རས་པ་སྐལ་བཟང་ཚེ་རིང་། བོད་པ་ཚོ། ཡ་རབས་ཚུལ་ལྡན་གྱིས་གནས་སྐོར་བྱེད་རོགས།

གནའ་ནས་ད་བར། གངས་ཅན་པ་ཞིག་ཡིན་དུས། དྲིན་ཨ་མའི་ཁོག་ནས་སྐྱེས་ཏེ་དྲན་ཤེས་ཡོད་པ་ནས་བཟུང་། རྒས་པོ་ཚོའི་གཏམ་རྒྱུད་དང་ལྷ་སྒྲུང་གི་ཚོན་མདོག་བཀྲག་བའི་འཇིག་རྟེན་དེ་རུ་རི་དང་མཚེའུ། ཆུ་དང་ཤིང་། ཞིང་གོར་མོ་དང་རྡོ། རི་སྐྱེས་སྲོག་ཆགས་བཅས་ལ་འགྲོ་བ་མི་དང་འདྲ་བའི་ལུས་ཕུང་དང་། མིང་། གཤིས་ཀ། དགའ་སྐྱོ་ཆགས་སྡང་བཅས་ལྡན་པས་དེ་དག་ལ་གཅེས་སྐྱོང་དང་བརྩི་འཇོག་གང་ལེགས་བྱ་དགོས་ཞེས་གསུངས། འདི་ནི་ལྷ་སྒྲུང་དང་སྟོང་བསམ་རྐྱང་པ་ཞིག་མིན་ཏེ་མིའི་རིགས་དང་རང་བྱུང་ཁམས་ཆེན་མོ་བར་གྱི་ཆུ་དང་ཉ་མོ་ལྟ་བུའི་འབྲེལ་བ་དང་གནས་ལུགས་གང་མང་ཞིག་མཚོན་ཡོད། ཅི་རེད་ཅེ་ན། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཞེས་པའི་རྟེན་འབྲེལ་དེ་རེད།


ལུག་ལོ་ནི་གནས་ཆེན་ཁ་བ་དཀར་པོའི་རང་ལོ་རེད། ཆོལ་ཁ་གསུམ་ནས་ཡོང་བའི་བན་བོན་ཆོས་དད་རྣམས་དང་འགྲོགས་ཏེ། བསོད་ནམས་ལྡན་པའི་ང་རང་ཡང་རྒྱལ་ཐང་གི་གྲོགས་མཆོག་བཞི་དང་མཉམ་དུ་ཨ་མྱེ་ཁ་བ་དཀར་པོ་རྒྱ་སྐོར་གྱི་ལམ་ལ་ཆས། 2016-11-02-tibetans-pilgrimage-2

