བདུད་བྷེར་ཕུལ་བ།

2016 02 27 Dubey 4

ཐེའུ་རང་གིས་བདུད་བྷེར་བྲིས་པའི་སྙན་ངག་
༼བསྐལ་བའི་གཙང་བོ་༽
—-བདུད་བྷེར་ཕུལ་བ།

སྤྲིན་པའི་ཡང་སྟེང་གི་རླུང་བུ
རི་རབ་ཀྱི་རྩེ་མོར་འཕྱོ་བའི་བསུང་ཞིམ
གཙང་བོའི་ངོགས་ན་བཞད་པའི་རྨིག་རྗེས
རྩི་ཏོག་གི་རྐང་པ་ལྡེམ་པའི་གར
བྱ་རྒོད་ཀྱི་གཤོག་པས་བར་སྣང་ལ་སྐྱ་རེངས་བྲིས
འདོ་བའི་རྨིག་སྒྲས་ས་སྲོད་ཀྱི་གཙང་བོ་སྒུལ
མཚན་མོའི་སྦྲ་ནག་གི་ཁ་ཚུབ་ལས
སྤང་རྒྱན་མེ་ཏོག་གི་འདབ་མ་མེ་ལྕེས་འཁུར
སྤང་ལ་ལྷུང་བའི་ཡུ་མོའི་མིག་ཆུ
ལྷགས་རླུང་ཁྲོད་ཟགས་པའི་སྒོ་ཁྱིའི་ཟུག་སྐད
འབྲོང་གི་ཞོལ་རྩིད་ཀྱིས་བྲིས་པའི་ཁ་བའི་རི་མོ
ཉི་ཟླ་ཐང་ལ་བབས་པའི་འགྱུར་ཁུགས་ཀྱི་སྣང་བ
དབྱངས་ཀྱི་ནང་དུ་འོ་རུ་དང་རྩི་རུ་ཕབས
སྐད་ཀྱི་གདངས་སུ་མར་དང་ཕྱུར་བ་བཤིགས
ཚིག་གི་མདུད་པར་ཉི་འོད་དང་འཇའ་ཚོན་བསླེས
མ་ཨ་སེར་གྱི་ཆུ་ཟོམ་ཁར་འཁྱིལ་བའི
རྟ་འདོ་བའི་སྒ་སྲབ་སྟེང་འཕྱོ་བའི
ས་སྲོད་དང་རྒྱང་རིང་དང་མཚན་མོའི་འཇིག་རྟེན་བྱེ་བ
སྐྱོ་བ་དང་སྨྲེང་བ་དང་རེ་སྨོན་གྱི་སེམས་གཤིས་བྱེ་བ
ལྷུང་ལྷུང་བཞུར ལྷུང་ལྷུང

2016 02 27 Dubey

ཞིང་ཁམས་ཤིག
___བདུད་བྷེར་ཕུལ་བ།
སྐྱབས་ཆེན་བདེ་གྲོལ།

ཤྭ་བའི་རྨིག་རྗེས་ལ་ཆུ་འཁྱིལ
སྨུག་པའི་ནང་ལ་འཇའ་ཤར
མིང་མེད་པའི་ཁ་དོག་གཅིག་ཇེ་མང་ལ་སོང
འབྲོག་མོ་མཛེས་མའི་ལན་བུའི་ནང་ལ་ཟིལ་བ་ཆགས
ཐག་རིང་གི་གངས་རིའི་རྩེ་ན
ཞི་བའི་སྤྱན་དང་སྐར་ཚོགས་ཁྲ་ལམ་ལམ
འུར་ལྕག་ཅིག་གིས་མུན་པ་མར་ཕབ་སྟེ
མཚམས་སྤྲིན་བསུབ་པར་རྩོམ་དུས
བསང་དུད་ཀྱི་ཀློང་ན་དཔའ་བོ་གོ་ཁྲབ་ཤིག་སེ
གསོམ་ཟེའུ་ཡི་ནང་དུ་འོ་མའི་དུང་མདའ་ཤག་ཤག
སྐབས་དེར་བདུད་བྷེའི་གླུ་སྐད་ཀྱིས
སྦྲ་ནང་དཀར་གསལ་ལེར་བཏང
ཡུལ་གྱར་བ་དྲན་པའི་གདུང་བ་ཇེ་ལྗིར་སོང
སྲོག་གིས་ཁུར་བའི་སྐྱིད་སྣང་ཡང་ཇེ་ལྗིར་སོང
༢༠༡༦ ༢ ༣

