འོད་ཟེར། མེ་ལྕེ་འབར་བཞིན་པའི་བོད།

སྤྱི་ལོ་༢༠༠༩ལོའི་ཟླ་༢ཚེས་༢༧ཉིན་ཨ་མདོ་རྔ་པ་ཀིརྟི་དགོན་པའི་དགུང་གྲངས་༢༥ལ་ཕེབས་པའི་དགེ་འདུན་པ་བཀྲ་བྷེ་ལགས་ནས་རང་ལུས་མེར་བསྲེགས་བཏང་བ་འདི་ནི་ཕལ་ཆེར་བོད་ནང་རང་ལུས་མེར་སྲེག་གི་ཐབས་ལམ་ཐོག་ནས་སེམས་ནང་གི་རེ་འདུན་བཏོན་མཁན་ཐོག་མ་འདི་ཆགས་ཀྱི་ཡོད། གུས་མོས་བྲིས་པའི་རྩོམ་ཡིག་<>ཟེར་བ་དེའི་ནང་། ཁོང་གིས་གངས་སེང་གི་དར་ཆ་དང་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་མཐོན་པོར་འཕྱར་ཞིང་། ཁོང་གིས་སྣུམ་གྱི་ཚོས་པའི་ཆོས་གོས་ལ་མེ་སྤར་ཡོད་ལ། ཁོང་གིས་ལུས་པོར་མེ་ལྕེས་འཐུམ་བཞིན་ཁྲོམ་གཞུང་ཐོག་སྐྱོད་པ་དེ་ནི་བོད་ཀྱི་ས་ཁུལ་དུ་ཁྱབ་ནས་ཡོད་པའི་མུན་ནག་ལ་ངོ་རྒོལ་གྱི་ཆེད་དུ་ཡིན་པ་རེད་ཅེས་བྲིས་ཡོད།

ལོ་གཉིས་ཀྱི་རྗེས་དེ་ཡང་སྤྱི་ལོ་༢༠༡༡ལོའི་ཟླ་༣ཚེས་༡༦ཉིན་ཨ་མདོ་རྔ་པ་ཀིརྟི་དགོན་པའི་དགུང་གྲངས་༢༠ཕེབས་པའི་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད། ས་གནས་བོད་མིས་བརྗོད་པར་གཞིགས་ནས་གུས་མོས་རྩོམ་ཡིག་ནང་སྐབས་དེ་དུས་ཀྱི་རྣམ་པ་ཟིན་ཐོ་བཀོད་ཡོད་པ་སྟེ། ཁོང་རང་གཅིག་པུར་དམག་མི་དང་ཉེན་རྟོག་པའི་ལྟ་སྲུང་དམ་པོ་ཡོད་པའི་དགོན་པ་ནས་ཞལ་བྲལ་ཏེ་ཉིན་རྒྱབ་ཉི་འོད་འཕྲོས་པའི་ཁྲོམ་གཞུང་ཐོག་སྐྱོད་ནས་གློ་བུར་དུ་ཆེ་ལྷང་ངེར་འབར་བཞིན་ཡོད་པའི་མེ་ཚོགས་ལ་གྱུར་ཡོད། མེ་ཚོགས་ཁྲོད་ནས་ཁོང་གི་སྐད་སྒྲ་གོ་ཡོང་བ་ནི་༧རྒྱལ་བ་རིན་པོ་ཆེ་ཕྱིར་ལོག་ཕེབས་བཅུག་དགོས། བོད་ལ་རང་དབང་དགོས་ཀྱི་འདུག་ཅེས་པ་དེ་རེད། མི་ཚོ་ཧང་སང་ཧོན་ཐོར་ནས་ལྟ་བཞིན་ཁྲོམ་གཞུང་ཐོག་དྲག་ཆས་སྤྲས་པའི་དམིགས་བསལ་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ། དེ་བཞིན་ཉེན་རྟོག་པ་དང་དྲག་ཆས་མ་སྤྲས་པའི་དམག་མི་སོགས་ཀྱིས་ཁེངས་ནས་ཡོད་པ་དེ་ཚོས་ལམ་སེང་མཐའ་སྐོར་ཏེ་རྒྱུགས་སླེབས་ནས་ལག་པའི་ཐོག་གི་རྒྱུག་པས་སྙིང་རྗེ་སྤུ་ཙམ་མེད་པར་སྐུ་ཞབས་ཕུན་ཚོགས་ལགས་ལ་ཉེས་རྡུང་དྲག་པོ་བཏང་ཡོད་པས་འདི་ནི་མེ་བསད་ཀྱི་ཡོད་པ་རེད་དམ། ཡང་ན་ཁོང་ལ་ཉེ་རྡུང་བཏང་གི་ཡོད་པ་རེད་དམ་ཞེས་བྲིས་ཡོད།