ཁ་བ་དཀར་པོར་རྒྱ་སྐོར་ཐེངས་གཅིག་སོང་ན། བདེ་ཆེན་རྫོང་དང་ཉིང་ཁྲི་ས་ཁུལ་གྱི་རྫ་ཡུལ་རྫོང་། ཆབ་མདོ་ས་ཁུལ་གྱི་མཛོ་སྒང་རྫོང་སོགས་ས་ཁོངས་སུ་རྒྱུ་དགོས་པ་དང་། མཚོ་འཕགས་སྨི་བཞི་སྟོང་བརྒྱད་བརྒྱ་ལྷག་ལྡན་པའི་གནམ་མཐོང་ལ་དང་སྨི་བཞི་སྟོང་བཞི་བརྒྱ་ཅན་གྱི་རྡོ་སྐས་ལ། སྨི་བཞི་སྟོང་ཉིས་བརྒྱ་ཅན་གྱི་ཤུག་ལ་རི་བོ་སོགས་དང་། འབྲི་ཆུ། རྫ་ཆུ། རྒྱལ་མོ་དངུལ་ཆུ་སོགས་གཏུབ་དགོས་འདུག རྐང་ཐང་རྐྱང་རྐྱང་འགྲོ་ན་ཆེས་མགྱོགས་ནའང་ཕལ་ཆེར་ཉིན་བརྒྱད་དགུ་ཙམ་མ་འགྲོ་ན་སྐོར་ར་གཅིག་ཐོན་མི་ཐུབ།རྒྱ་སྐོར་གྱི་འགྲུལ་བཞུད་ལམ་བར་དུ། གངས་ལྗོངས་ཀྱི་མཛེས་ལྗོངས་བརྗིད་ཉམས་འབུམ་གྱིས་ཕྱུག་ཅིང་མཛེས་སྒེག་སྟོང་དུ་ལྡན། དྭངས་ཤིང་གཙང་བའི་གནས་མཆོག་འདིས་མིའི་སེམས་ནང་གི་ནག་ནོག་དང་དྲི་མ་ཡོད་ཚད་གཙང་སེལ་བྱས་སོང་། གཞན་དབང་གིས་སྡུག་བསྔལ་མཐའ་ཡས་བཀལ་མྱངས་ཀྱང་མཛེས་སྒེག་དང་དགའ་སྤྲོ་གཏན་ནས་བོར་མ་མྱོང་བའི་ཕ་གཞིས་དྲོན་མོ་འདི་རུ། ལམ་བར་དུ་མིག་གི་ལོངས་སྤྱོད་དང་སེམས་ཀྱི་བདུད་རྩི་ལྟ་བུར་གྱུར་བའི་ཡུལ་ལྗོངས་ཡོད་ལ། གནས་སྐོར་བ་རྣམས་ཀྱི་རྨོངས་དད་རྗེས་ལུས་ཀྱི་འདུ་ཤེས་དང་ཀུན་སྤྱོད་མ་རབས་ལས་བྱུང་བའི་ན་ཟུག་དང་སྐྱོ་གདུང་ཡང་བགྲང་གིས་མི་ལོངས་བའང་མཆིས། བྱ་སྤྱོད་ངན་པ་དེས་རང་ཅག་གི་དག་ཞིང་ལྟ་བུའི་ཕ་ས་ཕ་ཡུལ་དེ་འབག་བཙོག་དང་ཉམས་ཉེན་དུ་བཏང་དང་གཏོང་བཞིན་འདུགཐག་རིང་ཀྱག་ཀྱོག་གི་རྒྱ་སྐོར་གྱི་ལམ་རྒྱུད་དེ་ཆུ་བོ་དང་ཆུ་མིག གྲོང་ཚོ་དང་འབྲོག་ས། གདོད་མའི་ནགས་ཚལ་དང་རྫ་རི་སྤང་རི་སོགས་ལ་བགྲོད་དགོས་པས། ཆུ་ཤོག་དང་འགྱིད་གི་གད་སྙིགས་འདྲ་མིན་སྣ་ཚོགས། བཏུང་བའི་རིགས་ཀྱི་དེམ་བེ། ཤེལ་དེམ། འགྱིད་གི་ཕོར་རུ། ལྕགས་ཀྱི་ཕོར་རུ། ལྕགས་རིགས་སྣ་ཚོགས་ཀྱི་གད་སྙིགས་ཆུ་ཁ་དང་ནགས་གསེང་། སྤང་ཐོག་དང་ལམ་འགྲམ། རི་འགོ་དང་གྲོང་ཚོ། འབྲོག་ས་བཅས་ལ་ག་ས་གང་དུ་ས་ཁྱབ་རྡོ་ཁྱབ་རེད། ལམ་བར་དུ་གནས་དེ་གའི་མི་རྣམས་ཀྱིས་གནས་སྐོར་བ་རྣམས་ལ་ཇ་འཐུང་ས་དང་ཞག་སྡོད་སའི་གུར་མང་པོ་ཕུབ་ཡོད། གུར་ཡོད་ས་ལ་འཚོ་བའི་གད་སྙིགས་དཀར་ལྷེམ་ལྷེམ་གྱིས་བཀང་ཡོད། གད་སྙིགས་ཀྱི་རི་རབ་ཐོག་ལ་སྦྲང་འབུ་ནག་ཚུབ་ཚུབ་འཁོར་ཡོད་པས་དྲི་ངན་དང་སྦྲང་འབུའི་འུར་ཟིང་དེ་མི་ལ་སྐྱུག་བྲོ་ཞིང་དབུགས་འབྱིན་དཀའ་བའི་སྣང་ཚོར་ཡ་ང་བ་ཞིག་སྟེར། 2016-11-02-tibetans-pilgrimage-3

