ཞོགས་ལྗང་། འགལ་བ་དང་འདུམ་པ།

2014 09 01 Shokjang 1

ཞོགས་ལྗང་།

འགལ་བ་དང་འདུམ་པ།
____ལིའུ་ཅུན་ཉིང་ལགས་ལ་བསམ་ཚུལ་ཙམ་བཏོན་པ།
ཞོགས་ལྗང་།

 

2014 09 01 Shokjang 2

ལིའུ་ཅུན་ཉིང་།

     “ཁུན་མིང་དོན་རྐྱེན་ལས་མི་རིགས་ས་ཁོངས་རང་སྐྱོང་གི་སྲིད་ཇུས་ལ་ཕྱིར་རྟོག་བྱེད་པ”ཞེས་པ་དེ་ནི་བརྩམས་ཆོས་ལེགས་པོ་ཞིག་ཡིན་པར་ང་རང་ཡིད་ཆེས་བརྟན་པོ་ཡོད། དེ་བཞིན་དུ། ཁྱེད་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་སྐོར་ལ་བཏོན་པའི་ལྟ་ཚུལ་དེ་ཡང་མཱ་རུང་ལགས་དང་ཡེ་ནས་འདྲ་ཡི་མེད་པ་གསལ་བོར་མཐོང་། ཡིན་ནའང་། ད་ལྟ་བོད་ནང་གི་ཤེས་ལྡན་མི་སྣ་མང་པོ་ཞིག་གིས་ཁྱེད་ཀྱིས་དེ་འདྲ་ཞིག་གསུང་འོང་བར་ཧ་ལས་པོ་བྱེད་ཀྱི་ཡོད་རུང་། རིག་པ་རྣལ་དུ་ཕབ་སྟེ་བསམ་བློ་རེ་བཏང་ན་དེ་ཡང་བསམ་ཡུལ་ལས་ཡོངས་སུ་འདས་པ་ཞིག་མ་རེད་སྙམ།

    ང་རང་གིས་ཁྱེད་ཀྱི་རྩོམ་ཡིག་དེ་མཐོང་མ་ཐག་ཏུ་སྔོན་ཆད་མཱ་རུང་ལགས་ཀྱིས་བྲིས་པ་དེ་དྲན་བྱུང་མོད། ད་ལྟའི་བར་དུ་ཁྱེད་ཀྱི་ཀློག་པ་པོ་ཞིག་ཡིན་པའི་ངོས་ནས། ཁྱེད་དང་མཱ་རུང་གཉིས་ཀྱི་ལངས་ཕྱོགས་འདྲ་བོ་མིན་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། དེ་ནི་རྩོམ་ཡོངས་བསྡུར་ཏེ་བཀླགས་པས་ཀྱང་ཧ་གོ་ཡོང་། དེ་བས། ངས་ཁྱེད་དང་ཝང་ལི་ཞུང་ལགས་ཀྱི་རྩོམ་ཡིག་གཉིས་བསྒྱུར་ཏེ་བཀོད་པ་ཡིན་ལ། དགོངས་སྐོར་མ་ཞུས་པར་དགོངས་དག་ཡང་ཡང་ཞུ་བཞིན་ཡོད། ངས་ཁྱེད་གཉིས་ཀྱི་རྩོམ་ཡིག་གཉིས་སྔ་གཞུག་ཏུ་བསྒྱུར་ཏེ་བཀོད་པར་བསམ་ཚུལ་གཞན་ཅི་ཡང་མེད་པ་སྟེ། ལྟ་བ་མི་འདྲ་བའི་རྩོམ་ཡིག་དེ་གཉིས་བོད་མི་མང་པོ་ཞིག་གིས་མཐོང་ན་བསམ་པ་ཙམ་ཡིན། ཁོ་རང་ཚོས་ཁྱེད་གཉིས་ཀྱི་ལེགས་རྩོམ་གཉིས་ལ་མཇལ་རྗེས། སོ་སོར་བསམ་ཚུལ་མ་འདྲ་བ་ཞིག་སྐྱེས་ཡོད་ངེས་རེད་སྙམ་ཡོད།

