འོད་ཟེར། རང་དབང་གི་འོད་སྣང་རེ་བའི་ས་གཞིར་འཕྲོས་པ།

འོད་ཟེར་ལགས་ཀྱིས་སྤེལ་གནང་བའི་ རང་དབང་གི་འོད་སྣང་རེ་བའི་ས་གཞིར་འཕྲོས་པ་ ཞེས་པའི་རྩོམ་ཡིག

༄༅༎དེ་རིང་གི་འོད་ཟེར་གྱི་གླེང་སྟེགས་ཞེས་པའི་ལེ་ཚན་ནང་དུ། འོད་ཟེར་ལགས་ཀྱིས་སྤེལ་གནང་བའི་ རང་དབང་གི་འོད་སྣང་རེ་བའི་ས་གཞིར་འཕྲོས་པ་ ཞེས་པའི་རྩོམ་ཡིག་དེ། སྒྲོལ་དཀར་ལགས་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎

གནས་ཚུལ་ཡོངས་ཁུངས http://www.rfa.org/tibetan/chediklaytsen/ukaylatsen/woser/woeser-article-on-tibetan-freedom-03302012160001.html

སྤྱི་ཚེས་༢༦གི་ཉིན་མོ་དེར་བོད་མིས་རང་སྲེག་ངོ་རྒོལ་གྱི་བྱས་པའི་གནས་ཚུལ་ཞིག་བསྐྱར་དུ་ཁྱབ་ཡོད། དེ་ནི་ཕ་ཡུལ་ཁམས་རྟའུ་ནས་ཁ་བྲལ་ཏེ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ནས་ལོ་ཤས་སོང་བའི་གཞོན་སྐྱེས་ཁམས་པ་འཇམ་དཔལ་ཡེ་ཤེས་ལགས་ཡིན་ཞིང་། དང་ཐོག་ཕ་མ་དང་ཁ་བྲལ་བའི་སྐབས་ཁོང་ལོ་ངོ་ཉི་ཤུ་མ་གཏོགས་སླེབས་མེད། ཁོང་ནི་ལྡི་ལིར་རང་ལུས་མེར་བསྲེགས་བཏང་བ་ཞིག་ཡིན་པ་དང་། སྐབས་དེ་དུས་བཙན་བྱོལ་དུ་ཡོད་པའི་བོད་མི་བརྒྱ་ཕྲག་ཁ་ཤས་ནས་རྒྱ་གར་ལ་རྒྱལ་དོན་གྱི་ཚོགས་འདུར་འབྱོར་ལ་ཉེ་བའི་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་ལ་ངོ་རྒོལ་བྱེད་བཞིན་ཡོད། དེར་བརྟེན་རང་ལུས་མེར་བསྲེགས་བཏང་ཡུལ་ས་གནས་རང་ནས་བརྒྱབ་པའི་འདྲ་པར་མང་པོ་ཞིག་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་ཡོད་པ་རེད།

གནས་ཚུལ་ནང་བཀོད་པར། དགོངས་པ་རྫོགས་པའི་འཇམ་དཔལ་ཡེ་ཤེས་ལགས་ནི་འགྲོ་བ་མིའི་ཐོབ་ཐང་གི་དཔལ་འབར་ཞིག་ཡིན་ཞིང་། འབར་བཞིན་ཡོད་པའི་ལུས་པོ་ཡོངས་ཀྱི་མེ་ལྕེ་ཡིས་འཚོ་བ་དངོས་ནང་གི་འཛམ་གླིང་གི་མུན་ནག་ཁྲོད་གསལ་པོར་འཕྲོས་པ་གནང་ཡོད་ཅེས་བཀོད་བཞག