ལམ་བར་ལ་གད་སྙིགས་སྒམ་ཐེབས་ཆག་ཁ་ཤས་འཇོག་ཡོད་ཀྱང་གད་སྙིགས་ཀྱིས་ལྟེམས་ལྟེམས་རེད། གད་སྙིགས་སྒམ་ཕྱིའི་ཁོ་ར་ཁོར་ཡུག་ཏུ་གད་སྙིགས་མ་གཏོགས་ཅི་ཡང་རིག་རྒྱུ་མེད། གནས་སྐོར་བ་རྣམས་ལ་ཁོར་ཡུག་སྲུང་སྐྱོང་དང་གད་སྙིགས་རང་གིས་སྡུད་རུབ། རང་རང་སོ་སོས་ཁྱེར་འགྲོ་རྒྱུའི་འདུ་ཤེས་ཡེ་ནས་མེད། གོམས་གཤིས་ངན་པ་དེའི་ཐད་མི་མང་པོ་ལ་བཤད་སྲོལ་ཡ་མཚན་ཞིག་ཡོད་པ་སྟེ། ནང་གི་སེམས་པ་གཙང་ན་ཕྱིའི་མི་གཙང་བ་དང་གད་སྙིགས་དེ་ང་ཚོའི་འོས་འགན་མ་རེད་ཅེས་ཟེར་བཞིན་འདུགདཔེར་ན་རྫ་ཡུལ་རྫོང་གི་ལ་འགོ་ཞིག་ཏུ། མཆོད་མེ་བཤམས་ས་དང་ལྷ་བསང་གཏོང་སའི་བསང་མཁར་ཞིག་ལས་འདུག གནམ་གཤིས་བཟང་དུས་དེ་ནས་ཁ་བ་དཀར་པོའི་ཞལ་རས་རྒྱང་མཇལ་ཐུབ་རེད་ཟེར་འདུག གནས་དེའང་གད་སྙིགས་ཀྱི་རྒྱ་མཚོ་ཞིག་གྱུར་འདུག ལ་འགོ་ལ་གནས་མཇལ་བ་རྣམས་ཀྱིས་འགྱིད་དང་ལྕགས་ཀྱི་ཕོར་རུ་ཁྲི་ཕྲག་སྤུངས་ཡོད་ཅིང་ཕོར་རུ་ནང་ལ་མར་དང་རྩམ་པ། ཀུ་ཤུ་སོགས་ཀྱི་མཆོད་པ་བཤམས་ཡོད། དུས་ཡུན་རིང་པོ་ཚ་གདུག་གི་ཉི་འོད་ཕོག་པས་རྩམ་པ་དང་མར། སིལ་ཏོག་དེ་དག་རུལ་ཚར་བས་དྲི་ངན་ཕྱོགས་བཞིར་ཁྱབ་པས་གནས་དེ་སྐྱག་ཁང་ལྟ་བུར་གྱུར་འདུག འགྱིད་ཕོར་དང་ལྕགས་ཕོར་རབ་དང་རིམ་པ་སྤུངས་བས་ཕོར་རུ་དེ་དག་མ་ཤོང་བས་ལམ་ཞོལ་གྱི་ནགས་རི་གསེང་ལ་ལྷུང་ནས་དེ་ནའང་ཕོར་རུ་ཡིས་བཀང་འདུགཕོར་རུ་ཡི་སྤུངས་བའི་ལ་འགོ་དེའི་ཡ་ཐོག་ལ་གནས་མཇལ་བ་རྣམས་ཀྱིས་བསྐྱུར་བའི་སྟོད་གོས་དང་དོར་མ། བལ་གོས། དངུལ་ལེན། ཞྭ་མོ་སོགས་གོན་ཆས་ཅི་རིགས་སྤུངས་ཡོད། གོན་ཆས་ཀྱི་རུལ་སངས་དྲི་མ་དང་མར་རྙིང་རྩམ་རུལ་གྱི་དྲི་ངན། སིལ་ཏོག་རུལ་བ་དང་བསང་དུད་ཀྱི་དྲི་མ་བཅས་འདྲེས་བསྲེས་བྱུང་བས་དྲི་ངན་མཚར་པོ་ཞིག་གིས་མི་ལ་ཞེ་ལོག་བཅུག་པ་དང་སྐྱུག་བྲོ་བཅུག དེའི་ཐོག་སྦྲང་འབུ་སྣ་ཚོགས་བན་བུན་ལྟར་འཚུབ་པས་དངོས་གནས་ཡ་ང་བའི་གནས་ཤིག་ཏུ་གྱུར་འདུག

