དགེ་བཅུའི་ཁྲིམས་སྲོལ་སྐོར་གྱི་བསམ་ཚུལ། མཁན་པོ་པད་མ་ཚེ་རིང་།

2015 12 14 Reflection on the So-Called Ten-Virtues
དེ་ཡང་ཉེ་བའི་ལོ་ཤས་ནང་རང་རེའི་སེར་མོ་བའི་དཔུང་ཁག་མང་པོས་སྒེར་གཅོད་ཀྱི་བསམ་པས་བོད་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་དཔལ་འབྱོར་གནས་བབ་དང་འཚོ་གནས་ཀྱི་འདོད་མོས་ལ་རྩིས་མེད་རྡོག་རོལ་ངང་།
དགེ་བཅུའི་ཁྲིམས་སྲོལ་ལ་མིང་རྟགས་བཀོད་དུ་འཇུག་པའི་ལྐུགས་པ་ཨུ་ཚུགས་ཀྱིས་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་མཐོང་དུས་དེ་དག་ལ་དུས་རབས་དང་སྤྱི་ཚོགས་ཀྱི་འཕེལ་རིམ་དང་འཚམས་པའི་གཏམ་ལན་ཞིག་མི་སྨྲ་ཐབས་མེད་བྱུང་།དེ་ཡང་དགེ་བཅུའི་སྲོལ་ནི་ནང་ཆོས་དངོས་སུ་བོད་ཡུལ་དུ་མ་དར་བའི་གོང་ནས་བཙན་པོ་སྲོང་བཙན་སྐབས་བོད་ཡུལ་དུ་དར་བའི་ཅུང་ཟད་ཆ་ཚང་བའི་མི་ཆོས་ཀྱི་སློབ་གསོ་ཞིག་ཡིན་ལ་སྐབས་དེ་དུས་ནས་བཙན་དབང་གི་མིང་རྟགས་བཀོད་དུ་འཇུག་པ་དང་། དེ་ལས་འགལ་ན་ཆད་པ་ནན་པོ་གཅོད་པ་སོགས་མཛད་མྱོང་མེད་ལ། ལར་སྟོན་པ་སངས་རྒྱས་ཀྱི་ཆོས་ལུགས་ནང་རྒྱ་ཆེའི་མང་ཚོགས་རང་རང་དད་མོས་ཡོད་ལུགས་ལ་མི་བལྟོས་པར་འཇིགས་བསྐུལ་གྱི་ཐབས་ལམ་སྣ་ཚོགས་ནས་དེ་ལྟར་མིང་རྟགས་འགོད་པའི་ལམ་ལུགས་དེ་རིགས་བྱུང་མྱོང་མེད། དགེ་བཅུའི་ཁྲིམས་སྲོལ་ཚོགས་པའི་རྗེས་འབྲངས་པ་ཚོས་མང་ཚོགས་ལ་དོན་དམ་མི་ཆོས་ཀྱི་སློབ་གསོ་དང་རང་རང་དད་མོས་བཞིན་ནང་ཆོས་ཀྱི་ལྟ་སྒྲུབ་གཙང་མ་རྒྱུད་སྤེལ་ཡོང་ཐབས་སུ་བརྩོན་ལེན་མ་མཛད་པར་ཁོ་པ་ཚོས་འཇིགས་བསྐུལ་གྱི་བྱ་ཐབས་ཏེ། དགེ་བཅུའི་ཁྲིམས་སྲོལ་ལ་མིང་རྟགས་མ་བཀོད་ན་རྗེས་སུ་དགོན་པ་དང་འབྲེལ་བ་གཅོད་དགོས་ལུགས།ད་དུང་མ་འོངས་པར་ཁྱིམ་ཚང་དེ་དག་གི་གཤིན་གསོན་རིམ་འགྲོ་ཅི་འདྲ་མཛད་དགོས་ཀྱང་དགོན་པས་སྒྲུབ་ཀྱི་མིན་ལུགས་སོགས་ཀྱི་ཐབས་ལམ་ངང་མང་ཚོགས་རྣམས་བཙན་གྱིས་ལམ་བུ་དེ་དག་ལ་འཁྲིད་བཞིན་ཡོད། གོང་གསལ་གྱི་དགེ་བཅུའི་ཁྲིམས་སྲོལ་ནང་ རྐུ་ཇག་དང་ ཁམས་ཁུལ་གྱི་སྲོལ་ངན་མི་གསོད་ཤ་ལན་ལེན་པ་སོགས་བཀག་སྡོམ་མཛད་ཐབས་དེ་རིགས་ནི་རང་རིགས་ཀྱི་འཕྲལ་ཕུགས་ཀུན་ལ་ཕན་པའི་སློབ་གསོ་ཞིག་ཡིན། འོན་ཀྱང་བོད་ཡུལ་གྱི་རྒྱ་ཆེའི་མང་ཚོགས་གསུམ་ཆ་གཉིས་ཙམ་ནི་འབྲོག་ལས་དོན་དུ་གཉེར་བཞིན་ཡོད་ལ་འབྲོག་ཁུལ་མང་པོར་སྲོག་གཅོད་སྤོང་དགོས་ཞེས་བཙན་བཀག་བྱས་སྟབས་འབྲོག་པ་མང་པོས་རང་ཉིད་ཀྱི་སེམས་ཅན་གསོད་མི་ནུས་པར་འཚོ་བའི་དགོས་མཁོ་ཤ་རིགས་རྣམས་ཕྱི་ཕྱོགས་ཀྱི་རྒྱ་མི་དང་ཁ ཆེའི་ལག་གི་རིན་གོང་ཆེ་ལ་རྫས་འགྱུར་བྱ་ཐབས་སྣ་ཚོགས་ལས་གསོ་ཚགས་བྱས་པའི་ཤ་རིགས་རྫུན་མ་དེ་དག་ཉོ་དགོས་བྱུང་སྟབས་གནས་སྐབས་ཀྱི་དཔལ་འབྱོར་དང་བདེ་ཐང་ལ་ཡང་གནོད་སྐྱོན་ཆེན་པོ་ཡོང་གི་ཡོད། སྤྱིར་འགྲོ་བ་མིའི་རིགས་ལ་དོན་དམ་སེམས་ཁམས་སློབ་གསོ་རྒྱབ་ཏེ་དཀར་ཟས་ཀྱི་ལམ་ལ་ཕེབས་ཐུབ་ན་དེ་ནི་དོན་སྙིང་ལྡན་པའི་འཚེ་མེད་ཀྱི་བྱ་བ་རླབས་ཆེན་ཞིག་ཡིན་པ་སྨྲོས་མི་དགོས། རེད་དེ་ས་མཐོའི་ཚལ་རིགས་དང་ཤིང་འབྲས་ཉུང་བའི་འབྲོག་ཁུལ་ནང་རང་རང་གི་ལུས་པོའི་བདེ་ཐང་དགོས་མཁོར་གཞིགས་ཏེ་ཤ་མཆོད་མཁན་ཡང་གཏན་གཏན་མང་པོ་ཡོད། དེ་ཚོར་རང་ཉིད་ཀྱིས་བདག་ཉར་བྱས་པའི་སེམས་ཅན་གྱི་ཤ་ཟ་བའི་དབང་ཆ་མེད་ལ། རང་ལ་དགོས་པའི་ཤ་དེ་ཚོ་ཁྲོམ་རྭའི་ཐོག་ནས་རིན་གོང་མཐོ་པོ་སྤྲད་དེ་ཉོ་དགོས་པའི་ལམ་བུ་འདི་ནི་ཅི་འདྲའི་ཐབས་སྐྱོ་པོ་གཅིག་མ་ཡིན་ནམ། འབྲི་གཡག་དང་ར་ལུག་ཡོད་ཚད་སྲོག་བསླུ་བཏང་སྟེ་སྐྱེ་སྒོ་མ་བཀག་ན་གྲངས་འབོར་ཚད་མེད་འཕེལ་ཏེ་རྩ་ཐང་དང་འབྱུང་ཁམས་ལ་གཏོར་བཤིག་ཕོག་སྟེ་མཐར་སྲོག་ཆགས་ཡོད་ཚད་འཚོ་ཐབས་མེད་པའི་ས་རྒྱུ་བྱེ་ཐང་ཅན་དུ་འགྱུར་ངེས་་ཡིན་པ་ཚན་རིག་མཁས་པས་གཅིག་མིན་དུ་མར་གླེང་བཞིན་ཡོད་ལ་ ལྷག་དོན་ བོད་ཡུལ་དུ་ཆར་ཆུ་ཉུང་བས་གནམ་གཤིས་ལོ་རེར་ཚ་དྲོད་ཇེ་ཆེར་འཕེལ་བས་ གངས་འཁྱགས་མང་པོ་ཞུར་བ་དང་ ས་རྒྱུ་སྐམ་ཤས་ཇེ་ཆེར་འགྱུར་ཏེ་ སྔོ་ལྗང་གི་སྐྱེ་དངོས་ལོ་རེ་བཞིན་ཇེ་ཉུང་ངང་ས་རྒྱུ་བྱེ་ཐང་གི་རྣམ་པ་མངོན་དང་མངོན་མུས་ཡིན། ཡང་འབྲི་གཡག་སོགས་སྲོག་ཆགས་དེ་དག་གི་སྐྱེ་སྒོ་བཀག་ན་མཐར་གྲངས་འབོར་ཇེ་ཉུང་ངང་བརྒྱུད་པ་ཡང་གཏོངས་ཉེན་ཡོད། རང་བྱུང
་ཁམས་ཀྱི་སྐྱེ་ཁམས་དོ་མཉམ་གནས་ལུགས་དང་ སྐྱེ་ཁམས་ཚད་མཐུན་འཕེལ་གྲིབ་སོགས་ལ་མ་བསམ་པར་ ཤེས་རབ་མེད་པའི་སྙིང་རྗེས་ཙམ་གྱིས་ནི་མཐར་བོད་ཡུལ་རྒུད་པའི་རྒུད་པར་ལྷུང་ངེས་ཡིན། ཁ་ཚ་དགོས་གཏུགས་འགྲོ་བ་མི་ལ་དགོས་པའི་མི་ཆོས་གཙང་མའི་སློབ་གསོ་དང་འབྲོག་ཁུལ་གྱི་ཆེས་རྗེས་ལུས་ཀྱི་ལྟ་བ་ཕོ་མཆོག་མོ་དམན་ངང་བུད་མེད་མང་པོར་ཕ་འདི་ཡིན་འདི་མིན་གྱི་བྱིས་ཕྲུག་མང་པོ་བཟོས་ཏེ་དོན་དམ་འདྲ་མཉམ་འཚོ་བ་མེད་ལ་ མི་ཚེ་སྡུག་བསྔལ་ངང་རྫོགས་འགྲོ་བའི་གནས་ཚུལ་དེ་ཚོ་ཐག་གཅོད་དང་ཡིག་རྨོངས་འབྲོག་པའི་ས་ཁུལ་གྱི་སློབ་གསོའི་བྱ་བར་མཐོང་ཆེན། འབྲོག་ཁུལ་དུ་འབྱུང་ཁམས་བདག་སྐྱོང་གི་ལྟ་བ་གོང་སྤེལ་སོགས་མ་མཛད་པར་སྒེར་གཅོད་ཀྱི་དབང་འཛིན་རིང་ལུགས་ཐབས་ལམ་དེ་དག་མུ་མཐུད་དམ་འཛིན་བྱེད་བཞིན་པ་ཅི་འདྲའི་ཐབས་སྡག་ཅིག་རེད་ཨང་། གཅིག་བྱས་ན་དགེ་བཅུའི་ཁྲིམས་སྲོལ་ཚོགས་པའི་ཁོངས་མི་ཁོ་རང་ཚོ་ཡང་ཤ་གཟན་ཞིག་ཡིན་མི་སྲིད་པའི་ངེས་པ་མེད་ལ་མི་དེ་ཚོའི་རིགས་ཀྱི་རང་ཉིད་ཀྱི་འཚོ་ཐབས་ཡོང་ཁུངས་ལ་བསམ་གཞིགས་ཏིལ་འབྲུ་ཙམ་ཡང་མེད་པར་མང་ཚོགས་ཀྱི་འཚོ་བར་གཉའ་གནོན་བྱེད་བཞིན་པ་དགོད་རེ་བྲོ། རང་རེའི་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