    གཤམ་དུ་ཁྱེད་རང་གིས་བཏོན་པའི་རེ་འདོད་བཞིན་ངས་རང་གི་བསམ་ཚུལ་སྐོར་ཞིག་འབུལ་རྒྱུ་ཡིན་ལ། ད་ལྟ་བར་དུ་འགོར་འགྱངས་སོང་བར་ཡང་དགོངས་དྭངས་ཞུ་ཡི་ཡིན། སྤྱིར་ང་རང་ལྟར་ན་མི་རིགས་ས་ཁོངས་རང་སྐྱོང་དེ་ཀྲུང་གོའི་མི་རིགས་བར་གྱི་འགལ་བའི་འབྱུང་རྐྱེན་གཙོ་བོར་མཐོང་གི་མེད། ཁྱེད་ཀྱིས་གསུངས་པ་ནང་བཞིན། དེ་ཉིད་སི་ཏ་ལིན་གྱི་དབང་མཐའ་སྒེར་གཅོད་རིང་ལུགས་ཀྱི་ཤུལ་རྫས་ཤིག་ཡིན་ཏུ་ཆུགས་ཀྱང་། དེ་ཉིད་ཀྲུང་གོའི་མི་རིགས་འགལ་བའི་བྱུར་གྱི་སྣ་འདྲེན་ཡིན་ཤག་བྱས་པ་ནི་གནས་ལུགས་ཡོད་པར་མ་མཐོང་། དེ་ལས་ལྡོག་སྟེ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་མངའ་སྡེ་རང་སྐྱོང་གི་འགོ་འཛུགས་སར་གྱུར་ན་ཡག་པོ་རེད་སྙམ་གྱི་ཡོད། ཀྲུང་གོ་ནང་ཁུལ་གྱི་འགལ་བ་ལོ་རེ་བཞིན་ཛ་དྲག་ཏུ་འགྲོ་ཡི་ཡོད་པ་མངོན་གསལ་ལྟར། དེ་ལས་ཐར་ལམ་ཉག་གཅིག་ནི་མངའ་སྡེ་རང་སྐྱོང་ལམ་ལུགས་ཡིན་པར་ངས་ཀྱང་འདོད། དེས་ན། ད་ལྟ་ལག་བསྟར་བྱེད་ཀྱིན་པའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་མངའ་སྡེ་རང་སྐྱོང་གི་འགོ་འཛུགས་ས་ཞིག་ཏུ་གྱུར་ན་ཤིན་ཏུ་ལེགས་ཏེ། དེ་ལྟར་བྱས་པས་མི་རིགས་ནང་ཁུལ་གྱི་འགལ་བ་ཞི་འཇགས་སུ་འགྲོ་བར་ཕན་རླབས་ཆེན་པོ་འབྱུང་མི་ཡོང་ངམ་སྙམ།

