དང་མི་རིགས་ལ་མཁོ་དོན་མེད་པས་ང་ཚོས་དུས་ནམ་ཡང་མི་རིགས་དང་རྒྱལ་ཁབ་ལ་ཕན་ཞིང་ཕ་སྐད་དང་ཕ་ཡིག་ལ་དུང་བའི་ལས་བྱེད་པ་ངོ་མ་ཞིག་གསོ་སྐྱོང་བྱེད་དགོས།

གསུམ་པ། བོད་སྐད་ཡིག་གི་འཛིན་གྲྭ་མེད་པའི་བོད་རིགས་ས་ཁུལ་གྱི་སློབ་གྲྭ་མི་དགོས།

དེ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་རང་སྐྱོང་ས་ཁུལ་གྱི་སྲོལ་ཡིག་དང་མི་མཐུན་ཞིང་། ལྷག་པར་དུ་ཀྲུང་ཧྭའི་རིག་གནས་སྲུང་སྐྱོབ་དང་སྐད་ཡིག་མྱུར་སྐྱོབ་ཀྱི་ལུགས་དང་ཡང་མི་མཐུན། དེ་ནི་མི་རིགས་ཤིག་ལ་མཚོན་ན། དགོས་མཁོ་མེད་པ་དང་འདུན་སྐྱོད་བྱེད་མི་ཐུབ་པའི་མི་རིགས་སྟོང་འགྱུར་གྱི་གཡུལ་ས་ཞིག་རེད། དེ་བས་ང་ཚོས་མང་ཚོགས་དང་ཤེས་ཡོན་པའི་གོ་རྟོགས་སེལ་བར་བྱས་ལ་ཁྲིམས་ལུགས་དང་རྒྱལ་གཅེས་ཆོས་གཅེས། རྒྱལ་ཁབ་ལ་དགའ་ཞེན། མི་རིགས་ལ་དགའ་ཞེན། རིགས་གནས་ལ་དགའ་ཞེན་སོགས་ཀྱི་བསམ་བློའི་རྒྱུན་ཤེས་དེ་ལེགས་པར་ཤེས་གལ་ཆེ། དེ་མིན་མདོར་རྩ་དང་གྲུབ་འབྲས་སྙིང་བོ་མེད་པའི་སློབ་གླིང་ཞིག་ནས་མི་རབས་ཕྱི་མའི་མི་ཚེ་ས་རྡུལ་དུ་མ་བསྲེས་རོགས་ཞུ། ཕ་སྐད་དང་ཕ་ཡིག་མེད་པའི་སློབ་གྲྭ་ནི་ལེགས་པར་བཤད་ན་སློབ་གྲྭ་ཙམ་དང་དོན་དམ་པར་བཤད་ན་མི་རིགས་ཀྱི་སྐད་ཡིག་དང་མི་རིགས་ཀྱི་རིགས་རྒྱུད་རྩ་མེད་གཏོང་སའི་གཡུལ་ས་ཁོ་ན་དེ་འོ།།

བཞི་བ། ཡུལ་དུས་དང་མི་མཚམས་པའི་ནང་ཁྲིམས་མི་དགོས་པ།

གནའ་དེང་གང་ལ་ཡང་ཆོས་སྲིད་གང་ཅིའི་ཐད་དང་ཁྲིམས་ཀྱི་རིགས་ཧ་ཅང་མང་མོད། དེ་ནི་གཙོ་བོ་དེ་ཡུལ་དུས་དང་མཐུན་མིན་ལྟ་བ་ལས། ཕྱོགས་རིས་དང་དད་ཞེན་གྱི་དབང་དུ་སོང་ནས་མི་རིགས་ཀྱི་ཡུལ་དུས་དང་མཚམས་མིན་ལ་མ་བལྟས་པར་བཀའ་དང་བཙན་གྱིས་ཁྲིམས་བཅའ་བ་ནི་སྒེར་བདག་རང་ལུགས་པའི་ཁོངས་སུ་གཏོགས་པས་དེས་ན་སྤྱི་ལ་ཕན་མི་ཐོགས་པ་རེད། གསར་དུ་བཅའ་དགོས་པའང་ཡུལ་དུས་དང་མཐུན་པ་ཡིན་ན་དེ་ནི་རང་རྟོགས་རང་སེལ་དང་མ་སྐུལ་དང་བླངས་བྱེད་དགོས་པ་ལས་སྙན་གྲགས་དང་ཕྲག་དོག་གི་དབང་དུ་སོང་ནས་རྒྱབ་སྐྱོར་དང་རོགས་རམ་མི་བྱེད་པར་མ་ཟད་ངན་སྨྲས་དང་བཀག་འགོག་བྱེད་པ་ནི་གཏན་ནས་མི་རིགས་སོ། ལྷག་པར་དུ་སྔོན་ནས་ཡོད་པ་ནི་དད་ཞེན་དང་ཕྱོགས་རིས་ཀྱིས་ཨུ་ཚུགས་མི་བྱེད་པ་དང་གསར་དུ་ཐོན་ཞིང་ཕན་འབྲས་ལྡན་པ་ནི་གཡང་རོང་དུ་མི་གཡུག་པ་དེ་རེད།
http://mp.weixin.qq.com/s?__biz=MzA4NjQ5MDczNA%3D%3D&mid=402443952&idx=1&sn=469d1d6ec955b295b6ca4afb1c71b7f9&scene=2&srcid=0119Q8mFcfs6i9RVsFndTOX5&from=timeline&isappinstalled=0#wechat_redirect

Leave a Comment

Your email address will not be published. Required fields are marked *

*