ཡང་ཟླ་བ་ཁ་ཤས་སོང་བའི་རྗེས་ནས་ཁ་ས་སྤྱི་ལོ་༢༠༡༡ལོའི་ཟླ་༡༠ཚེས་༡༧བར་གཅིག་རྗེས་གཉིས་མཐུད་ངང་རང་ལུས་མེར་བསྲེགས་བཏང་བའི་དོན་རྐྱེན་ཐེངས་བརྒྱད་ཐོན་ཡོད། དགུང་གྲངས་༢༩ཕེབས་པའི་ཚེ་དབང་ནོར་བུ་ལགས་ནི་ཁམས་རྟའུ་རྫོང་ཉ་མཚོ་དགོན་གྱི་དགེ་འདུན་པ་ཡིན་པ་ཕུད། དགུང་གྲངས་༡༨ལ་ཕེབས་པའི་བློ་བཟང་སྐལ་བཟང་ལགས་དང་དགུང་གྲངས་༡༨ཕེབས་པའི་བློ་བཟང་དཀོན་མཆོག་ལགས། དགུང་གྲངས་༡༧ཕེབས་པའི་སྐལ་བཟང་དབང་ཕྱུག་ལགས་བཅས་ནི་ཀིརྟི་དགོན་པའི་དགེ་འདུན་པ་ཡིན་ཞིང་། དགུང་གྲངས་༡༩ཕེབས་པའི་ཆོས་འཕེལ་ལགས་དང་དགུང་གྲངས་༡༨ལ་ཕེབས་པའི་མཁའ་དབྱིངས་ལགས། དགུང་གྲངས་༡༩ལ་ཕེབས་པའི་ནོར་བུ་དགྲ་འདུལ་ལགས་ཀྱང་དེ་སྔོན་ཀིརྟི་དགོན་པའི་དགེ་འདུན་པ་རེད་འདུག དགོན་པར་དྲག་གནོན་བྱས་པའི་རྣམ་པར་བཟོད་མི་ཐུབ་པར་དགོན་པ་ནས་ཞལ་བྲལ་ཏེ་སྐྱ་བབས་དགོས་བྱུང་ཡོད། ལྷག་པར་དུ་སེམས་སྡུག་ཡོང་བ་ཞིག་ནི་ཁ་ས་རང་ལུས་མེར་བསྲེགས་བཏང་མཁན་དགུང་གྲངས་༢༠ལ་ཕེབས་པའི་བསྟན་འཛིན་དབང་མོ་ལགས་ཁོང་ནི་རྔ་པ་མ་མའི་བཙུན་དགོན་བདེ་ཆེན་ཆོས་འཁོར་གླིང་གི་བཙུན་མ་རེད།

རང་ལུས་མེར་བསྲེགས་བཏང་བ་དེས་གང་མཚོན་གྱི་ཡོད་པ་རེད་དམ། རང་ལུས་མེར་བསྲེགས་བཏང་བ་དེ་རང་ཤི་རྒྱབ་པ་དང་གཅིག་མཚུངས་ཡིན་ནམ། བོད་མི་གྲ་བཙུན་མང་པོས་རང་ལུས་མེར་བསྲེགས་བཏང་བ་དེ་ནི་ལ་རྒྱ་འདོར་ནས་སྤྲུལ་སྐུ་ཡིན་ཟེར་མཁན་ཟི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་འགོ་ཁྲིད་གཞོན་པ་རྒྱལ་བསྟན་ནས་བརྗོད་པ་བཞིན། རང་ཤི་རྒྱག་པ་ནི་སྲོག་བཅད་ནང་གི་ཚབས་ལྗིད་ཤོས་དང༌། རང་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་ཚང་མ་མི་གཤིས་དང་རྒྱབ་འགལ་འགྲོ་གི་ཡོད་པ། དགེ་འདུན་པ་རང་ལུས་མེར་བསྲེགས་བཏང་བའི་དོན་རྐྱེན་བསྟུད་མར་ཐོན་པ་དེར་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཚང་མ་ནས་གོ་བ་ལེན་མི་ཐུབ་པ་དང་སུན་སྣང་ཡོང་གི་ཡོད་ཅེས་པ་ལྟར་རེད་དམ།

