ཞོགས་ལྗང་། ཏང་གི་འཛུབ་སྟོན་ལ་ཉན་འོས་སམ།

ཏང་གི་འཛུབ་སྟོན་ལ་ཉན་འོས་སམ།

སྤྱི་ཟླ་དྲུག་པའི་ཚེས་གཅིག་ཉིན་གྲོགས་པོ་ཞིག་གི་ཁྱིམ་དུ་སོང་ནས་ཁ་བརྡ་གློད་ཅིང༌། ཁོས་ཁ་བརྡའི་བར་གསེང་ནས་བརྙན་འཕྲིན་གྱི་ལེ་ཚན་རེ་རེ་བརྗེ་བསྒྱུར་བྱེད་ཀྱིན་འདུག སྤྱིར་བཏང་དུ་ང་ལ་བརྙན་འཕྲིན་ལྟ་བའི་གོམས་གཤིས་དེ་འདྲ་མེད་པས། གསར་འགྱུར་དང་རྩེད་རིགས་གང་ཡིན་རུང་ཕལ་ཆེར་ལྟ་བཞིན་མེད། ཡིན་ན་ཡང༌། དེ་རིང་གསར་འགྱུར་ཞིག་གིས་བདག་གི་མིག་ཟུང་དབང་མེད་དུ་བཀུགས་སོང༌།

གསར་འགྱུར་དུ་བོད་རིགས་སློབ་ཕྲུག་འགའ་འཆར་གྱིན་འདུག ཁོ་ཚོ་རེ་རེས་བོད་ལྭ་གྲ་དག་རེ་གྱོན་འདུག་པས་ཡིན་ནམ། གང་ལྟར་ངས་ཁོ་ཚོར་མཉམ་འཇོག་བྱེད་དུས་ཁོ་ཚོ་རེ་རེས་རྒྱ་སྐད་ཀྱི་ལམ་ནས་གསར་འགོད་པར་དྲིས་ལན་འདེབས་ཀྱིན་འདུག བྱིས་པ་ཚོའི་སྐད་མགོ་དམའ་དྲགས་པས་ཡིན་ནམ། བརྙན་འཕྲིན་ལས་ཁོ་ཚོའི་སྐད་ཆ་གསལ་བོ་ཞིག་མི་ཐོས་མོད། བརྙན་འཕྲིན་ངོས་སུ་རྒྱ་ཡིག་གསལ་བོ་ཞིག་འཆར་གྱིན་འདུག་པས་གཞི་ནས་ཧ་གོ་སོང་སྟེ། ཁོ་ཚོ་ཚང་མས་ཏང་གི་བཀའ་དྲིན་ལ་ཐུགས་རྗེ་སྙིང་ནས་ཞུ་བཞིན་འདུག

དམག་མི་ཞིག་གིས་རྒྱབ་ཡོལ་གྱི་མདུན་ནས་ཀྲོང་ངེར་ལངས་ནས་བྱིས་པ་རྣམས་ལ་ཏང་གི་འབོད་ཚིག་ཅིག་འདོན་གྱིན་འདུག་མོད། ཁ་བརྡའི་ཁྲོད་དུ་གཡེང་དྲགས་པས་གསལ་བོ་ཞིག་མ་ཐོས་རུང༌། རྗེས་མར་བྱིས་པ་ཞིག་གི་དྲིས་ལན་ཁྲོད་ནས་ཁོ་རང་ཡང་མ་འོངས་པར་དམག་མི་འདི་འདྲ་ཞིག་བྱེད་འདོད་ཅེས་ཟེར་བས་ཡོད་ཚད་གསལ་འགྲོལ་བྱས་སོང༌། སྐབས་དེར་ང་རང་ཧང་སངས་པར་བྱས་སོང་སྟེ། བྱིས་པ་འདི་འདྲའི་སྐབས་ནས་བཟུང་སློབ་གསོ་རྒྱག་པར་མི་ཞེད་དམ་སྙམ། འདི་ཡང་གཅིག་ཏུ་ན་ང་རང་དམག་མི་ཞེས་པའི་ཐ་སྙད་འདིར་དགའ་བོ་མེད་པས་ཡིན་སྲིད་མོད། བྱིས་པ་དེས་ཉམ་ཆུང་བའི་འཛུམ་ཞིག་སྟོན་གྱིན་དེ་ལྟར་བཤད་ཚུལ་གྱིས་དཔྱོད་ལྡན་སྐྱེ་བོ་སུ་ཞིག་གི་ཞེ་སེམས་མེར་བར་མི་བྱེད་དམ།

དེ་ལས་ཀྱང་འཇིགས་སུ་རུང་བ་ཞིག་ཡོད་པ་ནི། རྒྱབ་ཡོལ་ངོས་ཀྱི་རྒྱ་ཡིག་གི་ཡིག་འབྲུ་བརྒྱད་དེ། ”ཏང་གི་མཛུབ་སྟོན་ལ་ཉན་ཏེ། མི་དམངས་ལ་ཞབས་འདེགས་ཞུ་བ”ཞེས་པ་དེ་རེད། ཚོད་དཔག་མ་བྱས་པར་ཤེས་འོང་བ་ནི། གོང་གི་དམག་མི་དེས་བཏོན་པའི་ཏང་གི་འབོད་ཚིག་ཀྱང་འདི་དང་ཞེ་དྲག་ཉེ་སྟེ། འདི་ལྟའི་རིགས་དེ་ང་ཚོའི་རྣ་བར་བླུགས་དྲགས་པས་སོ། ། སྐབས་འདིར་བདག་གི་སེམས་སུ་ཝལ་གྱིས་ཤར་འོང་བ་ནི་སློབ་འབྲིང་སློབ་དེབ་ངོས་ཀྱི་དྲན་པ་ཞིག་སྟེ། ཉི་ཧོང་པ་ཚོས་རྒྱ་ནག་ལ་སྤེལ་བའི་བྲན་བསྒྱུར་སློབ་གསོ་ཞེས་པ་དེ་རེད། སློབ་གསོ་དེའི་ངོ་བོ་ནི་རྒྱ་ནག་གི་བྱིས་པ་ཆུང་ཆུང་ནས་བཟུང་ཉི་ཧོང་གི་སློབ་གསོ་སྤེལ་བ་དེ་རེད། ཡིན་ན་ཡང༌། སློབ་གསོ་དེ་ཉིད་ཡོངས་སུ་ལེགས་འགྲུབ་མ་བྱུང་སྟེ། ལོ་ངོ་འགའི་རྗེས་ནས་ཉི་ཧོང་པ་ཚོར་ཕམ་ཁ་རེག་བྱུང་བ་རེད།

སློབ་འབྲིང་དགེ་རྒན་གྱིས་གཅིག་གཅིག་གཉིས་གཉིས་ངང་གསལ་བོར་འཁྲིད་དུས་དེ་ཁོ་ན་ཉིད་ལས་ཕྱོགས་གཞན་ལ་བསམ་གཞིག་གཏོང་མ་ཐུབ་མོད། ད་ལྟ་ཕྱིར་མིག་བལྟས་ན་དགེ་སློབ་གཉིས་ལ་གཞན་བྲན་བསྒྱུར་སློབ་གསོ་སྤེལ་ཚར་བས་ཅི་ཁག་སྙམ། ལོ་བཅུ་ཕྲག་མང་པོའི་རིང་དུ་འདིའི་ཕྱོགས་ཀྱི་ལས་ཀ་སྒྲུབ་མཁན་ག་ཚོད་ཅིག་གསོ་སྐྱོང་བྱས་ཡོད་མེད་མི་ཤེས་མོད། གང་ལྟར། ད་དུང་འདིའི་ཕྱོགས་ལ་སྔར་ལས་ལྷག་པའི་ཤུགས་སྣོན་བཞིན་པ་མཐོང་ན་ལུས་ཀྱི་བ་སྤུ་རེ་རེ་ལ་དངངས་འདར་བརྒྱབ་འོང༌།