    ཉེ་སྔོན། མི་རིགས་ཀྱི་གནད་དོན་ལས་བོད་དང་ཡུ་གུར་གྱི་གནད་དོན་ནི་ཚབས་ཆེ་ཤོས་ཆགས་ཡོད་པ་རེད། དེ་ནི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱིས་བསྐྱེད་པའི་ངན་འབྲས་ཤིག་ཡེ་ནས་མ་ཡིན་པར། དེ་ནི་ལོ་རྒྱུས་ཀྱི་དྲན་པ་སོགས་ཀྱིས་བསླངས་པའི་གནད་དོན་ཞིག་རེད། ལོ་རྒྱུས་ཀྱི་དྲན་པ་དེ་ཉིད་བརྗེད་འཇུག་པ་ནི་ལས་སླ་པོ་ཞིག་མ་ཡིན་ན། ཁྱེད་ཀྱིས“མི་རིགས”ཞེས་པའི་བཏགས་མིང་ཙམ་མེད་པར་བྱས་པས་ཕན་པ་ཅུང་ཙམ་འབྱུང་བ་ཕར་ཟད། ལྡོག་སྟེ། མི་རིགས་རྨེག་མེད་འགྲོ་སྙམ་གྱི་སྡུག་བསྔལ་མི་བཟད་པས་མི་སེམས་ལ་འཇིགས་སྣང་མི་བསྐྱེད་པའི་ངེས་པ་མེད། ཉིད་ཀྱིས་མཁྱེན་གསལ་ལྟར། ད་ལྟ་གཞུང་གིས་ཅི་ཐུབ་གང་ནུས་ཀྱིས་ལག་བསྟར་བྱེད་ཀྱིན་པ་ནི་མི་རིགས་རང་སྐྱོང་ས་ཆར་རྒྱ་མི་འབོར་ཆེན་གནས་སྤོ་བྱེད་བཞིན་པ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་སྐད་ཡིག ཆོས་ལུགས་སོགས་ལ་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་སྟངས་འཛིན་བྱེད་ཀྱིན་པ་དེ་རེད། ནམ་ཞིག མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མེད་པར་བཏང་སྟེ། ཐོབ་ཐང་ལག་འཁྱེར་དང་མི་སྒེར་ཡིག་ཚགས་སོགས་ནས་མི་རིགས་ཞེས་པའི་ཁྲབ་ཙམ་པོ་བ་དེ་ཡང་མེད་པར་གྱུར་ཚེ། ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གནས། ཡུལ་གོམས་གཤིས་ལུགས་སོགས་ལྡན་པའི་གྲངས་ཉུང་མི་རིགས་ཚང་མ་མགྱོགས་སུ་གཞན་འགྱུར་དང་འདྲེས་འགྱུར་སོང་ནས་རྩ་མེད་འགྲོ་རྒྱུ་ཡིན་པ་དཔགས་པས་ཤེས་ཐུབ། སྐབས་དེར། གྲངས་ཉུང་མི་རིགས་ཀྱི་ཤེས་ལྡན་པ་འདུས་པའི་མི་དམངས་ཡོངས་ཀྱི་སེམས་སུ་སྨྲ་མི་ཤེས་པའི་རྨ་ཟབ་མོ་ཞིག་འབྱིན་རྒྱུ་ཡིན་པའང་སྨོས་མ་དགོས་པ་ཆགས་ཡོད།

    ད་ལྟའི་མི་རིགས་ས་ཁོངས་རང་སྐྱོང་ཞེས་པ་འདིའང་ཤོག་བུ་དཀར་པོའི་ངོས་ཀྱི་ཡི་གེ་ནག་པོ་ཙམ་རེད། དོན་དངོས་སུ་དེ་ལ་རང་སྐྱོང་གི་དབང་ཆ་ཅི་ཙམ་ཡོད་པའི་ཚུལ་ནི། ས་ཆ་དེ་དག་གི་གཞུང་གི་འགན་འཛིན་མི་སྣའི་ཁ་གྲངས་ཙམ་ལས་ཀྱང་གསལ་ཐིང་ཐིང་མ་ཡིན་ནམ། མི་རིགས་ས་ཁོངས་རང་སྐྱོང་ཞེས་པ་ནི་ལྟོས་བཅས་སུ་ཁེར་ཚུགས་ཀྱི་རིགས་ཤིག་རེད། དེས་མི་རིགས་གང་དེར་ཀྲུང་དབྱང་ལ་མི་ལྟོས་པའི་དམིགས་བསལ་དབང་ཆ་ཞིག་ཡོད་པ་མཚོན་ཞིང་། ལམ་དེ་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གནས། ཆོས་ལུགས་སོགས་ལ་སྲུང་སྐྱོབ་ཐོབ་ཐབས་བྱེད་ཀྱི་ཡོད། ད་ལྟ་གྲངས་ཉུང་མི་རིགས་ཀྱི་ཤེས་ལྡན་མི་སྣ་མང་པོ་ཞིག་གིས་སེམས་ཁྲལ་བྱེད་ཀྱིན་པ་ནི་མི་རིགས་རང་གི་སྐད་ཡིག་དང་རིག་གནས། ཆོས་ལུགས་སོགས་ལ་ཆག་འཇིག་ཡོང་གིན་པ་དེ་རེད། གལ་ཏེ། ཀྲུང་དབྱང་གིས་ཁ་ཡོད་ལག་ཡོད་ཀྱི་སྒོ་ནས་གྲངས་ཉུང་མི་རིགས་ས་ཆར་རང་སྐྱོང་གཙང་མའི་སྲིད་ཇུས་ཤིག་ལག་བསྟར་ཐུབ་པ་བྱུང་ཚེ། གནད་དོན་འདི་རིགས་ཐག་ཆོད་པར་ཕན་ཐོགས་ཆེན་པོ་ཡོད་ཀྱི་རེད་སྙམ། དེ་ལས་ལྡོག་སྟེ། ཀྲུང་གོའི་མི་རིགས་འགལ་བའི་བྱུར་གྱི་སྣ་འདྲེན་ཡོད་ཚད་མི་རིགས་ས་ཁོངས་རང་སྐྱོང་ལ་བརྩིས་ཚེ། ཝང་ལི་ཞུང་ལགས་ཀྱིས་གསུངས་པ་བཞིན། གྲངས་ཉུང་མི་རིགས་ཀྱི“ཆེས་མཐའ་མཇུག་གི་སྲུང་ཁྲབ་དེའང་ཡོངས་སུ་བརླགས་པ”མ་ཡིན་ནམ།