ད་ལྟ་བར་འཛམ་གླིང་ཡོངས་ནས་དྲན་སོས་པར་ལོ་ངོ་༤༨སྔོན་ཝིཏི་ནམ་གྱི་ནང་པའི་དགེ་འདུན་པ་ཞིག་ནས་མི་ཚོགས་མང་བའི་Saigonལ་རང་ལུས་མེར་བསྲེགས་བཏང་ཡོད། མི་ཚོས་ཁོང་ནི་རང་སྲོག་ལེགས་སྐྱེས་སུ་ཕུལ་མཁན་རླབས་ཆེན་མི་སྣར་རྩིས་ཀྱི་ཡོད་པ་མ་ཟད། ཐང་ཆེན་ཐོག་ཁོང་ལ་ཟངས་ཀྱི་འདྲ་སྐུ་ཞིག་བཞེངས་ཏེ་རང་ལུས་མེར་བསྲེགས་བཏང་བའི་ཡིད་སྐྱོ་ཞིང་བརྗིད་ཉམས་ལྡན་པའི་རྣམ་པ་འདི་བསྐྱར་དུ་མངོན་པར་བྱས་ཡོད། ཡང་དགུང་གྲངས་༦༧ལ་ཕེབས་པའི་དགེ་འདུན་པ་Thich Quang Ducཁོང་གིས་རང་ལུས་མེར་སྲེག་མ་བཏང་གོང་ཞལ་ཆེམས་ཤིག་བཞག་ཡོད་པ་དེའི་ནང་། ངས་མིག་བཙུམ་ནས་སངས་རྒྱས་མཇལ་བར་མ་སྐྱོད་གོང་ངས་སྲིད་འཛིན་ལ་རེ་སྐུལ་ཞུ་རྒྱུར། གདུང་སེམས་ཉམས་སྐྱེས་ཀྱི་སེམས་པ་ཞིག་གི་ཐོག་ནས་མི་དམངས་སྐྱོང་དགོས་པ་མ་ཟད། ད་དུང་ཁོང་གིས་ཁས་ལེན་བྱས་པའི་ཆོས་ལུགས་འདྲ་མཉམ་གྱི་དམ་བཅའ་འདི་ལག་བསྟར་དོན་འཁྱོལ་ཐུབ་པ་ཡོང་བ་གནས་རོགས་ཞེས་དང་། ཡང་ངས་ཆོས་ལུགས་ཁག་གི་མི་སྣ་དང་དེ་བཞིན་རྒྱ་ཆེའི་ནང་ཆོས་དད་ལྡན་པ་ཚོར་འབོད་སྐུལ་ཞུས་ཏེ་ནང་ཆོས་ལ་སྲུང་སྐྱོབ་ཆེད་དགོས་ངེས་ཀྱི་དུས་སུ་རང་སྲོག་བློ་གཏོང་དགོས་པའི་འབོད་སྐུལ་ཞུས་ཟིན་ཞེས་གསུངས་ཡོད། འདི་ཡང་ཏག་ཏག་བོད་མི་སྐྱ་སེར་བཅུ་པོས་རང་ལུས་ལ་མེ་སྤར་བའི་སྐབས་དེར་བཏོན་པའི་སེམས་སྟེང་གི་སྐད་སྒྲ་འདི་རེད།