ཉི་ཧོང་གི་བྱེད་ཐབས་དེར་ཕམ་ཁ་བྱུང་ནས་ལོ་ངོ་བཅུ་ཕྲག་མང་པོ་འདས་པའི་དེ་རིང་ད་དུང་ཡང་རྒྱ་ནག་པ་དག་གིས་ཉི་ཧོང་ལ་འདྲེ་དམག་ཅེས་འབོད་ཅིང༌། རྒན་གཞོན་ཚང་མར་ལོ་རྒྱུས་ཀྱི་དྲན་པ་དེ་ཡང་དང་བསྐྱར་དུ་བསྒོ་བཞིན་འདུག ཕྱི་ངོས་ནས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་མཉམ་འབྲེལ་ཞེས་སྒྲོག་གིན་འདུག་ལ། ཉི་ཧོང་ས་འགུལ་ཆེན་མོའི་སྐབས་སུ་ཡང་རྒྱ་མི་ཁ་ཤས་བཏང་ནས་གནོད་སེལ་རོགས་སྐྱོར་ཞེས་པའི་རྣམ་པ་ཞིག་སྟོན་གྱིན་འདུག ཡིན་ན་ཡང༌། མི་རིགས་གཉིས་བར་གྱི་ཞེ་འཁོན་དེ་ད་དུང་ཇེ་གསལ་ཇེ་ཟབ་ཏུ་གཏང་ཅི་ཐུབ་ལ་འབད་ཀྱིན་པ་ནི་གློག་བརྙན་དག་གི་བར་གསེང་ནས་གསལ་བོར་ཤེས་འོང༌།

དེ་རིང་བདག་གིས་དེ་ཉིད་དྲན་དོན་ནི་སློབ་གསོ་གཉིས་ཀྱི་ངོ་བོ་ཡང་དག་མཚུངས་པས་སོ། ། ཏང་གི་དར་ཆ་འཕྱར་ནས་ཏང་གི་ཁ་གཡང་བསྒྲགས་ཏེ། ཏང་གི་སློབ་གསོ་སྤེལ་བ་ནི་སྲིད་གཞུང་ཞིག་གི་ལས་ཀ་མ་ཡིན་ནོ། ། བྱིས་པ་ཆུང་དུས་ནས་སློབ་གསོ་སྣ་གཅིག་གི་སྒེར་སྡོམ་འོག་ཏུ་འཇུག་ཅི་ཐུབ་ལ་འབད་པ་ནི་རྒྱལ་ཁབ་ཅིག་གི་གཟི་བརྗིད་མ་ཡིན་ནོ། ། བྱིས་པ་ནི་བྱིས་པ་རང་སྟེ། ཁོ་ཚོའི་དྲི་མས་མ་གོས་པའི་རྣམ་དག་སེམས་སུ་བཟང་ངན་གྱི་དབྱེ་བ་གང་ཡང་མི་འདུག་ལ། དབྱེ་འབྱེད་ཀྱི་ནུས་པ་ཤིན་ཏུ་ཆུང་བས། ཉམ་ཆུང་བའི་ཁོ་ཚོར་འདི་ནི་ཡང་དག་དང་གན་ནི་ནོར་འཁྲུལ་ལོ་ཞེས་སློབ་གསོ་རྒྱག་པ་ནི་ནོར་འཁྲུལ་ཏེ། བྱིས་བློའི་འཚར་སྐྱེད་ཀྱི་གོ་རིམ་ནི་རང་དབང་གི་གོ་རིམ་ཞིག་ཏུ་གནས་པས་དེ་ལ་ཁ་ལོ་བསྒྱུར་བ་ནི་སྒེར་སྡོམ་ཁོ་ན་ཉིད་དོ། །

སྤྱིར་བཏང་དུ། ཏང་དང་རྒྱལ་ཁབ་གང་ཞིག་ཡིན་རུང་དེ་ཉིད་གནས་པའི་ཉིང་སྒོས་ནི་མི་མང་གི་ཆེད་འབའ་ཞིག་གོ ། དེས་མི་མང་གི་རེ་འདུན་དང་དགོས་མཁོ་སྐོང་མི་ཐུབ་ཚེ་མི་མང་གིས་དེ་ཉིད་བརྗེ་སྒྱུར་བྱས་ཆོག་སྟེ། དབང་ཆ་འདི་ནི་མི་མང་རང་ལ་མངའ། ཡིན་ན་ཡང༌། སྒེར་སྡོམ་རྒྱལ་ཁབ་དག་གིས་མི་སྒེར་གཅིག་གམ་ཚོགས་པ་གཅིག་གི་ཁེ་ཕན་ཉི་ཚེ་བར་ཞབས་ཞུ་སྒྲུབ་པ་ལས་མི་མང་གི་ཁེ་ཕན་ལ་ཁ་ཡ་མི་བྱེད་པ་ཡིན། འདི་ནི་ཁོ་ཚོ་སྤྱིའི་ཁྱད་ཆོས་འབའ་ཞིག་ཀྱང་ཡིན།