ཉིན་དེའི་དགོང་དྲོ་ཧ་ཅང་ཕྱི་པོ་ཞིག་ལ། གུས་མོར་གློག་འཕྲིན་ཞིག་འབྱོར་བྱུང་བ་དང་། ཡི་གེ་བཏང་མཁན་ཁོང་མཇལ་མྱོང་མེད་ན་ཡང་ཁོང་གི་མིང་འདིས་ལོ་ངོ་བཞིའི་སྔོན་གྱི་གནས་ཚུལ་ཞིག་དྲན་བྱུང་། དེ་ཡང་བོད་མི་མང་པོས་ཟླ་བ་གསུམ་པའི་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་དབང་གིས་འཛིན་བཟུང་བྱས་པར་གཞིགས་ཏེ་སྤྱི་ལོ་༢༠༠༨ལོའི་ཟླ་བ་བཞི་པར་རྒྱ་ནག་གི་ཁྲིམས་རྩོད་པ་ཉི་ཤུ་ལྷག་ཙམ་ནས་དྲ་རྒྱའི་ཐོག་ཡོངས་ཁྱབ་ངང་ས་ཡིག་བཀོད་དེ་འཛིན་བཟུང་བྱས་པའི་བོད་མིར་ཁྲིམས་ལུགས་གཞི་བཟུང་ངོ་ཚབ་དང་། དག་འབུད་སོགས་ཁྲིམས་ལུགས་ཀྱི་ཞབས་ཞུ་བྱ་འདོད་ཡོད་པ་བརྗོད་ཡོད། གསལ་བསྒྲགས་དེའི་དབང་གིས་ཁྲིམས་རྩོད་པ་འདི་རྣམས་ཚང་མར་གཞུང་ཕྱོགས་ཀྱིས་ཉེན་བརྡ་དྲག་པོ་བཏང་བ་མ་ཟད། བོད་ཁུལ་དང་བོད་མིའི་གྱོད་གཞིར་ལག་པ་འཆང་མི་རུང་བ་བརྗོད་ཡོད་པས་ཁྲིམས་རྩོད་པ་འགའ་རེར་ཐ་ན་ཁྲིམས་རྩོད་པ་བྱེད་པའི་ཐོབ་ཐང་ཡང་ཤོར་ཡོད། ཡང་སྐབས་དེ་དུས་ས་ཡིག་བཀོད་མཁན་གྱི་ཁྲིམས་རྩོད་པའི་ནང་མི་ཞིག་ཡོད་པ་ཁོང་ནི་ཏག་ཏག་གུས་མོར་ཡི་གེ་བཏང་མཁན་གྱི་མི་དེ་རེད་འདུག

ཁོང་གི་ཡི་གེ་དེ་ཀློག་པའི་རྗེས་གུས་མོའི་བསམ་པར། ཡི་གེ་འདི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་ལེ་ཚན་ནང་རྒྱང་བསྲིང་ཞུ་འདོད་བྱུང་། གང་ཡིན་ཞེ་ན། འདིའི་ཁྲོད་ནས་བོད་མི་ཧ་ཅང་མང་པོ་ཞིག་གིས་ཐོས་ཐུབ་ཀྱི་རེད། ཡང་གུས་མོའི་ངོས་ནས་རྒྱ་མི་མང་པོས་ཀྱང་མཐོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཡི་གེའི་ནང་འདི་ལྟར་བྲིས་འདུག

གུས་པ་ནི་Tang jinglingཡིན་ལ། དྲ་གྲོགས་ཤིག་དང་རང་དབང་དང་སྤྱི་འབངས་ཀྱི་ཐོབ་ཐང་རྩོད་པའི་དབང་གིས་ཁྲིམས་རྩོད་པ་བྱ་ཆོག་པའི་ལག་འཁྱེར་མེད་པ་ཆགས་པའི་རྒྱ་ནག་སྐམ་ས་ཆེན་པོའི་ཁྲིམས་རྩོད་པ་ཞིག་ཡིན་མ་ཟད། ད་དུང་སྤྱི་འབངས་ཀྱིས་མཉམ་ལས་མ་བྱས་པའི་ལས་འགུལ་ཐོག་ནས་རྒྱ་ནག་གི་དམངས་གཙོ་དང་རང་དབང་གི་བྱ་གཞག་ཐོག་དོན་གཉེར་བྱ་མཁན་ཞིག་ཀྱང་ཡིན། གུས་པས་རྟག་ཏུ་བོད་ཁུལ་གྱི་གནས་ཚུལ་ལ་ཧ་ཅང་དོ་སྣང་བྱེད་ཀྱི་ཡོད་པ་དང་། འདས་པའི་ལོ་ངོ་གཅིག་ལྷག་ཙམ་རིང་ལྷག་བསམ་རྣམ་པར་དག་ལ་དཔའ་ངར་ཞུམ་པ་མེད་པ་དང་། དད་པ་གཡོ་བ་མེད་པའི་བོད་པའི་བུ་ཕྲུག་སུམ་ཅུ་ལྷག་ཙམ་གྱིས་རང་དབང་དང་། ལ་རྒྱ་རྩོད་པའི་ཆེད། ཁོང་ཚོའི་རྩ་ཆེའི་ཚེ་སྲོག་འདི་ལེགས་སྐྱེས་སུ་ཕུལ་ཡོད་པས། ང་རང་དང་དགའ་ཉེ་གྲོགས་པོ་ཚོས་རྟག་དུ་གནད་དོན་འདི་གླེང་ནས་ཡོད། ང་དང་གྲོགས་པོས་བསྐྱར་དུ་གནད་དོན་འདི་གླེང་པའི་སྐབས། ཐ་ན་དགོང་མོ་གཉིད་ཀྱང་ཁུག་མི་ཐུབ་པ་ཡོང་གི་འདུག དེར་བརྟེན་ང་རང་ཡར་ལངས་ནས་སྙན་ངག་ཅིག་བྲིས་ཏེ་རླབས་ཆེན་གྱི་བདེན་དོན་ཆེད་རང་སྲོག་དོར་མཁན་ཁོང་ཚོ་དང་དེ་བཞིན་བོད་མི་དམངས་ལ་འབུལ་རྒྱུ་ཡིན།