2016-11-02-tibetans-pilgrimage-4

མཚམས་འདིར་བོད་པ་ཁ་ཤས་ཀྱིས། འདི་ནི་ང་ཚོའི་ལོ་ངོ་སྟོང་ཕྲག་རིང་ཆགས་པའི་ཆོས་ལུགས་དད་པ་ལས་བྱུང་བའི་གོམས་སྲོལ་ཞིག་རེད་ཅེས་བསམ་བཞིན་ཡོད་ན་ཐང་། རེད་དེ་ཁྱེད་ཅུང་སྒུག་རོགས། ང་ལ་ད་དུང་གནས་ཚུལ་ཡ་མཚན་གཞན་ཞིག་ཞུ་རྒྱུ་ཡོད།རྒྱ་སྐོར་འགྲོ་དུས་ལམ་ཐག་ཧ་ཅང་རིང་བས། མི་རྣམས་ཀྱིས་མི་རེས་ཕྱག་ཏུ་སྨྱུག་མའི་བེར་ཀ་རེ་བཟུང་ཡོད། འོ་ན་བེར་ཀ་འདི་དག་རང་ཁྱིམ་ནས་ཁྱེར་ཡོང་བ་ཨེ་རེད་ཟེར་ན་གཏན་ནས་མ་རེད། རྒྱ་སྐོར་ལམ་རྒྱུད་ཀྱི་ས་ཆ་དག་ནི་མཚོ་འཕགས་ཅུང་དམའ་ཞིང་ས་དྲོ་བས་ནགས་ཚལ་དུ་སྨྱུག་མ་སྐྱེ་འདུག གནས་སྐོར་བ་རྣམས་ཀྱིས་ལམ་ལྟག་ལམ་ཞོལ་དུ་སྨྱུག་མ་གང་མོས་གཅོད་པས་ག་ས་གང་ལ་སྨྱུག་མ་གཅོད་འཕྲོ་རེད། མ་གཞི་མི་རེ་ལ་བེར་ཀ་རེ་མ་གཏོགས་མི་དགོས་པས་སྨྱུག་ཤིང་གཅིག་གཅོད་ན་ཆོག་འདུག འོན་ཀྱང་མི་མ་དག་པ་ལ་མི་དགོས་དགུ་དགོས་ཡིན་པ་སྟེ་རྡོ་རིལ་རིལ་ཐམས་ཅད་དང་ཤིག་གུག་གུག་ཡོངས་རྫོགས་ཉར་རགས་བྱ་རྒྱུར་དགའ་བས། མི་གཅིག་གིས་དགོས་མི་དགོས་མ་བལྟས་ནས་སྨྱུག་ཤིང་གང་མང་བཅད་པ་དང་། མི་འགའ་རེས་མི་གཅིག་གིས་སྨྱུག་མ་བེར་ཀ་གསུམ་བཞི་ཙམ་ཁུར་བཞིན་འདུག བེར་ཀ་དེ་དག་མིའི་མཐོ་ཚད་དང་སྦོམ་ཕྲ་ལ་ལག་སྐུད་ཡས་མས་ཙམ་མཆིས། དེའི་རྒྱུ་མཚན་དྲིས་དུས་ལན་དུ་གནས་རིའི་བྱིན་རླབས་ཁྱིམ་དུ་ཁྱེར་དགོས་པ་དང་སྨྱུག་མ་བེར་ཀ་ག་ཚད་མང་ན་བྱིན་རླབས་དེ་ཙམ་ཆེ་ཞེས་ཟེར་སོང་། ཁོང་ཚོ་ལ་ཁོར་ཡུག་སྲུང་སྐྱོང་དང་རྩི་ཤིང་གཅེས་སྐྱོང་སོགས་ཀྱི་འདུ་ཤེས་རྩ་ནས་མེད། སྨྱུག་མ་སྦོམ་ཕྲ་མིའི་ལག་སྐུད་ཙམ་ཞིག་སྐྱེ་འཚར་བྱུང་དགོས་ན་ལོ་མང་པོ་དགོས་པ་ནི་ལྟ་ཅི་སྨོས། གནས་རིའི་ཐོག་ལ་ཅི་བསམ་གང་མོས་ཤིང་གཅོད་དང་ཁོར་ཡུག་གཏོར་བཤིག་བྱས་པ་དེ་བྱིན་རླབས་དང་བསོད་ནམས་བསགས་ས་ཡིན་་ཟེར་བ་དེ་དངོས་གནས་སྨྱོ་གཏམ་སྨྱོ་སྤྱོད་མ་རེད་དམ།