གུང་ཁྲན་ཏང་སྟེ་ཐོན་མོང་ཐོན་སྐྱེད་ཚོགས་པ་གང་གི་ཁ་གཡང་མི་དམངས་ལ་ཞབས་འདེགས་ཞུ་བ་ཞེས་པ་དེའོ། ། སྐབས་འདིའི་མི་དམངས་ཞེས་པའི་གོ་དོན་ཅི་ཡིན་གང་ལྟར་ཀྱང༌། ཁོ་ཚོས་མང་ཚོགས་ཡིན་པར་སྒྲུབ་བྱེད་བཙལ་ཐག་ཆོད་ཡིན། མང་ཚོགས་ཀྱི་ཁེ་ཕན་ཆེད་དུ་བྱ་བ་སྒྲུབ་པའི་ཚོགས་པ་དང་སྲིད་གཞུང་གང་དེ། སྤྱིར་བཏང་དུ་མང་ཚོགས་ལ་སྐྲག་སྣང་འབྱུང་དགོས་མི་འདུག་སྟེ། ཁྱོད་ཀྱིས་མང་ཚོགས་ལ་བྱ་བ་ཇི་ལྟར་སྒྲུབ་པ་ལེགས་ན་མང་ཚོགས་ནི་ཁྱོད་ཀྱི་རྒྱབ་རྟེན་ཁོ་ན་ཉིད་དོ། ། ཡིན་ན་ཡང༌། བྱིས་པ་ཆུང་ཆུང་ནས་ཏང་གི་སློབ་གསོ་སྤེལ་བ་ནི་མང་ཚོགས་དགྲ་བོར་བཟུང་བའི་མངོན་ཚུལ་ཞིག་སྟེ། མེ་སྟག་ཆུང་ས་ནས་གསོད་དགོས་པའི་གནས་ལུགས་འདི་ཉིད་ནི་སྒེར་སྡོམ་སྲིད་གཞུང་གང་ལ་ཐུན་མོང་དུ་མངའ་བའི་ཁྱད་རྟགས་སོ། །

མི་དམངས་ལ་ཞབས་འདེགས་ཞུ་དགོས་པ་བདེན་ན། ངེས་པར་དུ་ཏང་གི་མཛུབ་སྟོན་ལ་ཉན་དགོས་མི་འདུག་སྟེ། དེ་ནི་སྲིད་ཚོགས་ཚང་མའི་འོས་འགན་ཉག་གཅིག་གོ ། སྲིད་ཚོགས་གང་དེ་ཆབ་སྲིད་ཀྱི་གར་སྟེགས་སུ་བུད་ནས་མི་མང་གི་ཆེད་དུ་བྱ་བ་སྒྲུབ་པ་ནི་ཆོས་ཉིད་ཅིག་རེད་མོད། སྒྲུབ་ཡུལ་གང་དེས་སྲིད་ཚོགས་དེ་ཡི་མཛུབ་སྟོན་ལ་ཉན་དགོས་པ་ནི་དམངས་གཙོ་མ་ཡིན་པའི་རྟགས་མཚན་འཁྲུལ་མེད་དོ། ། འདི་ལ་སྐུ་ཞབས་ཡུས་ཅེ་ལགས་ཀྱི་གཏམ་འདི་ཤིན་ཏུ་མད་དེ། མང་ཚོགས་བྱིས་པར་ལྟ་བའི་སྲིད་གཞུང་གང་དེ་ནི་བྱིས་པའི་སྲིད་གཞུང་ཞིག་ཅེས་པའོ། །