    ཁྱེད་ནི་རང་དབང་རིང་ལུགས་པ་ཞིག་ཡིན་པའི་ཆ་ནས། མི་རིགས་ཀྱི་རང་ཐག་རང་གཅོད་ཐོབ་ཐང་ནི་ག་འདྲ་ཞིག་ཡིན་ཚུལ་ཡོངས་སུ་མཁྱེན་ངེས་རེད། ཀྲུང་གོས་བོད་རིགས་དང་ཡུ་གུར་རིགས་སོགས་ལ་ཐོབ་ཐང་དེ་ཉིད་རྩ་བ་ནས་མི་སྟེར་བའི་གནད་དོན་ཅི་ཞིག་ཡིན་ནམ། ཁྱེད་རང་གིས་འདི་ཉིད་གནད་དོན་ཞིག་ཏུ་བརྩིས་ནས་མི་གླེང་བ་ག་ལ་སྲིད། ཡང་གཅིག་བཤད་ན། ང་ཚོར་རང་གི་སྐད་ཡིག་དང་ཆོས་ལུགས་ལ་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་ཡང་མི་སྟེར་བ་ཅི་ཞིག་ཡིན་ནམ། ཡུ་གུར་པ་ཞིག་གིས་ཁོ་ཚོའི་ཆོས་ལུགས་ཀྱི་དཔེ་ཆ་མང་པོ་བཙོངས་པས་ཉེས་ཆད་བཅད་པ་དང་། བོད་ཡུལ་དུ་ང་ཚོའི་ཆོས་ལུགས་ཀྱི་དབུ་ཁྲིད་ཆེན་མོ་གོང་ས་མཆོག་གི་སྐུ་པར་བཤམས་མི་ཆོག་པ་དེ་ང་ཚོར་མི་རིགས་ས་ཁོངས་རང་སྐྱོང་གི་དམིགས་བསལ་ཐོབ་ཐང་ཡོད་པས་ཡིན་ནམ། ང་ཚོར་མ་མཐའི་ཐོབ་ཐང་འདི་དག་ཀྱང་མེད་པ་ཅི་ཡིས་ལན་ནམ།