རང་སྲོག་བློས་བཏང་གནང་མཁན་ཁོང་ཚོའི་མདུན་དུ་ང་རང་སེམས་གཏིང་ནས་ངོ་གནོང་པོ་བྱུང་བ་དང་། དོན་སྙིང་གཏིང་ཟབ་མེད་པའི་ཡིག་འབྲུ་འདི་རྣམས་ཀྱིས་ཁོང་ཚོའི་བརྗིད་ཆགས་ཡིད་དུ་འོང་བའི་ཚེ་སྲོག་གི་རྒྱབ་རྟེན་ཡོང་རྒྱུ་མིན་ན་ཡང་། ངས་རང་ཉིད་ཀྱི་སེམས་སྟེང་གི་འབོད་སྒྲ་འདིར་འགོག་གནོན་བྱ་རྒྱུ་མིན་ཞེས་དང་། གུས་པར་ད་དུང་རེ་འདུན་ཞིག་ཡོད་པ་ནི་གལ་ཏེ་ཁྱེད་ཀྱིས་མོས་མཐུན་ཡོད་ན་ངས་ཁྱེད་ལ་བསྐུར་བའི་ཡི་གེ་དང་སྙན་ངག་འདི་བཞིན་བོད་ཡིག་ཐོག་སྒྱུར་ནས་ད་ལྟ་རང་དབང་ཆེད་འཐབ་རྩོད་བྱེད་བཞིན་ཡོད་པའི་བོད་མི་དམངས་དང་། དེ་བཞིན་བོད་མི་དམངས་དང་མཉམ་དུ་འབད་བརྩོན་བྱེད་བཞིན་ཡོད་པའི་མི་ཚང་མར་གུས་ཞབས་དང་བཅས་ཕུལ་ཐུབ་རྒྱུར་རེ་བ་ཧ་ཅང་ཆེན་པོ་ཡོད་ཅེས་བྲིས་བཞག

ཁྲིམས་རྩོད་པ་Tang jinglingནས་ཡི་གེ་དང་མཉམ་དུ་བསྐུར་ཡོང་བའི་སྙན་ངག འགོ་བརྗོད་དུ་<>ཞེས་པའི་ནང་།
སྤྲིན་ནག་གངས་ལྗོངས་ས་མཐོར་འཕྱུར་ཞིང་།
ས་གཞི་སྒྲ་མེད་ལ་གྱུར་སོང་། དངོས་པོ་ཐམས་ཅད་ཁུ་སིམ་ངང་གནས་སོང།
གཟིགས་དང་། ཚེ་སྲོག་སྒྲོན་མེ་བཞིན་འབར་སྐབས།
སྐར་མདའ་ཡིས་གནམ་གྱི་མུ་མཐའ་དབྱེ་སོང་།
རྩ་ཆེའི་ལྷད་མེད་ཀྱི་སེམས་རྒྱུད་སུམ་ཅུ་ཡིས།
རང་ཉིད་མཆོད་པ་བྱས་ཏེ།
རང་དབང་གི་མཆོད་སྟེགས་ནང་ཕུལ་སོང།
དམྱལ་བའི་མེ་བཙའ་ཡིས་སྐམ་སྲེག་བཏང་བའི་ས་གཞིར།
ཚོར་མེད་ངང་གྱར་བའི་རྣམ་ཤེས། ཁྱེད་ཀྱི་སྲོག་བླུ་བྱ་མཁན་གང་དུ་ཡོད་དམ།
གཟིགས་དང་། ཚེ་སྲོག་སྒྲོན་མེ་བཞིན་འབར་སྐབས།
སྐར་མདའ་ཡིས་གནམ་གྱི་མུ་མཐའ་དབྱེ་སོང་།
རྩ་ཆེའི་ལྷད་མེད་ཀྱི་སེམས་རྒྱུད་སུམ་ཅུ་ཡིས།
རང་ཉིད་མཆོད་པ་བྱས་ཏེ།
རང་དབང་གི་མཆོད་སྟེགས་ནང་ཕུལ་སོང།
སྐམ་པོར་གྱུར་བའི་མིག་ཏུ་ད་དུང་མིག་ཆུ་ཡོད་དམ།
དམ་པོར་བཙུམ་པའི་མགྲིན་པས་མཐའ་མའི་དབུགས་རིང་སྒྲོག་སོང་།
གཟིགས་དང་། ཚེ་སྲོག་སྒྲོན་མེ་བཞིན་འབར་སྐབས།
སྐར་མདའ་ཡིས་གནམ་གྱི་མུ་མཐའ་དབྱེ་སོང་།
རྩ་ཆེའི་ལྷད་མེད་ཀྱི་སེམས་རྒྱུད་སུམ་ཅུ་ཡིས།
རང་ཉིད་མཆོད་པ་བྱས་ཏེ།
རང་དབང་གི་མཆོད་སྟེགས་ནང་ཕུལ་སོང་།
སྐར་མདའ་ཡིས་གནམ་གྱི་མུ་མཐའ་དབྱེ་སོང་།
མུན་རུབ་ཀྱི་མཚན་མོའི་དབེན་གནས་གཏོལ་ཞིང་།
རང་དབང་གི་འོད་སྣང་རེ་བའི་ས་གཞི་འདིར་འཕྲོས་སོང་།