སྐབས་དེ་དུས་Thich Quang Duc ནས་རང་ལུས་མེར་བསྲེགས་བཏང་བའི་རྗེས་ཀྱི་ཟླ་བ་ཁ་ཤས་ནང་ཝིཏི་ནམ་དུ་ཡང་མུ་མཐུད་གྲ་བཙུན་དྲུག་གིས་ཁྲོམ་གཞུང་ཐོག་སྐྱོད་དེ་རང་ལུས་ལ་མེ་སྤར་ཡོད། ཝིཏི་ནམ་གྱི་དགེ་འདུན་པ་ཞིག་གིས་གཏན་འཁེལ་པོའི་ངང་འགྲེལ་བརྗོད་གནང་བ་མ་ཟད། ད་དུང་རང་སྲོག་ལེགས་སྐྱེས་སུ་ཕུལ་མཁན་གྱི་བྱ་སྤྱོད་ལ་གདེང་འཇོག་གནང་བར། གསར་འགྱུར་བརྒྱུད་ལམ་ཁག་ནས་འདི་ནི་རང་ཤི་རྒྱག་པར་བརྗོད་ཀྱི་ཡོད། འོན་ཀྱང་ངོ་བོ་ཐོག་ནས་འདི་ནི་རང་ཤི་རྒྱག་པ་ཞིག་མ་རེད། དགེ་འདུན་པ་ཁོང་ཚོས་རང་ལུས་མེར་སྲེག་མ་བཏང་སྔོན་བྲིས་པའི་ཡི་གེའི་ནང་ཁོང་ཚོའི་དམིགས་ཡུལ་ནི་རྨོངས་གཉིད་ལས་སད་པའི་ཆེད་དུ་དང་དྲག་གནོན་པའི་སེམས་པ་འགུག་པའི་ཆེད་དུ་ཡིན་པ་མ་ཟད། ད་དུང་འཛམ་གླིང་ཡོངས་ནས་གནོད་འཚེ་ཕོག་པའི་ཝིཏི་ནམ་གྱི་མི་དམངས་ལ་དོ་སྣང་ཡོང་བའི་ཆེད་དུ་ཡིན་པ་འགྲེལ་བརྗོད་གནང་ཡོད། ཡང་རང་ལུས་མེར་བསྲེགས་བཏང་དོན་ནི་ཁོང་ཚོས་བརྗོད་པའི་གནད་དོན་འདི་གལ་འགངས་ཧ་ཅང་ཆེན་པོ་ཡིན་པ་ར་སྤྲོད་ཐུབ་པའི་ཆེད་ཡིན་ཞིང་། རང་ལུས་མེར་བསྲེགས་བཏང་མཁན་ཝིཏི་ནམ་གྱི་དགེ་འདུན་པ་དེས་ཁོང་གི་ནུས་ཤུགས་ཡོད་ཚད་བཏོན་པ་དང་ཆོས་སེམས་བརྟན་པོའི་ངང་དཀའ་སྡུག་ཆེ་ཤོས་འདི་མྱོང་ནས་ཁོང་གི་མི་དམངས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་པ་ཁ་གསལ་བཏོན་ཡོད་ལ། རང་ལུས་མེར་བསྲེགས་བཏང་བ་བརྒྱུད་བསམ་འདུན་བཏོན་པ་འདི་གཏོར་བཤིག་ཅིག་ཡིན་པར་ངོས་འཛིན་བྱ་རྒྱུ་མེད། དེ་ལས་ལྡོག་སྟེ་དེ་ནི་འཛུགས་སྐྲུན་ཞིག་ཡིན་ལ། དེ་ནི་མི་དམངས་ཀྱི་ཆེད་དུ་དཀའ་སྡུག་མྱོང་པའི་ཐོག་རང་སྲོག་འདོར་བ་ཞིག་དང་། འདི་ནི་རང་ཤི་རྒྱག་པ་ཞིག་མིན་པ་རེད་ཅེས་བརྗོད་ཡོད།

དོན་དངོས་ཐོག་སྙིང་རྗེ་སྤུ་ཙམ་མེད་པ་ནི་སྒེར་སྤྱོད་པ་རེད་ལ། གདུག་རྩུབ་ཀྱི་སྲིད་གཞུང་འདི་ཡིན་ཞིང་། ཁོང་ཚོས་སྒོམ་པ་ཉམས་ལེན་གནང་མཁན་གྱི་གྲ་བཙུན་དང་འཆར་ཅན་གྱི་མང་ཚོགས་ཚོའི་ལུས་པོའི་སྟེང་གི་མེ་ལྕེ་འདི་སྤར་ཡོད། དེ་ཡང་ཉེ་དུས་བོད་ཁུལ་དུ་སྐྱོད་མྱོང་མཁན་བོད་རིག་པའི་མཁས་པ་Katia Buffetrille ནས་གསུངས་པ་བཞིན་ཀིརྟིདགོན་པར་དགེ་འདུན་པ་ཚོ་རེ་ཐག་གཏིང་ནས་ཆད་ཡོད་པ་རེད། གང་ཡིན་ཞེ་ན། ས་ཁུལ་དེའི་

གནས་སྟངས་མུ་མཐུད་ཇེ་སྡུག་རུ་ཕྱིན་པས་རེད། གཞུང་ཕྱོགས་ནས་དེར་དམིགས་པའི་ཐབས་ལམ་གཅིག་པུ་ནི་དྲག་གནོན་ཡིན་པ་དང་། འོན་ཀྱང་དྲག་གནོན་གྱི་བྱ་ཐབས་འདིས་གནས་སྟངས་ཛ་དྲག་ཏུ་གཏོང་རྒྱུ་ལས་མེད་པ་རེད། ངས་གསལ་པོ་གོ་ཐོས་བྱུང་བར། གལ་ཏེ་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་མ་ཕྱིན་པ་ཡིན་ཚེ། ད་དུང་དེ་མིན་གྱི་དགེ་འདུན་པ་མང་པོས་རང་སྲོག་བློས་གཏོང་གི་གྲ་སྒྲིག་ཡོད་པ་རེད་ཅེས་གསུངས་ཡོད།

10/18/2011 པེ་ཅིང་ནས།

གནས་ཚུལ་ཡོངས་ཁུངས http://www.sherab.org/?p=5124

Leave a Comment

Your email address will not be published. Required fields are marked *

*