    སྔོན་མར། ངས་ཁྱེད་ཉིད་ཀྱིས་བྲིས་པའི་ཤོག་སྒྲིལ་རང་དབང་སྐོར་གྱི་རྩོམ་དེ་བཀླགས་པ་ཡིན། དེས་ང་ལ་བློ་བསྐྱེད་མང་པོ་བྱུང་ལ། ངས་དེ་ཉིད་བོད་ཡིག་ཏུ་བསྒྱུར་ཚར་ཡོད། ཉིད་ཀྱིས་གསུངས་པ་ལྟར་ན། ཤོག་སྒྲིལ་རང་དབང་ནི་རང་དབང་དམངས་གཙོའི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། ཐྲོ་ཁི་ཝོལ་ལགས་ཀྱིས་ཤོག་སྒྲིལ་རང་དབང་དེ་ཨ་རིའི་དམངས་གཙོའི་དགེ་མཚན་དཔེ་མེད་ཅིག་ཏུ་བགྲངས་འདུག དེས་ན་ལོ་ངོ་འདི་དག་ལ་ང་ཚོའི་ས་ཆར་ཤོག་སྒྲིལ་རང་དབང་ཡེ་ནས་མེད་པ་དེ་ང་ཚོར་རང་དབང་དང་དམངས་གཙོ་མ་འཚམ་པས་རེད་དམ། ཡང་ན་ང་ཚོར་མི་རིགས་ས་ཁོངས་རང་སྐྱོང་ཞེས་པའི་དམིགས་བསལ་སྲིད་ཇུས་ཤིག་ཡོད་པས་རེད་དམ། བདེན་ཏེ། ང་ཚོའི་དམངས་བྱིངས་ཀྱི་ངོས་ནས་བཤད་ན། སྤྱི་དམངས་ཀྱི་ལེགས་བྱང་ཤིན་ཏུ་དམའ། ཡིན་ནའང་། འདི་ཉིད་དམངས་གཙོའི་བཀག་རྒྱ་རུ་བགྲང་རུང་ངམ། ཉིད་ཀྱིས་གསུངས་པ་ལྟར་ན། རང་དབང་ལྡན་པའི་དམངས་གཙོའི་ལམ་ལུགས་ཀྱིས་ད་གཟོད་མིའི་ལེགས་བྱང་ཇེ་མཐོར་གཏོང་ཐུབ་པ་མ་ཡིན་ནམ། དེས་ན་ང་ཚོའི་ས་ཆ་རུ་ཐ་ན་རང་གི་སྐད་ཡིག་སྲུང་སྐྱོབ་བྱེད་པའི་ཤོག་ཁ་བཙུགས་པ་ཙམ་གྱིས་ཁྲིམས་འགལ་དུ་བསྙད་ནས་ཉེས་ཆད་གཅོད་པ་དེ་ག་རེ་ཡིན་ནམ།

   ཁྱེད་ཀྱིས་གསུངས་པ་དེར་ངས་ཧ་གོ་ཡི་ཡོད། ངས་ཀྱང་སྐྱེས་བུ་རེ་རེ་འདྲ་མཉམ་ཡིན་པ་གཞིར་བཞག་གིས་འཐུས་སྒོ་ཚང་བའི་མངའ་སྡེ་རང་སྐྱོང་ལམ་ལུགས་ཤིག་ཚུགས་ན་བསམ་གྱི་ཡོད། ངས་ཀྱང་མི་ཤི་རྟ་འགྱེལ་གྱི་དོན་རྐྱེན་གཏན་ནས་མཐོང་མི་འདོད། འདི་ནི་ང་དང་འདྲ་བའི་བོད་མི་བྱིངས་ཀྱི་བསམ་ཚུལ་ཡིན་ལ། ཡུ་གུར་པ་ཡོངས་ཀྱི་བསམ་ཚུལ་ཡང་ཡིན་པར་ང་ལ་ཡིད་ཆེས་ཡོད། ཡིན་ནའང་། དེ་ལྟའི་ལམ་ལུགས་ཤིག་འཛུགས་པར་ཅིས་ཀྱང་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་མེད་པར་བཟོ་དགོས་པ་རེད་དམ། ང་ཚོ་ཚང་མ་རྒྱ་མི་དང་གཅིག་པ་གཅིག་རྐྱང་བཟོ་དགོས་པ་རེད་དམ། ངས་བསམས་ན་འདི་ནི་ཤིན་ཏུ་མི་ལེགས་པ་ཞིག་རེད། དེའི་སྐོར་ལ་ཝང་ལི་ཞུང་ལགས་ཀྱིས་བཏོན་པ་དེར་ང་རང་ཡིད་འཐད་ཡོད། བོད་རིགས་དང་ཡུ་གུར་རིགས་ཀྱི་འདུ་ཤེས་འཛིན་སྟངས་དང་རིན་ཐང་ལྟ་ཚུལ་ཚང་མ་རྒྱ་རིགས་དང་ཡེ་ནས་མི་འདྲ། མི་རིགས་ཁྱད་འབྱེད་ཀྱི་ལམ་ལུགས་མེད་པར་བཏང་ནས་ཚང་མ་གཅིག་པ་བཟོས་པའི་དབང་དུ་བཏང་ན། གཅིག་ཏུ་ན་གོང་ནས་བཤད་པ་བཞིན་གྲངས་ཉུང་མི་རིགས་དག་གཞན་འགྱུར་དང་འདྲེས་འགྱུར་གྱིས་རྨེག་མེད་ཀྱི་ལམ་དུ་ཕྱོགས་སྲིད་ལ། གཅིག་ཏུ་ན། སོ་སོའི་རིན་ཐང་ལྟ་ཚུལ་སོགས་རིག་གནས་ཀྱི་འགལ་བའི་ཕུང་བོ་གཏོས་ཆེན་པོ་ཞིག་འབྱུང་སྲིད། འདི་ནི་སོ་སོའི་འཚོ་བ་རོལ་སྟངས་དང་འདུ་ཤེས་འཛིན་སྟངས་ཀྱིས་སྔོན་ཚུད་ནས་ཐག་བཅད་ཡོད་པ་ཞིག་རེད་སྙམ།

    བོད་རིགས་མང་དག་ཅིག་གིས་ལོ་ངོ་བཅུ་ཕྲག་འགའི་རིང་དུ་རང་བཙན་དང་རང་སྐྱོང་རྩོད་ལེན་བྱས་དང་བྱེད་ཀྱི་ཡོད་པ་རེད།

ཀྲུང་གོ་ནང་ཁུལ་གྱི་འགལ་བ་ཚབས་ཆེ་ཤོས་གཅིག་ནི་འདི་རིགས་རེད། འདི་ཡི་ཆེད་དུ་བོད་མི་བརྒྱ་ཕྲག་ལྷག་གིས་རང་སྲོག་བློས་གཏོང་མཛད་ཡོད་པ་རེད། འཛམ་གླིང་ཡོངས་ཧ་སང་བར་བྱེད་པའི་གནས་ཚུལ་འདི་ནི་དུས་ཡུན་ཐུང་ཐུང་ནང་གཏིང་བརྗེད་དུ་འགྲོ་བ་ཞིག་ག་ལ་སྲིད། གལ་ཏེ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མེད་པར་བཟོས་ཏེ་མངའ་སྡེའི་ལམ་ལུགས་ལག་བསྟར་བྱས་ཀྱང་། བོད་མི་དག་གིས་ལོ་རྒྱུས་ཀྱི་ཤ་འཁོན་འདི་ཉིད་བརྗེད་སྲིད་དམ། རྒྱུ་མཚན། ཁོ་ཚོས་འདོད་ཀྱིན་པ་ནི་མི་རིགས་ཁྱད་འབྱེད་ཀྱིས་མི་རིགས་འགལ་བ་ཇེ་དྲག་ཏུ་གཏོང་འདོད་པ་དེ་མིན་པར། བོད་རིགས་རང་གི་རང་སྐྱོང་ལམ་ལུགས་ཤིག་འཛུགས་འདོད་པ་ཙམ་རེད། དེ་བཞིན་དུ། ཡུ་གུར་པས་ཀྱང་བརྗེད་མི་སྲིད་ལ། ཁོ་ཚོས་ཀྱང་དེ་ལྟར་འདོད་ཀྱི་སྲིད་པ་རེད། དེ་བས། མི་རིགས་ཀྱི་ཐོབ་ཐང་མེད་པར་གཏོང་བའི་ཐབས་ལམ་འདི་ནི་ཡག་པོ་ཞིག་གཏན་ནས་མ་རེད། དེ་ལས་ལྡོག་སྟེ། ད་ལྟའི་མི་རིགས་ས་ཁོངས་རང་སྐྱོང་རྨང་གཞིར་བྱས་པའི་རང་དབང་དང་འདྲ་མཉམ་ལྡན་པའི་མངའ་སྡེའི་ལམ་ལུགས་ཤིག་འཛུགས་ཐུབ་པ་བྱུང་ཚེ། འགལ་བ་མང་པོ་ཞིག་རང་ཞིར་འགྲོ་ཐུབ་པར་སྙམ། ཡང་གཅིག་བཤད་ན། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་། གོང་ས་རིན་པོ་ཆེ་མཆོག་གིས་ཀྱང་མི་རིགས་ས་ཁོངས་རང་སྐྱོང་གླེང་བ་རེད། དེ་བས། འདི་ནི་རང་རྒྱལ་གཞན་ཕམ་མ་ཡིན་པར་རང་གཞན་གཉིས་ཕན་ཡོང་བའི་ཆིག་ཐུབ་སྨན་མཆོག་ལྟ་བུ་ཞིག་ཏུ་ཁོ་བོས་ཀྱང་འདོད།