སྔོན་ཆད་ཧྥ་ཤི་སི་དང་ནཱ་ཛི་སོགས་ཀྱི་སྐབས་སུ། མང་ཚོགས་ཀྱིས་ངེས་པར་དུ་ཁོ་ཚོའི་མཛུབ་སྟོན་ལ་ཉན་དགོས་ཏེ། སུ་ཞིག་གིས་ཁོ་ཚོའི་མཛུབ་སྟོན་དང་འགལ་བའི་བྱ་བ་སྒྲུབ་ན་དེ་ཉིད་ཀྱི་མགོ་བོ་ཁྲག་དམར་འཛར་འཛར་གྱིས་ས་རུ་འབྲུལ་བར་ཐེ་ཚོམ་མེད་དོ། ། དེ་ལྟའི་སྡུག་རྩུབ་ཀྱི་དབང་གིས་ལོ་ངོ་བཅུ་ཕྲག་འདས་པའི་དེ་རིང་ཡང་མིང་ཡིག་དེ་དག་གླེང་ན་ཉེ་རིང་ཀུན་པོར་ཞེད་སྣང་སྐྱེས་བཞིན་པ་ལགས། ཡིན་ན་ཡང༌། དཔལ་ཡོན་དུས་རབས་སུ་བསྔགས་ཀྱིན་པའི་དེ་རིང༌། ང་ཚོའི་བྱིས་པ་དག་གི་རྒྱུད་ལ་དེ་ལྟའི་སྒེར་གཅོད་ཀྱི་ས་བོན་འཇོག་དོན་ག་རེ་ཡིན་ནམ། ག་རེ་ཡིན་ནམ།

གལ་ཏེ་ནམ་ཞིག་གི་ཚེ་ན། བྱིས་པ་འདི་དག་གིས་ཀྱང་རང་ཉིད་ལ་དེ་ལྟའི་སློབ་གསོ་ཡ་ང་བ་ཞིག་སྤེལ་པ་རྟོགས་དུས། ཁོ་ཚོའི་ཞེ་འཁོན་གྱི་མེ་དཔུང་གྱེན་དུ་འབར་ནས་དེ་དག་དགྲ་རུ་འཛིན་མིན་ལ་ཐེ་ཚོམ་མི་འདུག་སྟེ། འདི་ནི་འགྲོ་མི་རེ་རེ་ལ་གདོད་ནས་གྲུབ་པའི་གཉུག་གཤིས་སོ། ། ཁོ་ཚོས་ཀྱང་ནམ་ཞིག་རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་པའམ། དེ་ཡི་ལྟག་རྒྱབ་ཀྱི་གྲིབ་མ་ནག་པོ་དེ་བཞིན་དུ། ཏང་གི་སློབ་གསོ་སྤེལ་མཁན་དེ་དག་ལ་ལོ་རྒྱུས་ཀྱི་ཞེ་འཁོན་འཛིན་ངེས་ལ། དེ་ཡི་ཆེད་དུ་རང་གི་རིགས་རྒྱུད་རྗེས་མ་དག་ལ་ཡང་ལོ་རྒྱུས་ཀྱི་དྲན་པ་ཇེ་གསལ་ཇེ་ཟབ་ཏུ་གཏང་ངེས་ན། ང་ཚོས་ད་ལྟ་ཉིད་ནས་ཇི་ལྟར་བྱ་འོས་སམ།

བསམས་ཤིང་བསམ་བཞིན་དུ། ཁོ་ཚོའི་རྨོངས་མུན་གྱི་སློབ་གསོ་སྤེལ་སྟངས་དེ་མཐོང་ན་སྙིང་རྗེ་ཞིང༌། བྱིས་པ་དེ་དག་གི་ངོ་གདོང་མཐོང་ན་ཞེད་འོང༌། དེ་ལྟའི་སློབ་གསོ་ནི་གནའ་ནས་ད་ལྟའི་དབར་དུ་ལེགས་གྲུབ་བྱུང་མ་མྱོང་ཞིང༌། འབྱུང་ཐབས་མེད་པ་ཡང་ལོ་རྒྱུས་ཀྱིས་གསལ་ར་སྤྲད་འདུག་པས་ན། ད་དུང་ཡང་འདི་ལྟར་ཨུ་ཚུགས་ཀྱིས་འཇུག་དོན་ག་རེ་ཡིན་ནམ། ནམ་ཞིག སྙིང་ཉེ་བའི་ངོ་གདོང་དེ་དག་གིས་སེམས་ཀྱི་ཞེ་འཁོན་གནོན་མ་ཐུབ་པར་ཚེ་སྲོག་ལ་གནོད་པའི་སྦྱོར་བ་འདྲ་མིན་བརྩམ་འོང་ན་ཅི་བྱེད་དམ། བདག་གི་དཀོན་མཆོག་ཨང༌།

–ཞོག་ལྗངས།

http://www.shambalapost.com/2008-11-18-12-08-03/11624-2015-04-13-09-35-48

Leave a Comment

Your email address will not be published. Required fields are marked *

*