2016 02 27 Dubey 3

གངས་ལྗོངས་འཛའ་གཞས་རྒྱལ་པོ། »
རྩོམ་པོ། འཁྱུག་གུ་ཆོས་བཟང་།

རྩྭ་ཐང་སྟེང་ན་ཁྱོད་ཀྱི་གར་སྟབས་ཡོད།།
མེ་ཏོག་གསེང་ན་ཁྱོད་ཀྱི་སྟངས་སྟབས་ཡོད།།
གཙང་ཆབ་འགྲམ་ན་ཁྱོད་ཀྱི་གླུ་སྐད་ཡོད།།
རི་ཀླུང་ཐང་གསུམ་ཀུན་ན་ཁྱོད་ཉིད་ཡོད།།
ཁྱོད་ནི་སྒང་པ་ཚང་ལ་ནམ་ཡང་ཡོད།།
ཁྱོད་ཀྱི་ལུས་ལ་རྩམ་དྲི་འཐུལ་གྱིན་ཡོད།།
ཁྱོད་ཀྱི་ངག་ལ་ཀ་ཁའི་གདངས་དབྱངས་ཡོད།།
ཁྱོད་ཀྱི་སེམས་ལ་རིགས་ཞེན་ལ་རྒྱ་ཡོད།།
ཁྱོད་ཀྱི་ལག་ལ་སྒྲ་བརྙན་སྦྲུལ་མགོ་ཡོད།།
ཁྱོད་ནི་མཐོ་སྒང་མཛེས་པའི་རྒྱན་དུ་ཡོད།།
མི་རིགས་ཤིག་གི་དབྱངས་རྟ་རིང་མོ་སྟེ།།
ཨ་མྱེ་རྒས་པོ་འདི་ཡི་ཉམས་འགྱུར་ལ།།
ལད་ཟློས་མ་བྱས་གླུ་པ་རང་འགྲེང་ཞིག།
སྒང་པ་ཚང་ལ་ཕལ་ཆེར་མེད་པས་ན།།
ཁྱོད་ནི་མཐོ་སྒང་གླུ་ཡི་སྣ་ཁྲིད་ཡིན།།
རྡུང་ལེན་རེ་ལ་འགྱུར་ཁུག་མ་འདྲ་རེ།།
དཀྲོལ་ལེན་རེ་ལ་དབྱངས་རྟ་མ་འདྲ་རེ།།
འཁྲབ་སྟོན་རེ་ལ་ཉམས་འགྱུར་མ་འདྲ་རེ།།
གླུ་གཞས་རེ་ལ་ཉན་རྒྱུ་མ་འདྲ་རེ།།
ཁྱོད་ནི་མཐོ་སྒང་གླུ་པའི་མགྲིན་ཚབ་ཡིན།།
རྡུང་ལེན་མཁན་པོ་གླུ་བ་བདུད་བྷེ་ཡི།།
ངག་གི་བརྩེ་བ་ཆར་ལྟར་འཇོ་བ་ཡི།།
སྒྱུ་རྩལ་གངས་རིའི་སྤོ་ནས་ངོམ་པ་ཡི།།
ཁྱོད་ནི་ང་ཚོའི་སེམས་ལ་ཐིམ་བཞིན་ཡོད།།
ཁྱོད་ནི་ང་ཚོའི་ངག་ལ་ཐིམ་བཞིན་ཡོད།།
ཁྱོད་ཉིད་རྒས་ཀྱང་གླུ་དབྱངས་མ་རྒས་ཡོད།།
ཁྱོད་ཉིད་གཤེགས་ཀྱང་གླུ་དབྱངས་འཛད་མཐའ་མེད།།
ཁྱོད་ཉིད་ཕེབས་ཀྱང་ཁྱོད་ཉིད་ད་དུང་ཡོད།།
ཁྱོད་ཉིད་འཇིག་རྟེན་ཁམས་ནས་ཡལ་བ་མེད།།
ཁྱོད་ཉིད་ང་ཚོའི་སེམས་ནས་ཡལ་བ་མེད།།
2016 2 2