ཞེས་བྲིས་བཞག འདིར་ཁྲིམས་རྩོད་པ་Tang jinglingནས་ཡི་གེ་བཏང་གནང་བ་དང་ཁོང་གིས་རང་ལུས་མེར་བསྲེགས་བཏང་མཁན་བོད་མིར་བྲིས་པའི་སྙན་ངག་ལ་གུས་མོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དོན་དངོས་ཐོག་ང་ཚོ་ཚང་མས་ཤེས་གསལ་ལ། ཁོང་དང་འདྲ་བའི་རྒྱ་ནག་གི་མི་མང་པོ་མེད་པ་རེད།

དེ་ཡང་དྲ་གྲོགས་ཤིག་གིས་འཕྲུལ་སྒྲ་དྲ་རྒྱའི་ཐོག་བརྗོད་པར། བོད་མིས་རང་ལུས་མེར་བསྲེགས་བཏང་བ་དེར་རྒྱ་མི་མང་པོའི་ངོས་ནས་ཞུས་ན་དངོས་གནས་རྒྱུས་མངའ་རྩ་བ་ནས་མི་འདུག མི་མང་པོས་བདེན་པའི་རང་བཞིན་དེ་ཙམ་མེད་པར་ངོས་འཛིན་བྱེད་ཀྱི་ཡོད། དེའི་ནང་ཐ་ན་བསམ་བློ་གུ་ཡངས་ཡོད་མཁན་གྱི་མི་འགའ་ཤས་ཀྱང་ཚུད་ཡོད། གུས་མོའི་སློབ་གྲོགས་ཤིག་ལ་ཡང་བསམ་ཚུལ་དེ་འདྲ་འདུག གནས་སྟངས་དེ་རིགས་བྱུང་དོན་ནི་རྒྱ་ནག་གུང་བྲན་གཞུང་གིས་གནས་ཚུལ་བཀག་སྡོམ་བྱས་པ་ཕུད། ད་དུང་དེ་བས་གནད་འགག་གི་རྒྱུ་རྐྱེན་ཞིག་ནི་ངའི་བསམ་པར་ཀླད་པ་འཁྲུས་པའི་སློབ་གསོའི་འབྲས་བུ་ཞིག་རེད། ལོ་མང་རིང་གི་སློབ་གསོས་མི་ཚོར་བསམ་བློ་གཏོང་སྟངས་ལ་གོམས་གཤིས་རང་བཞིན་འདི་འདྲ་ཞིག་ཆགས་ཡོད་ལ། ཡང་མི་ཚོས་རྒྱ་ནག་གུང་བྲན་གཞུང་གིས་འདི་ལྟ་བུའི་སྨྱོ་ཧམ་ཚད་མེད་བྱེད་མི་སྲིད་པར་ངོས་འཛིན་བྱེད་ཀྱི་འདུག་ཅེས་བྲིས་བཞག

དངོས་ཡོད་འཚོ་བ་ནི་ཡིད་སྐྱོ་དགོས་པ་ཞིག་ཡིན་པས། དེར་བརྟེན་ཡི་གེ་འདི་དང་སྙན་ངག་འདི་དམིགས་བསལ་གྱི་དོན་སྙིང་ཞིག་ལྡན་ཡོད་ལ། མ་འོངས་པར་རེ་བ་ཞིག་ཀྱང་ཡོང་གི་འདུག

03/28/2012

རྒྱ་ཡིག་ནས་ཕབ་བསྒྱུར་གནང་མཁན་སྒྲོལ་དཀར་ཡིན།
http://www.sherab.org/?p=5761 

Leave a Comment

Your email address will not be published. Required fields are marked *

*