2016-11-02-tibetans-pilgrimage-5

ད་དུང་ཡ་མཚན་ཞིག་ལ། རྫ་ཡུལ་རྫོང་ཚ་བ་རོང་གི་ཨ་པན་དང་ཨ་པིན། ཨ་སྦན་དང་ཨ་པི་སོགས་དོན་གཅིག་ཡིག་ནོར་གྱི་རྣམ་གྲངས་མཐའ་ཡས་པ་ཞིག་བྲིས་ཡོད་པའི་གྲོང་པ་དེ་ནས་ཆབ་མདོ་ས་ཁུལ་མཛོ་སྒང་རྫོང་བལ་ཐོག་གྲོང་པ་བར་གྱི་ལམ་དུ། ཁ་བ་དཀར་པོའི་གནས་རྡོ་འཐུ་ས་རེད་ཅེས་ཟེར་བའི་ས་ཞིག་འདུག དེ་ནི་གཞུང་ལམ་གྱི་འགྲམ་ལ་རེད། མགོ་བོ་བཀྱགས་ཏེ་ཡར་ལྟ་དུས་རི་བོ་མཐོན་པོ་མར་ཞིག་བཞིན་ཡོད་པ་ལྟ་བུ་ཞིག་འདུག དེ་ནི་ཁ་བ་དཀར་པོའི་རྒྱབ་རི་ཞིག་རེད་ཟེར། རི་བོ་དེ་ལས་རྡེའུ་སྔོ་སྐྱ་ཅན་མང་པོ་འཇིག་ཡོད་པས་གཞུང་ལམ་གྱི་སྟོད་ཕྱོགས་ལ་གནས་རྡོས་བཀང་འདུག རེད་དེ་གནས་རྡོ་འཐུ་ས་ལ་རྡོ་གཅག་སའི་འཕྲུལ་འཁོར་རྙིང་རུལ་ཅན་གཉིས་འདུག ང་ཚོ་དང་མཉམ་འགྲོགས་བྱས་པའི་ས་དེ་གའི་ཕོ་གསར་ཞིག་གིས་བཤད་རྒྱུར། རྡོ་གཅག་འཕྲུལ་འཁོར་གཉིས་དེ་རྒྱ་མི་ཚོང་པ་ཞིག་གིས་ལོ་གཉིས་སྔོན་ལ་དེར་རྡོ་གཅག་ནས་ཨར་ལས་ལས་མཁན་དག་ལ་རྡེའུ་བཙོང་བས་སྒོར་མོ་མང་པོ་རག་འདུག་ཟེར། རྒྱ་མི་དེས་གནས་རྡོ་རང་བྱུང་ཆུ་བོ་འབབ་འདྲ་དེ་ལས་ཚོང་ལམ་ཡག་མོ་མཐོང་བས་ས་གནས་སྲིད་གཞུང་གི་འགོ་ཁྲིད་དག་ལ་ལྐོག་རྔན་སྤྲད་དེ་རྡེའུ་གཅག་ཆོག་པའི་ཆོག་མཆན་དང་དངུལ་ཁང་ནས་དངུལ་བུན་མང་པོ་ལོན་འདུག་ཟེར། ཉིན་ཞིག་ལ་རྒྱ་མི་དེས་སྲིད་གཞུང་གི་དངུལ་བུན་དང་ཨར་ལས་རུ་ཁག་དག་གི་སྒོར་མོ་འཁྱེར་བ་དང་། དེ་མ་ཟད་ས་དེའི་གྲོང་མི་མང་པོའི་གླ་རྒྱག་པའི་ཡོན་ཆ་བུ་ལོན་མ་སྤྲད་ནས་གར་སོང་ཆ་མེད་དུ་བྲོས་བ་རེད་ཅེས་ཟེར་འདུགགནས་སྐོར་བ་མང་པོ་ཞིག་གཅིག་ལས་གཅིག་མགྱོགས་ངང་རྡོ་གཅག་འཕྲུལ་འཁོར་འོག་གི་གནས་རྡོ་འཐུ་སྒྲུག་བྱས་ནས་ཁུག་མ་ནང་བརྫངས་གང་ཐུབ་བྱེད་བཞིན་འདུག ཕོ་གསར་དེས་སྐད་ངག་མཐོན་པོས་དེ་མ་རེད་དེ་མ་རེད། དེ་ནི་རྡོ་གཅག་འཕྲུལ་འཁོར་གྱིས་འཐག་པའི་རྡེའུ་རེད་ཅེས་བོས་ཀྱང་ཉན་མཁན་མི་འདུག ཡང་དེ་ནི་བྱིན་རླབས་རེད་ཟེར་ནས་རྩམ་མགོ་རྣམས་ཀྱིས་ཅི་ཐུབ་གང་ཐུབ་ངང་འཐུ་ཐལ།ཀུན་གྱིས་ཤེས་གསལ་ལྟར། བོད་བརྒྱུད་ནང་བསྟན་ནི་མ་གཞི་ཕྱི་སྣོད་ནང་བཅུད་ཀྱི་ཁོར་ཡུག་ལ་མཐོང་སྣང་ཆེན་མོ་དང་ལག་བསྟར་བྱས་པའི་ཆོས་ལུགས་ཡ་རབས་ཤིག་རེད། དཔེར་ན་སྤྱོད་འཇུག་དང་ས་བདག་བཤགས་འབུམ་ལ་སོགས་པའི་ཁོར་ཡུག་སྲུང་སྐྱོང་གི་བསྟན་བཅོས་མང་པོ་ནང་གསུངས་པ་དང་དམངས་ཁྲོད་ཀྱི་ཡུལ་སྲོལ་གོམས་གཤིས་ནང་བཞིན། ས་བརྐོ་རྡོ་སློག་ཤིང་གཅོད་གང་མོས་མི་ཆོག་པ་དང་། སོ་ཤིང་དང་མཆིལ་མ་གང་སར་འཕེན་གཏོར་མི་ཆོག་པ། ཆུ་ནང་ལ་གཅིན་སྐྱག་གཏོང་མི་ཆོག་པ། གང་མོས་ངང་འུར་སྒྲ་སྒྲོག་མི་ཆོག་པ། ཐབ་ཀ་ནང་ལ་སྐྲ་དང་གོས་ཧྲུལ་སོགས་སྲེག་མི་ཆོག་པ། བསང་གཏོང་བའི་དམིགས་ཡུལ་ནི་མཁའ་དབུགས་དྭངས་བ་དང་དྲི་བཙོག་སེལ་ཆེད་ཡིན་པ། ས་ཞིང་ནང་ལ་གསེར་དངུལ་ཟངས་ལྕགས་ཕྲན་བུ་སྦས་ཏེ་ལོ་ལེགས་ཡོང་ཐབས་དང་། ཞིང་ནང་ལ་རྫས་འགྱུར་ལུད་རྫས་མི་སྤྱད་པ།