2016 02 27 Dubey 2

གངས་ལྗོངས་ཁུ་བྱུག་སྔོན་མོ།
རིགས་བཟང་མ།

ཁུ་བྱུག་སྔོན་མོ་ཞེས་པར་གྲགས་པ་ཡི།།
ངག་གི་དབྱངས་དང་ཚིག་གི་ཁུགས་སོ་སོགས།། 
སེམས་ཀྱི་སྲུབས་སུ་རྟག་བརྟན་འཇགས་པར་བྱས།།
ཨ་ཕས་ལྷ་བསང་གཏོང་བའི་སྔ་ཕྱི་དང་།
ཨ་མས་བཞོ་དབྱངས་འཐེན་པའི་བར་གསེང་དུ།།
ཕུ་ནུ་རྩེད་འཇོར་རོལ་བའི་མདུན་རྒྱབ་ཏུ།།
ཁུ་བྱུག་སྔོན་མོའི་དབྱངས་རྟ་ཆད་པ་མེད།།
སྐད་ངག་དེ་ནི་ཕ་ལོའི་སེམས་པ་ཡིན།།
སྐད་ངག་དེ་ནི་མ་ལོའི་འཛུམ་མདངས་ཡིན།།
སྐད་ངག་དེ་ནི་ཕུ་ནུའི་སྤོབས་པ་ཡིན།།
སྐད་ངག་དེ་ནི་བུ་མོའི་ལང་ཚོ་ཡིན།།
སྐད་ངག་དེ་ལ་གངས་རིའི་གཏམ་རྒྱུད་ཡོད།།
སྐད་ངག་དེ་ལ་མེས་པོའི་ཁ་ཆེམས་ཡོད།།
སྐད་ངག་དེ་ལ་རིགས་ཀྱི་ལ་རྒྱ་ཡོད།།
སྐད་ངག་དེ་ལ་འཇིག་རྟེན་འཁོར་བ་ཡོད།།
སྐད་ངག་དེ་ལས་རྩྭ་ཐང་དྲན་པར་ཡོང་།།
སྐད་ངག་དེ་ལས་གཞིས་ཁྱིམ་དྲན་པར་ཡོང་།།
སྐད་ངག་དེ་ལས་ནང་མི་དྲན་པར་ཡོང་།།
སྐད་ངག་དེ་ལས་ཡོད་ཚད་དྲན་པར་ཡོང་།།
སྐད་ངག་དེ་ལ་བདག་གི་རྣམ་ཤེས་འཁྱིལ།།
སྐད་ངག་དེ་ལ་བདག་གི་བརྩེ་བ་འཁྱིལ།།
སྐད་ངག་དེ་ལ་བདག་གི་ཕྱིར་དྲན་འཁྱིལ།།
སྐད་ངག་དེ་ལ་བདག་གི་དྲན་གདུང་འཁྱིལ།།
ཁྱེད་ནི་དུས་རབས་ཤིག་གི་ཁུ་བྱུག་ཡིན།།
ཁྱེད་ནི་ལོ་རབས་ཤིག་གི་གླུ་བ་ཡིན།།
ཁྱེད་ནི་མི་རིགས་ཤིག་གི་མགྲིན་པ་ཡིན།།
ཁྱེད་ནི་བུ་མོའི་སེམས་ཀྱི་བྱིས་དུས་ཡིན།།

Leave a Comment

Your email address will not be published. Required fields are marked *

*