་བབ་དང་རང་ཉིད་ཁྱིམ་པ་ཞིག་དང་བུ་ཕྲུག་མང་པོ་གསོ་མཁན་གྱི་ཕ་མ་ཞིག་ཡིན་ན་ཁྱེད་རྣམས་ནས་གདམ་ག་ཇི་ལྟར་བྱེད་རྩིས་ཡོད། གནས་ཚུལ་གང་འདྲ་ཞིག་ཡིན་ཡང་མི་བསྡད་སར་རང་ཉིད་བསྡད་དེ་བསམ་གཞིགས་བྱས་ན་དོན་དངོས་ཀྱི་གསང་བ་རྟོགས་ཡོང་གི་རེད། བྱས་ཙང་སྒེར་གཅོད་ཀྱི་ལྟ་བ་དེ་དག་ཐལ་ཆ་ཆེ་དྲག་མི་ཉན་ལ་ཆོས་པ་རང་ཉིད་ཀྱི་འཚོ་བའི་ཡོང་ཁུངས་ལ་བསམ་གཞིགས་མང་ཙམ་མཛད་དེ་བྱ་བ་རྩོམ་རྒྱུ་གལ་འགངས་ཤིན་ཏུ་ཆེ་ལ། ཆོས་པ་དང་འཇིག་རྟེན་ཁྱིམ་པའི་འཚོ་ཐབས་གཅིག་པ་མིན་ལ་ ཆོས་པ་དང་འཇིག་རྟེན་ཁྱིམ་པར་ངོ་སྤྲོད་ཀྱི་ཆོས་ལུགས་སློབ་གསོའི་ཐབས་ལམ་ཡང་གཅིག་པ་ཡིན་མི་སྲིད་དེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཏེ་ཡོད་ཚད་གཞན་བརྟེན་གྱི་འཚོ་བ་རོལ་མཁན་དང་། ཁྱིམ་ས་བཟུང་སྟེ་རང་གི་ལག་གཉིས་ལ་བརྟེན་ནས་ངལ་རྩོལ་སྣ་ཚོགས་ཀྱི་དཀའ་ངལ་ངང་ འཇིག་རྟེན་འཚོ་གནས་ལ་འབད་བརྩོན་དང་སྲི་ཞུ་སྒྲུབ་མཁན་གྱི་བོད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་གཉིས་ཀྱི་འཚོ་བའི་ཐབས་ལམ་ཡང་གཅིག་པ་མིན་པསོ།།

གཡོ་རུ་གྲ་རུ་ལྟེ་ཁྲག་འཕོས་པའི་སྨྱུག་མིང་འཛིན་པ་ པད་མ་དམར་པོའམ་ཐ་སྙད་རིག་པའི་བཏགས་མིང་མཁན་པད་མ་ཚེ་རིང་དུ་འབོད་པས་ལྷག་བསམ་ཞིག་གིས་བསྐུལ་ཏེ་ལྷ་ས་གྲོང་ཁྱེར་ནས་ཤར་མར་བྲིས།། །།
 

དགེ་བཅུའི་ཁྲིམས་སྲོལ་སྐོར་གྱི་བསམ་ཚུལ། མཁན་པོ་པད་མ་ཚེ་རིང་།

http://mp.weixin.qq.com/s?__biz=MjM5Njc0NDcwMQ==&mid=219584545&idx=1&sn=9314e2a3b75990a6a78ce5fb673b56ba&scene=1&from=singlemessage&isappinstalled=0#rd

Leave a Comment

Your email address will not be published. Required fields are marked *

*