2016-11-02-tibetans-pilgrimage-6

དམངས་ཁྲོད་ཀྱི་ཁ་དཔེ་ནང་ལ་རི་རབ་ཐོག་ལ་མེ་བརྒྱབ། རྒྱ་མཚོ་ནང་ལ་དུག་བཏབ་ཅེས་པ་དེ་ནི་སྡིག་པ་ཆེས་ཆེ་ཤོས་སུ་བརྩི་བ་དང་། ཆུ་ཨ་མ་གཉིས་ལ་གཙང་བཙོག་མེད། ཆུ་འདོམ་པ་གང་རེ་ལ་ལྷ་རེ། མི་རྟ་ཁྱི་གསུམ་རིགས་གཅིག མཐུན་པ་སྤུན་བཞི་དང་ཚེ་རིང་རྣམ་དྲུག་ཅེས་པ་སོགས་ལས་བསྟན་རྒྱུའང་མིའི་ཀུན་སྤྱོད་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་དེ་རེད།ངའི་ཕ་ཡུལ་དམངས་ཁྲོད་ལ་བྱི་བ་ལ་མིས་གནོད་འཚེ་བྱ་མི་ཉན་པ་མ་ཟད། བྱི་བའི་མིང་ལ་ཐད་ཀར་བྱི་བ་ཞེས་ཟེར་མི་ཆོག་ཅིང་ཡུལ་སྐད་ཀྱི་ཨ་གཞིས་ཏེ་ཡིག་སྐད་དུ་མཛེས་མ་ཞེས་འབོད་དགོས། ཆ་ག་པ་ནི་དགེ་སློང་ཞིག་གི་སྤྲུལ་བ་རེད་ཟེར་ནས་གསོད་མི་ཆོག་པ་རེད། དེའི་རྐྱེན་གྱིས་ངའི་ཕ་ཡུལ་ལ་བྱི་བའི་གནོད་སྐྱོན་དང་ཆ་ག་པའི་གནོད་སྐྱོན་ཞེས་པ་སོགས་གཏན་ནས་བྱུང་མ་མྱོང་།མི་རྣམས་རི་ནང་འགྲོ་དུས་རྩམ་པ་དང་ཟས་ཕྱེ་གྲོག་མ་དང་བྱ་བྱེའུ་ལ་གཟན་སྲོལ་ཡོད། བོད་མིས་ཉ་དང་འབུ་རིགས་མི་ཟ་མི་འཛིན་པ་དང་། རྟ་ཤ་བ་ཤ་དྲེལ་ཤ་ཁྱི་ཤ་སོགས་མི་ཟ། རྐྱོ་ཤ་( བོང་བུའི་ཤ་ ) ཞེ་ལ་མི་འོང་ཞེས་པའི་ཁ་དཔེའང་ཡོད། ཉ་པ་དང་རྔོན་པ། གཤེན་པ་སོགས་ནི་སྡིག་ཆེན་པོར་བརྩི་པ་རེད། ཤིང་གཅོད་དུས་ཤིང་ཕྲུག་མི་ལུས་མི་ལོང་བ་ཅན་བཅད་མི་ཉན་བ་དང་། ཐང་ཕྲུག་ཅིག་གཅོད་ན་མི་ཞིག་གསོད་པ་དང་འདྲ་ཞེས་ཟེར་སྲོལ་ཡོད།སྦྲིད་པ་རྒྱག་པ་དང་ཨིག་ཀ་རྒྱག་དུས་ལག་པས་ཁ་བཀབ་དགོས་པ་མ་ཟད་རྒྱག་མ་ཐག་པ་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིས་ཟེར་ནས་མཐོལ་ལོ་བཤགས་དགོས་པ་རེད། གང་རེད་ཟེར་ན་སྦྲིད་པ་དང་ཨག་ཀི་རྒྱག་པའི་སྐད་སྒྲ་དང་ཁ་དབུགས་དེས་བར་སྣང་གི་སེམས་ཅན་མཐའ་ཡས་པ་ལ་འཇིགས་སྐུལ་དང་འབག་བཙོག་བཟོས་རེད་ཅེས་ཟེར་སྲོལ་ཡོད།ང་ཚོའི་རླབས་ཆེན་མེས་པོ་ཚོས་འཛམ་གླིང་ཐོག་དེ་དུས་ཆེས་སྔོ་ཐོན་ཅན་གྱི་ཁོར་ཡུག་སྲུང་སྐྱོང་གི་བསྟན་བཅོས་དང་ལག་ལེན་གྱི་བྱས་རྗེས་ཆེན་མོ་འཇོག་ཡོད། རེད་དེ་འདི་དག་ནི་ཁ་རྩང་གི་ལོ་རྒྱུས་ཙམ་རེད། ཁ་རྩང་གི་བཏུང་བས་དེ་རིང་གི་བཀྲེས་སྐོམ་སེལ་ག་ལ་ཐུབ། དེང་རབས་ཀྱི་བཟོ་ལས་གསར་བརྗེ་དང་ཚན་རིག་ལག་རྩལ་ཡར་ངོ་ཟླ་ལྟར་འཕེལ་རྒྱས་སོང་བཞིན་ཡོད། མིའི་རིགས་ལ་ཚན་རིག་ལས་བྱུང་བའི་འགལ་ཟླ་དང་གནད་དོན་གསར་པའང་བགྲང་གིས་མི་ལོང་བ་བྱུང་དང་འབྱུང་བཞིན་ཡོད། དཔེར་ན་གློག་རྡུལ་ཐོན་རྫས་ཀྱི་གད་སྙིགས། འགྱིད་དང་ཆུ་ཤོག་གི་གད་སྙིགས། ཤེལ་གྱི་རིགས་སྣ་ཚོགས་ཀྱི་གད་སྙིགས། ལྕགས་རིགས་འདྲ་མིན་སྣ་ཚོགས་ཀྱི་གད་སྙིགས། རྫས་འགྱུར་ཚི་སྣ་སྣ་ཚོགས་གད་སྙིགས་སོགས་ང་ཚོ་བོད་ཀྱི་ཆོས་ལུགས་དང་བསྟན་བཅོས་ནང་མེད་པ་ནི་ལྟ་ཅི་སྨོས། དེར་བརྟེན་བོད་ཀྱི་དངོས་ཡོད་སྤྱི་ཚོགས་ལ་གཞིགས་ན། བན་བོན་གྱི་དགོན་པ་སོ་སོ་དང་བླ་མ་སྤྲུལ་སྐུ་རྣམ་པས་འདིའི་ཐད་ལ་ལས་འགན་ཕྲག་ཏུ་བཞེས་ནས་ཆོས་དད་མང་ཚོགས་རྣམས་ལ་རང་བྱུང་ཁོར་ཡུག་སྲུང་སྐྱོང་གང་ལེགས་དང་ཀུན་སྤྱོད་ཡ་རབས་སྐྱོང་དགོས་པའི་སློབ་གསོ་དང་མཛུབ་སྟོན་བྱ་རྒྱ་ནི་ཁ་ཚ་དགོས་གཏུག་གི་དོན་དག་གལ་ཆེན་ནང་གི་འགངས་ཆེན་ཞིག་ཏུ་གྱུར་འདུག བླ་མའི་གསུང་དང་དགོན་པའི་ཁྲིམས་ནི་ཆོས་དད་མང་ཚོགས་རྣམས་ལ་ཆ་བཞག་ན་བརྒྱ་ཆ་བརྒྱ་ཡིས་བརྩི་སྲུང་ཐུབ་པ་ནི་བཤད་ཅི་དགོས། བླ་མ་དང་དགོན་པ་སོ་སོས་ཐོག་མར་རང་ཉིད་ཀྱིས་དེང་རབས་ཁོར་ཡུག་སྲུང་སྐྱོང་ཐད་ལ་རྒྱུས་ལོན་གསལ་པོ་དང་སློབ་སྦྱོང་ཡག་མོ་བྱ་རྒྱུ་ཧ་ཅང་གལ་ཆེ་བ་དང་། དགོན་པ་དང་བླ་མས་སྤྱི་ཚོགས་ཀྱི་གནས་ཚུལ་དངོས་ལ་རྟོག་དཔྱོད་ཞིབ་འཇུག་ཡག་མོ་བྱ་དགོས་པ་དང་སྤྱི་ཚོགས་ཀྱི་ཉམས་ཉེན་དངོས་ལ་དོ་སྣང་དང་སེམས་ཁུར་བྱ་རྒྱུ་ནི་བསྙོན་དུ་མེད་པའི་དོན་ཞིག་ཏུ་གྱུར་ཡོད། དུས་ད་ལྟར་རང་ས་རང་གིས་སྲུང་ཐུབ་མིན་དང་གནས་རི་གནས་མཚོ་བཅས་ང་ཚོའི་ཁྱིམ་གཞིས་དྲོན་མོ་འདི་སྲུང་སྐྱོང་ཡག་མོ་ཐུབ་མིན་ནི་ང་ཚོའི་ལས་དབང་ཉག་གཅིག་ཏུ་གྱུར་འདུག དེའི་རྐྱེན་གྱིས་དགོན་པ་སོ་སོ་དང་བླ་མ་རྣམ་པས་ཆོས་དད་མང་ཚོ་རྣམས་ཁོར་ཡུག་སྲུང་སྐྱོང་གི་ལེགས་ལམ་དུ་བཀྲི་དགོས་འདུག སྐྱེས་ཆེན་དམ་པ་དང་མཁས་པ་ཆེན་མོ་དག་གིས་ཀྱང་དེང་རབས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་རིག་གཞུང་དང་ཉམས་ལེན་དེ་དག་རང་ཅག་གི་ཆོས་ལུགས་སུ་སྡུད་ལེན་བྱ་རྒྱུ་ནི་ཧ་ཅང་རྩ་ཆེན་ཞིག་རེད་སྙམ། མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ལག་ལེན་དར་སྤེལ་གཏོང་རྒྱུ་ཧ་ཅང་གལ་ཆེ།

