ང་ཡི་སྙན་ངག

ང་ཡི་སྙན་ངག༼རང་མོས༽
སྐྱབས་ཆེན་བདེ་གྲོལ།

ང་ཡི་སྙན་ངག་ནི་མར་མེ་ཞིག་གི་འཁྱག་ལ་ཉེ་བའི་སྡོང་རྐང་དེ་ཡིན
རྡུལ་ཕྲ་རབ་ཅིག་གི་ནང་སྙིང་དེ་ཡིན
འདར་འདར་བྱེད་ཀྱིན་པའི་རྒྱུད་སྐུད་དེ་ཡིན
གྲང་འཁྱག་གིས་འཆི་བཞིན་པའི་ཁྱི་སྨྱོན་ཞིག་གི་ཟུག་སྐད་དེ་ཡིན
རྨི་ལམ་འཇིགས་སུ་རུང་བ་དེ་དང
དུས་ཚོད་རྫོགས་མཐའ་མེད་པ་དེ་ཡིན

 

ང་ཡི་སྙན་ངག་ནི་བྱེ་མས་བཟོས་པའི་ལག་པ་ཞིག་ཡིན
ལྕགས་ལས་སྐྱེས་པའི་མེ་ཏོག་ཅིག་ཡིན
སྐར་མ་རབ་རིབ་ཅིག་ཡིན
སྐར་མ་རབ་རིབ་ཁྲག་ཁྲིག་དུ་མ་གཏུམ་བྱེད་ཀྱི་རས་ཕད་ནག་པོ་ཞིག་ཡིན

ང་ཡི་སྙན་ངག་ནི་སྙིང་དང་གློ་བ་གཉིས་དུས་གཅིག་ཏུ་སྲེག་བྱེད་ཀྱི
བྲལ་ཁའི་མིག་ཆུ་རྡོག་གཅིག་ཡིན འཆི་ཁའི་ཁ་ཆེམས་ཚིག་གཅིག་ཡིན
ཉོན་མོངས་ལས་མ་སད་པར་འཕག་འཚག་བྱེད་ཞོར་དུ་བཏབ་པའི
ཀུ་ཅོ་རིང་བོ་ཞིག་ཡིན

 

ང་ཡི་སྙན་ངག་ནི་དུག་དང་བདུད་རྩི་དང་གཟི་དང་ཉལ་ཐ་དང་
སྲོག་འཕྲོག་པ་དང་རྣམ་པར་མི་རྟོག་པ་དང་དཔལ་གྱིས་དྲེགས་པ་སོགས་སོ་སོར་ཕྱེད་པའི
སུས་ཀྱང་མཐོང་བའི་ཡུལ་དང་བྲལ་ནའང
གང་དང་གང་ལ་གཏན་དུ་འགྲོགས་པའི
འོད་ཀྱི་ཉག་མ་ཕྲ་མོ་ཕྲ་མོ ཤིན་ཏུ་ཕྲ་མོ་དེ་ཡིན་ནོ

 

2011/3/23
http://www.tibetcm.com/specialist/deydrol/2014-12-11/6961.html

 

This post is also available in: དབྱིན་ཇིའི་སྐད