    ཉིད་ཀྱིས་རྒྱ་རིགས་དང་གྲངས་ཉུང་མི་རིགས་ཕྱོགས་གཉིས་ཀ་འདྲ་མཉམ་ཡིན་པའི་སྤྱི་ཚོགས་ལམ་ལུགས་ཤིག་འཛུགས་པར་གྲོས་གཞི་བཏོན་པ་ང་ཡིས་ཤེས། ཡིན་ནའང་། ཉེན་ཁ་རིགས་ཤིག་ཡོད་པ་ནི། ད་ལྟ་བོད་ནང་གི་ཤེས་ལྡན་མི་སྣ་མང་པོ་ཞིག་གིས་ཁྱེད་ཀྱི་ལྟ་ཚུལ་དེ་ཉིད་མཱ་རུང་དང་ཐག་ཉེ་བར་བསམ་གྱིན་འདུག་ལ། དེ་ལྟར་བྱས་ཚེ། ཕྱོགས་གཉིས་ཀའི་འགལ་བ་ཛ་དྲག་ཏུ་གྱུར་ནས།

རྒྱ་མིའི་ཤེས་ཡོན་ཅན་དང་གཞུང་གཉིས་ཁྱད་མེད་དུ་མི་བལྟ་བའི་ངེས་པ་ག་ལ་ཡོད།དེ་བས། ངས་བསམས་ན་ཝང་ལི་ཞུང་ལགས་ཀྱི་སེམས་ཁྲལ་དེ་ལ་ང་ཚོས་བསམ་གཞིགས་མི་གཏོང་ཐུ་མེད་རེད་སྙམ།

    ནམ་ཞིག་རང་དབང་དང་འདྲ་མཉམ་རྨང་གཞིར་བྱས་པའི་སྤྱི་ཚོགས་ལམ་ལུགས་ཤིག་ལེགས་པར་ཚུགས་འོང་བར་ང་ཚོ་ཐུན་མོང་གིས་འབད་འབུངས་བྱེད་ཀྱིན་ཡོད་ཀྱང་། ལྟ་ཚུལ་གྱི་བར་ཁྱད་ཙམ་གྱི་དབང་གིས་ངེད་ཅག་སོ་སོར་གྱེས་ན་ཤིན་ཏུ་ཕངས་སོ་སྙམ་ནས་འདི་ཉིད་བྲིས་པ་ཡིན། ཡིན་ནའང་། འདི་རུ་ང་རང་གིས་བཤད་འདོད་པ་མང་པོ་ཞིག་མ་ཤོད་པ་འདྲ་ལ། ཡང་ན་ཇི་ལྟར་བཤད་དགོས་པ་མི་ཤེས་པ་ལྟ་བུའི་ཚོར་བ་ཞིག་ལྷགས་མོད། ལྷག་བསམ་དཀར་པོས་བྲིས་པས་རེ་ཞིག་འདི་ཙམ་གྱིས་འཐུས་པར་བྱས་པ་ཡིན།

                                  2014.06.07ཉིན་གྱི་དགོང་མོར།

གནས་ཚུལ་ཡོངས་ཁུངས: http://woeser.middle-way.net/2014/06/blog-post_30.html

This post is also available in: རྒྱ་སྐད , དབྱིན་ཇིའི་སྐད