2016-11-02-tibetans-pilgrimage-7

གད་སྙིགས་ཀྱིས་བཀང་བའི་གངས་ལྗོངས་ལ་ལྟོས་ཤིག འབག་བཙོག་གིས་བསླད་པའི་གངས་ལྗོངས་ལ་ལྟོས་ཤིག གནས་ཆེན་ཁ་བ་དཀར་པོ་མ་ཚད་གངས་རིན་པོ་ཆེ་དང་མཚོ་སྔོན་པོ། ལྷ་མོ་ལྷ་མཚོ་སོགས་ང་ཚོས་མིག་མཐོང་ལག་ཟིན་གྱི་གནས་རི་གནས་མཚོ་དང་ཆུ་འགོ་བཅས་ལ་ཅིག་ལྟོས་དང་། གད་སྙིགས་ཡ་ང་བའི་གནད་དོན་འདི་ནི་དེང་སང་བོད་ལ་ཐུག་པའི་གནད་དོན་ཆེས་ཆེ་ཤོས་གསུམ་ཞེས་པ་སྟེ་མི་གྲངས་ཉུང་དྲགས་པ་དང་སྐད་ཡིག་ཉམས་ཉེན་ཆེ་བ། གད་སྙིགས་མང་དྲགས་པ་བཅས་གནད་དོན་ཆེན་མོ་གསུམ་ནང་གི་ཡ་གྱལ་ཞིག་ཏུ་གྱུར་ཡོད།བྱམས་སྙིང་རྗེ་དང་ལས་དགེ་སྡིག་ཡོད་མཁན་གྱི་བོད་པ་ཞིག་ཡིན་ན། ད་ནས་བཟུང་ཁྱེད་ཀྱིས་རང་གི་རྨོངས་དད་རྗེས་ལུས་ཀྱི་བསམ་སྤྱོད་དེ་དག་དགྲ་ལྟར་སྤོང་ནས། ཡ་རབས་ངང་གནས་སྐོར་བྱ་རོགས། ད་ནས་བཟུང་ཁྱེད་ཀྱིས་སངས་རྒྱས་སྟོན་པ་དང་སྟོན་པ་གཤེན་རབ་མི་བོ་ཆེའི་བཀའ་དང་གསུང་བྱ་ངོ་མ་ལ་སློབ་སྦྱོང་དང་རྒྱུས་ལོན་གང་མང་བྱས་ནས། ཁོར་ཡུག་ལ་གཅེས་དགའ་དང་ཁོར་ཡུག་ལ་སྲུང་སྐྱོང་ཡག་མོ་བྱ་རོགས། འདི་ནི་ཁྱེད་ཀྱི་དགེ་བ་དང་ཚོགས་བསགས་ཆེས་ཡག་ཤོས། བསོད་ནམས་ཀྱི་འབྱུང་ཁུངས་ཆེས་ལེགས་ཤོས་ཤིག་ཡིན་པ་གདོན་མི་ཟ།

http://www.wtoutiao.com/p/R44Kcn.html

 

This post is also available in: རྒྱ་སྐད , དབྱིན་ཇིའི་སྐད